བོད་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་ཁྲོད་བན་ཤུལ་དཔལ་མཁར་རྒྱལ་གྱི༼བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག༽
དཔྱད་རྩོམ་ལ་དམ་བཅའ་བཞག་པའི་གནས་ཚུལ།
རྩོམ་པ་པོས་རྩོད་རྒྱུགས་ཀྱི་དྲི་བར་ལན་འདེབས་བཞིན་པ།
སྤྱི་ལོ༢༠༡༡ལོའི་ཟླ༦ཚེས༡༦ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་ནས་ཤེས་རམས་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་དམ་བཅའ་གཟབ་རྒྱས་ངང་ཚོགས་ཡོད། དེར་བན་ཤུལ་དཔལ་མཁར་རྒྱལ་གྱི་དཔྱད་རྩོམ་༼བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག༽ཅེས་པར་ཆེས་ཕུལ་དུ་བྱུང་བའི་རིག་གཞུང་དཔྱད་རྩོམ་དུ་འདེམས་ཐོན་བྱུང་ཡོད། དཔྱད་རྩོམ་འདིར་བསྡོམས་པས་ཡིག་འབྲུ་ཁྲི་སུམ་ཅུ་སོ་དགུ་ཡོད་ལ་ལུང་འདྲེན་ཡིག་ཆ་ཤིན་ཏུ་དཀོན་གྲས་སུམ་བརྒྱ་བཞི་བཅུ་ལྷག་ཡོད། དཔྱད་རྩོམ་འདིས་བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག་ལ་ཁ་སྐོང་དང་རྒྱལ་ཡོངས་བོད་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་གྱི་ཚད་ཐིག་ལས་བརྒལ་བའི་སྡོམ་ཚིག་བཞག་ཡོད་ཅེས་ཆེད་མཁས་པ་ལྔ་ཡིས་དཔྱད་བརྗོད་རྒྱ་ཆེར་བཀོད་ཡོད།
ཡིག་འབྲུ་ཁྲི་སུམ་ཅུ་སོ་དགུའི་བདག་ཉིད་དུ་གྱུར་བའི་དཔྱད་རྩོམ།
རྩོད་རྒྱུགས་ཚོགས་རྭའི་ཟུར་གཅིག
ནང་དོན་གནད་བསྡུས།
བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་ནི་གནའ་རབས་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་པའི་བརྗོད་བྱ་འབའ་ཞིག་ཡིན་ལ་འདི་ནི་གདོད་མའི་མིའི་རིགས་ཀྱི་ན་སོ་ཤིན་ཏུ་ཕྲ་བའི་བསམ་བློའི་ས་བོན་བརྒྱུད་ནས་འཚར་ལོང་བྱུང་བ་ཞིག་ཡིན། གནའ་རབས་སྲིད་པའི་ཡུལ་ལུགས་ཀྱི་མི་སྐྱའི་ཁོར་ཡུག་རྣམས་ལས་སྲིད་པའི་སྒོང་སྐྱེས་ལྟ་བ་འདིའི་མྱུ་གུ་འབུས་ཤིང་རིམ་བཞིན་བོན་གྱི་ཆོས་ལུགས་རིག་གནས་ཀྱི་ཁྱིམ་རྭའི་ཁྲོད་ནས་འབྲས་བུ་རྣམ་པར་སྨིན་པ་ཞིག་རེད། དེར་བརྟེན་བོན་གྱི་སྒོང་སྐྱེས་ལྟ་བ་ནི་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་བོན་པོའི་ཆོས་ལུགས་དར་ཁྱབ་ཆེ་བའི་ས་ཁུལ་འགའ་ཞིག་ནས་གཞི་རྐང་ཚུགས་ཡོད་ནའང་རེ་ཞིག་གནའ་རབས་རྒྱ་གར་གྱི་ནང་བའི་ལྟ་གྲུབ་རྣམས་རིམ་བཞིན་ཧི་མ་ལ་ཡའི་འདབ་འབྲེལ་གྱི་རྒྱལ་ཕྲན་དག་ལ་དར་ཤུགས་ཆེན་པོ་བྱུང་སྟབས་རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བ་འདི་གཉིས་ཀྱི་འགལ་འདུའི་གདོང་ཐུག་གི་ཁྲོད་ནས་གནའ་བོའི་བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་དེ་རྣམས་རེ་ཞིག་མེད་བརླག་ཏུ་འགྲོ་བའི་འགོ་བརྩམས་ནས་དུས་ཡུན་གང་འཚམས་ཤིག་ཕྱིན་ཡོད་པ་རེད། དེ་འདྲའི་གནས་ཚུལ་གྱི་འོག་ནས་ང་ཚོས་གནའ་རབས་རིག་གནས་དེའི་རྗེས་ཤུལ་ལ་ཉམས་ཞིབ་དང་འཚོལ་རྟོགས་བྱེད་རྒྱུ་ནི་ཆེས་དོན་སྙིང་ལྡན་པའི་རིག་གནས་ཞིབ་འཇུག་གི་ལས་ཀ་ཡག་ཤོས་ཤིག་ཏུ་བརྩིས་ཆོག་པ་ཞིག་རེད་སྙམ།
དཔྱད་རྩོམ་འདིར་རྩ་བའི་ལེའུ་ལྔ་ཡོད་པ་དང་དཔྱད་རྩོམ་མཐར་ཆགས་སུ་བསྡོམས་ན་ཡིག་འབྲུ་ཁྲི་སུམ་ཅུ་སོ་དགུ་ལྷག་ཡོད་ལ་ལེའུ་དང་པོའི་ནང་དུ་གཙོ་བོ་སྔ་རབས་སྲིད་པའི་ཡུལ་ལུགས་དང་བོན་ལུགས་རིག་གནས་ཁྲོད་དུ་སྒོ་ང་ཅི་རིགས་ཤིག་བྱུང་བ་རྣམས་ཀྱི་ཁྱད་ཆོས་དང་ནུས་པ་སོགས་ལ་དཔྱད་བསྡུར་བརྒྱུད་ནས་བོན་གྱི་སྒོང་སྐྱེས་ལྟ་བའི་ཁྲོད་ཀྱི་སྒོ་ངའི་གོ་དོན་དངོས་དང་དེའི་འཇུག་ཡུལ་དུ་གྱུར་བའི་གོ་དོན་བྱེ་བྲག་པ་ཁ་ཤས་ལ་ཉམས་ཞིབ་དང་དེ་ལྟ་བུའི་སྒོ་ང་རྣམས་དང་འབྲེལ་བའི་གནའ་རབས་བསམ་བློའི་འབྱུང་གཞིའམ་སྒོང་སྐྱེས་ལྟ་བའི་དུས་རིམ་དབྱེ་སྟངས་སོགས་ལ་ཞིབ་འཇུག་བྱས་ནས་དེའི་སྐོར་གྱི་རྩ་བའི་གནས་ཚུལ་ཁག་ཅིག་ངོ་སྤྲོད་བྱས་ཡོད། ལེའུ་གཉིས་པའི་ནང་དུ་གཙོ་བོ་བོན་གྱི་སྒོ་ང་རྣམས་ལས་བྱུང་བའི་གཏམ་རྒྱུད་རིགས་མི་འདྲ་བ་ཁག་ལ་དབྱེ་ཞིབ་བརྒྱུད་ནས་དེ་དག་གི་བརྗོད་བྱ་དོན་གྱི་འབྲས་བུ་ལྟར་ཁག་བཞིར་རིགས་དབྱེ་བྱས་ཏེ་ཡུལ་ལུགས་ཀྱི་ངག་རྒྱུན་དང་བོན་ལུགས་ཀྱི་བསྟན་བཅོས་དག་ལས་ཇི་ལྟ་བ་བཞིན་བྱུང་བའི་གནས་ཚུལ་རྣམས་རེ་རེ་བཞིན་གསལ་བཤད་བྱས་ཡོད་ལ་འདིས་བོན་གྱི་སྒོང་སྐྱེས་ལྟ་བ་ལས་བྱུང་བའི་གཏམ་རྒྱུད་ཁག་གི་དབྱེ་རིམ་གསལ་བའི་ཐད་དུ་རྒྱབ་དཔུང་བྱེད་ཐུབ་པར་རེ་བ་འདོན་བཞིན་ཡོད། ལེའུ་གསུམ་པའི་ནང་དུ་གཙོ་བོ་སྒོ་ང་ལས་གྲོལ་བར་བཤད་པའི་འཇིག་རྟེན་གྱི་ཕྱི་སྣོད་ཆགས་སྟངས་སྐོར་ལ་བགྲོ་གླེང་དང་ཉམས་ཞིབ་བྱས་ཡོད་པ་སྟེ་འཇིག་རྟེན་གྱི་གོ་འབྱེད་པའི་གྲོགས་སུ་ཤར་བའི་བོན་ལུགས་ཀྱི་ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་དང་གནའ་བོའི་སྲིད་པའི་ཡུལ་ལུགས་ཀྱི་དུས་སྐབས་སུ་བྱུང་བའི་འཇིག་རྟེན་བྱེད་པོ་ཕྱྭ་ཡེ་མཁྱེན་ཆེན་པོ། སྲིད་པ་ཁྲི་རྒྱལ་ཁུགས་པ་དང་གསེར་གྱི་རུས་སྦལ་སེར་བོ། འཇིག་རྟེན་གྱི་གྲུབ་རྒྱུ་འབྱུང་བ་ལྔ་སོགས་འཇིག་རྟེན་ཕྱི་སྣོད་ཀྱི་གྲུབ་ཚུལ་ཐད་ནས་བྱུང་བའི་ལྟ་བ་མི་འདྲ་བ་ཁག་ལ་རེ་རེ་བཞིན་དབྱེ་ཞིབ་བྱས་ནས་གསལ་བོར་ངོ་སྤྲོད་བྱས་ཡོད་ལ་དེ་དག་རེ་རེ་ནས་སྡོམ་ན་གནའ་རབས་ཕྱི་སྣོད་འཇིག་རྟེན་གྲུབ་སྟངས་ཀྱི་སྐོར་ལ་གོ་བ་གང་འཚམས་ཤིག་ ལེན་ཐུབ་པར་དམིགས་པ་གཏད་ཡོད། ལེའུ་བཞི་བར་གཙོ་བོ་གནའ་རབས་མིའི་རིགས་ཀྱི་འཚོ་བར་དྲོད་སྣང་དང་ཤེས་རིག་གི་སྣང་བ་གསར་དུ་ཕྱེ་བའི་དཀར་བོ་འོད་ཀྱི་ལྟ་བའི་སྐོར་དང་ལྟ་བ་དེའི་མཛེས་སྡུག་གི་ཁྲོད་ནས་བྱུང་བའི་ལྷ་སྒྲུང་གི་གནས་ཚང་དྲོན་མོར་མིའི་རིགས་ཐོག་མར་བསྐྱེད་མཁན་གྱི་སྲིད་པའི་སྟང་དབྱལ་ཡབ་ཡུམ་གཉིས་ཀྱི་འཁྲུངས་རབས་དང་དཀར་བོ་འོད་ཀྱིས་ཡུན་རིང་བསྐྱངས་བའི་འགྲོ་བ་མིའི་རིགས་ཀྱི་ས་བོན་ཐོག་མ་སྟེ་སྨོན་པའི་མི་བོ་ལུམ་ལུམ་དང་དེའི་འགྱུར་རིམ་བརྒྱུད་ནས་འཚར་ལོང་བྱུང་བའི་བོད་ཀྱི་མི་བུ་རུས་བཞི་སོགས་མདོར་ན་ནང་བཅུད་སེམས་ཅན་ཚུལ་ཇི་ལྟ་བུའི་སྒོ་ནས་བྱུང་སྟངས་ཀྱི་རྩ་བའི་གནས་ཚུལ་སྐོར་ཞིག་ངོ་སྤྲོད་བྱས་ཡོད། ལེའུ་ལྔ་བ་འདིར་གཙོ་བོ་སྒོ་ང་ཅི་རིགས་ལས་བྱུང་བའི་ཡུལ་སའི་དཀར་བོ་ལྷ་དང་ནག་པོ་བདུད། བཙན་དང་ཀླུ། དམུ་དང་ཕྱྭ། ཐེའུ་བྲང་སོགས་ལ་འབྲེལ་བའི་གདོད་མའི་སྒོང་སྐྱེས་ལྷ་འདྲེ་རིག་གནས་ཀྱི་ལྟ་བ་དང་གནའ་རབས་དད་མོས་འདི་དག་གི་ཁྲོད་དུ་རྒྱུགས་ཆེ་བའི་ཆོ་གའི་རིག་གནས་ ཀྱི་སྲོག་ཤིང་དུ་མངོན་ཞིང་གནའ་བོའི་རྒྱལ་རབས་ལོ་རྒྱུས་ཀྱི་བརྗོད་བྱ་གཙིགས་ཆེ་བ་རྣམས་ལའང་འབྲེལ་བ་ཆེས་ཆེར་ཡོད་པ་འདི་དག་གི་བྱུང་བ་དང་དམིགས་བསལ་གྱི་ཆོ་གའི་གནས་ཚུལ་སོགས་གསལ་བོར་ངོ་སྤྲོད་བྱས་ཡོད།
འདིར་རེའུ་མིག་འགོད་པ་དང་པར་རིས་རྒྱག་པ་སོགས་དེང་རབས་རིག་གནས་གསར་བའི་ཞིབ་འཇུག་གི་ཐབས་ལམ་འགའི་ནུས་རྩལ་ལ་བརྟེན་ཞིང་གནའ་རབས་ཀྱི་ཡིག་ཆ་རྙིང་བ་ཁག་གི་དགོངས་པའི་ཉིང་བཅུད་བཏུས་ནས་བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་ངོ་སྤྲོད་བྱེད་པའི་དམིགས་འདུན་གཙོ་གྲས་སུ་བཟུང་སྟེ་དེའི་ཕྱོགས་སུ་འཇུག་པའི་དམིགས་པ་ཡུན་རིང་བསྐྱེད་པའི་ཉེར་ལེན་ལས་འབད་པ་བརྒྱ་ཕྲག་གིས་བྱས་པའི་གྲུབ་འབྲས་འདི་ཉིད་ཀྱིས་རིས་མེད་ཀློག་མཁན་ཁྲི་སྟོང་མང་པོ་གནའ་བོའི་སྒོང་སྐྱེས་ཀྱི་འཇིག་རྟེན་རྙིང་བ་ཞིག་ལ་ཡུལ་སྐོར་དུ་འཁྲིད་པའི་ལམ་ཐིག་ཅིག་བསྟན་ཡོད། ལམ་ཐིག་འདི་དག་བརྒྱུད་ནས་ཕྱིན་ན་ཁྱད་མཚར་བའི་གནའ་བོའི་རིག་གནས་ཀྱི་ལྟ་བ་དང་བསམ་བློ་དག་གིས་ཁྱོད་ལ་བློ་བསྐྱེད་དང་མིག་རྒྱ་བསྐྱེད་ཀྱང་སྲིད་དོ། །
བརྡ་ཆད་གཙོ་བོ། བོན། སྒོང་སྐྱེས། ལྟ་གྲུབ།
ཞེས་གངས་རིའི་ཤར་ཕྱོགས་ཀྱི་སློབ་གཉེར་བ་ཆེན་པོ་བན་ཤུལ་དཔལ་མཁར་རྒྱལ་ནས་
ཡུལ་མདོ་སྨད་ཀྱི་སྲིད་པའི་ལྷ་རྒན་ཨ་མྱེས་གླང་ཆེན་རི་བོའི་ལྷ་ཞོལ་གྱི་སྒོམ་ཁང་དཀར་བོ་སྒེར་གྱི་དཔེ་ཛོད་ཁང་ནས་ཕྱི་ལོ2011/1/26ཉིན་བྲིས་པ་དགེ་གྱུར་ཅིག་གུ།
དཀར་ཆག
སྔོན་འགྲོའི་གླེང་བརྗོད།
དང་པོ། ཞིབ་འཇུག་གི་དམིགས་ཡུལ་གྱི་སྐོར། / 1
གཉིས་པ། ཞིབ་འཇུག་གི་གནས་བབས་ཀྱི་སྐོར། / 8
གསུམ་པ། ཞིབ་འཇུག་གི་ཐབས་ལམ་གྱི་སྐོར། / 22
ལེའུ་དང་པོ། བོན་གྱི་སྒོང་སྐྱེས་ལྟ་བའི་ཁྱད་ཆོས་ཀྱི་སྐོར།
དོན་ཚན་དང་པོ། བོན་གྱི་སྒོང་སྐྱེས་ལྟ་བ་ལས་སྒོ་ངའི་གོ་དོན་གྱི་སྐོར། / 31
དོན་ཚན་གཉིས་པ། བོན་གྱི་སྒོང་སྐྱེས་ལྟ་བའི་བསམ་བློའི་འབྱུང་གཞིའི་སྐོར། / 44
དོན་ཚན་གསུམ་པ། བོན་གྱི་སྒོང་སྐྱེས་ལྟ་བའི་དུས་རིམ་གྱི་དབྱེ་སྟངས་སྐོར། / 49
ལེའུ་གཉིས་པ། བོན་གྱི་སྒོང་སྐྱེས་གཏམ་རྒྱུད་ཀྱི་རིགས་དབྱེའི་སྐོར།
དོན་ཚན་དང་པོ། ཕྱི་སྣོད་ཆགས་ཚུལ་གྱི་སྒོང་སྐྱེས་གཏམ་རྒྱུད་སྐོར། / 59
དོན་ཚན་གཉིས་པ། སྲོག་ཆགས་ཐོན་ཚུལ་གྱི་སྒོང་སྐྱེས་གཏམ་རྒྱུད་སྐོར། / 67
དོན་ཚན་གསུམ་པ། ལྷ་འདྲེའི་བྱུང་སྟངས་ཀྱི་སྒོང་སྐྱེས་གཏམ་རྒྱུད་སྐོར། / 75
དོན་ཚན་བཞི་བ། མིའི་རིགས་གྲོལ་ཚུལ་གྱི་སྒོང་སྐྱེས་གཏམ་རྒྱུད་སྐོར། / 84
ལེའུ་གསུམ་པ། བོན་གྱི་སྒོང་སྐྱེས་ལྟ་བ་ལས་ཕྱི་སྣོད་ཀྱི་བཀོད་པའི་སྐོར།
དོན་ཚན་དང་པོ། ནམ་མཁའ་སྟོང་ལྡན་ཕྱོད་གསུམ་རྗེ་ཡི་སྐོར། / 97
དོན་ཚན་གཉིས་པ། ཕྱྭ་ཡེ་མཁྱེན་ཆེན་པོའི་སྐོར། / 110
དོན་ཚན་གསུམ་པ། སྲིད་པ་ཁྲི་རྒྱལ་ཁུགས་པའི་སྐོར། / 123
དོན་ཚན་བཞི་བ། གསེར་གྱི་རུས་སྦལ་སེར་པོའི་སྐོར། / 133
དོན་ཚན་ལྔ་བ། ཡི་གེ་དཔའ་བོ་འབྲུ་ལྔའི་སྐོར། / 146
དོན་ཚན་དྲུག་པ། སྲིད་སྒོང་གི་ཕྱི་མོ་འབྱུང་ལྔའི་སྐོར། / 161
ལེའུ་བཞི་བ། བོན་གྱི་སྒོང་སྐྱེས་ལྟ་བ་ལས་ནང་བཅུད་སེམས་ཅན་གྱི་སྐོར།
དོན་ཚན་དང་པོ། དཀར་བོ་འོད་ཀྱི་ལྟ་བའི་སྐོར། / 171
དོན་ཚན་གཉིས་པ། སྟང་དབྱལ་གཉིས་ཀྱི་སྐོར། / 183
དོན་ཚན་གསུམ་པ། སྨོན་པའི་མི་བོ་ལུམ་ལུམ་གྱི་སྐོར། / 195
དོན་ཚན་བཞི་བ། མི་བུ་རུས་བཞིའི་སྐོར། / 208
ལེའུ་ལྔ་བ། བོན་གྱི་སྒོང་སྐྱེས་ལྷ་འདྲེ་དང་དེའི་ཆོ་གའི་སྐོར།
དོན་ཚན་དང་པོ། ལྷ་དང་ལྷ་མཆོད་ཀྱི་ཆོ་གའི་སྐོར། / 221
དོན་ཚན་གཉིས་པ། བདུད་དང་གླུད་གཏོང་གི་ཆོ་གའི་སྐོར། / 242
དོན་ཚན་གསུམ་པ། བཙན་དང་བཙན་མཆོད་ཀྱི་ཆོ་གའི་སྐོར། / 271
དོན་ཚན་བཞི་པ། ཀླུ་དང་ཀླུ་བཅོས་ཀྱི་ཆོ་གའི་སྐོར། / 287
དོན་ཚན་ལྔ་པ། དམུ་དང་དམུ་ཐག་འཆིང་བའི་ཆོ་གའི་སྐོར། / 307
དོན་ཚན་དྲུག་པ། ཕྱྭ་དང་གཡང་འབོད་ཀྱི་ཆོ་གའི་སྐོར། / 323
དོན་ཚན་བདུན་པ། ཐེའུ་བྲང་དང་ཐེའུ་བྲང་སྐྱས་འདེབས་ཀྱི་ཆོ་གའི་སྐོར། / 340
མཇུག་སྡོམ་གྱི་སྐོར།
དོན་སྡུད་པའི་མཇུག་སྡོམ་གྱི་སྐོར། / 359
ཟུར་བཀོད་ཀྱི་སྐོར།
ཟུར་བཀོད་དང་པོ། < བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག> ཅེས་པའི་སློབ་གནས་དཔྱད་རྩོམ་གྱི་ཁ་བྱང་སྙན་ཞུའི་སྐོར། [ཕབ་བཤུས] / 362
ཟུར་བཀོད་གཉིས་པ། སྲིད་པའི་མཛོད་ཕུག་རྩ་བར་བཟུང་ནས་བོན་གྱི་སྒོང་སྐྱེས་ལྷ་འདྲེ་ཡི་གྲོལ་ཁུངས་གསལ་བོར་བཀོད་པའི་རེའུ་མིག / 372
ཟུར་བཀོད་གསུམ་པ། དཔྱད་གཞིའི་ཡིག་ཆའི་སྐོར། / 387
མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་༣༧༥ཐད་གཏོང་ཁང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ད་ལོའི་ཞིབ་འཇུག་སློབ་མ་བན་ཤུལ་དཔལ་མཁར་རྒྱལ་ལ་༼ན་གཞོན་ལ་རིག་གཞུང་ཞིབ་འཇུག་གི་འགན་འཁྲི་དགོས་སམ༽ཞེས་བཅར་འདྲི་གནང་བའི་སྐོར།