ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཞང་ཞུང་སྨར་ཡིག་རྩིས་འཁོར་དུ་བཅུག་ཅིང་བཀྲམ་པའི་མཛད་སྒོ་སྤེལ་བ།
ཞང་ཞུང་སྨར་ཡིག་རྩིས་འཁོར་དུ་བཅུག་ཅིང་བཀྲམ་པའི་མཛད་སྒོ་སྤེལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། tibetmonk] [ཟླ་ཚེས། 12-06-29] [ཀློག་གྲངས། ]

བོད་ཆུ་འབྲུག་ལོའི་ཟླ༥ཚེས་༡༡༼སྤྱི་ལོ༢༠༡༢་༦་༢༩༽ཉིན་༧བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་༼བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་
ཡིག་གཟུགས་༽རྩིས་འཁོར་དུ་བཅུག་ནས་བཀྲམ་པའི་མཛད་སྒོ་སྤེལ་བ་རེད།

༧མཁན་སློབ་རྣམ་གཉིས་ནས་ཞང་ཞུང་སྨར་ཆུང་ཡིག་གཟུགས་བཀྲམ་པའི་རྟེན་འབྲེལ་གྱི་དར་ཡོལ་དབུ་འབྱེད་གནང་བཞིན་པ།

   དེ་ཡང་ཚོགས་ཐོག་ཏུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་མཆོག་གཙོས་པའི་ཟིང་ཆུ་ཁོག་གི་དགོན་སྡེ་ལྕགས་མདུད་དགོན་གྱི་དབུ་བླ་ཟླ་བ་རྒྱལ་མཚན་དང་། རིན་སྤུངས་དགོན་གྱི་མཆོག་སྤྲུལ་བླ་མ། སྣང་ཞིག་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱང་ཚང་དགོན་གྱི་དབུ་བླ་གཡུང་དྲུང་དགེ་ལེགས་མཐར་ཕྱིན། དགའ་མལ་དགོན་གྱི་དབུ་བླ་ཁྱུང་ཚ་མཁྱེན་རབ་བརྩེ་ཆེན། ཁོད་སྤུངས་དར་རྒྱས་དགོན་གྱི་བླ་མ་ཚེ་དབང་གཡུང་དྲུང་སོགས་དབུ་བླ་དང་མཁན་པོ་དགེ་བཤེས་སྤྲུལ་སྐུ་སོགས་མི་སྣ་ཉི་ཤུ་ལྷག་ལྷན་འཛོམས་ཀྱིས་ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་༼ཧི་མ་ལ་ཡའི་བོན་༽དྲ་ཚིགས་སུ་ནང་འཇུག་བྱེད་པའི་ཚོགས་འདུ་འཚོགས་པ་དང་། དང་ཐོག་༧མཁན་སློབ་རྣམ་གཉིས་ནས་ཞང་ཞུང་སྨར་ཆུང་ཡིག་གཟུགས་བཀྲམ་པའི་རྟེན་འབྲེལ་གྱི་དར་ཡོལ་དབུ་འབྱེད་གནང་བ་དང་།
 དེ་ནས་ཡིག་གཟུགས་བཟོ་སྐྲུན་གྱི་འགན་འཛིན་པ་ཨ་དཔལ་བཟང་དང་རིན་སྤུངས་ཚུལ་བསྟན་གཉིས་ནས་ཡིག་གཟུགས་རྩིས་འཁོར་དུ་བཅུག་པའི་ལས་རིམ་ཁག་ངོ་སྤྲོད་དང་དམིགས་ཡུལ་སོགས་མཚམས་སྦྱོར་བྱས།

དེ་ནས་༧མཁན་ཆེན་རིན་པོ་ཆེ་ནས་སྨར་ཡིག་རྩིས་འཁོར་དུ་བཅུག་པ་འདིས་སྤྱི་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་བསྟན་ལ་ཡང་ཕན་འབྲས་གང་ལེགས་ཐོན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་བ་དང་།


༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་དར་དཀར་སྒྲོན་བཞིན་པ།

༧ དཔོན་སློབ་ཤེས་རབ་མཐར་ཕྱིན་མཆོག་གིས་དར་དཀར་སྒྲོན་བཞིན་པ།

ཁྱད་དུ་༧མཁན་སློབ་རྣམ་གཉིས་ནས་བཟོ་སྐྲུན་པ་གཉིས་ལ་བཀྲ་ཤིས་ཀྱི་དར་དཀར་སྒྲོན་པ་དང་། གཞན་དགོན་ཁག་སོ་སོའི་བླ་མ་དང་སྤྲུལ་སྐུ་སོགས་ནས་ཀྱང་རྟེན་འབྲེལ་གྱི་དར་དཀར་སོགས་སྒྲོན་པ་རེད།


རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་ཀྲུའུ་རེན་ལགས་ནས་བཟོ་སྐྲུན་པ་ལ་ལེགས་སྐྱེས་ཕུལ་བཞིན་པ།

གཞན་ཡང་དགོན་ཁག་སོ་སོའི་བླ་སྤྲུལ་དང་མཁན་པོ་སོགས་ནས་སྨར་ཡིག་རྩིས་འཁོར་དུ་བཅུག་པའི་ཕན་འབྲས་སོགས་ཀྱི་ཐད་ལ་བཀའ་སློབ་དང་བགྲོ་གླེང་སོགས་ཟབ་རྒྱས་སུ་གནང་སྟེ་མཐར་༧བླ་གྲྭ་ལྷན་རྒྱས་ནས་གཡུང་དྲུང་བསྟན་པའི་རྒྱས་པའི་སྨོན་ལམ་གསུངས་ནས་རྒྱལ་ཁའི་ངང་དུ་མཛད་སྒོ་མཇུག་རྫོགས་པ་རེད། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག