ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> བརྙན་རིས། >> བརྙན་གཟུགས། >> དཔལ་འབར་རྡོ་རྗེའི་རྟེན་འབྲེལ་ཤིས་ཚིག
དཔལ་འབར་རྡོ་རྗེའི་རྟེན་འབྲེལ་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 11-07-04] [ཀློག་གྲངས། ]

 

 

དཔལ་འབར་རྡོ་རྗེ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་གླིང་གི་སློབ་དཔོན་ཆེན་མོ།
འབུམ་རམས་པ་དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན།

རྟེན་འབྲེལ་ཞུ་ཚིག

      ༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པའི་དཔེ་ཚོགས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་བཞིན་པ་ནི་རིག་གཞུང་ཞིབ་འཇུག་དང་མི་རབས་རྗེས་མ་གསོ་སྐྱོང་གང་གི་ཐད་ལ་ཡང་ཕན་རླབས་ཆེ་བའི་དོན་ཆེན་ཞིག་ལགས་པས། དེ་ནི་དགའ་འོས་ཤིང་རྟེན་འབྲེལ་ཞུ་འོས་པ་ཞིག་རེད།
      བོན་ཆོས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཡིན། དེའི་ནང་དུ་ཆོས་ལུགས་དད་མོས་ལས་གཞན། ད་དུང་ཆབ་སྲིད་དང་། བསམ་བློ། རྩོམ་རིག རིག་གནས། སྒྱུ་རྩལ། ཚན་རྩལ་སོགས་ཀྱང་འདུས་ཡོད་པས། བོན་གཞུང་ནི་བོད་རང་ས་ནས་བརྡོལ་བའི་རིག་གཞུང་ཀུན་འདུས་ཀྱི་གཞུང་ཆེན་ཞིག་ཡིན་ཞེས་བརྗོད་པར་འོས་སོ། །ཀྲུང་གོའི་མཁས་པ་ལུའུ་ཞུན་ལགས་ཀྱིས“ཀྲུང་གོའི་རིག་གནས་ཀྱི་རྩ་བ་ཚུགས་ས་ཏའོ་ལུགས་པ་ཡིན”ཞེས་གསུངས་པ་བཞིན། ང་ཚོས་ཀྱང་བོད་ཀྱི་རིག་གནས་ཀྱི་རྩ་བ་ཚུགས་ས་བོན་ཆོས་ཡིན་ཞེས་བཤད་ཆོག བོད་ཀྱི་རིག་གནས་ཀྱི་རྩ་བ་དང་རྨང་གཞིར་གྱུར་བའི་བོན་ཆོས་དེ་ཡང་ཆེས་ཐོག་མའི་དུས་རིམ་དང་། རྨང་བཏིང་བའི་དུས་རིམ། རིག་གནས་གཞན་དང་སྤེལ་རེས་བྱས་པའི་དུས་རིམ། རྩེར་སོན་གྱི་དུས་རིམ། རྒྱུན་མཐུད་ཀྱི་དུས་རིམ་བཅས་དུས་རིམ་མི་འདྲ་བ་མང་པོ་བརྒྱུད་མཐར། བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཐོག་ཏུ་བོད་བརྒྱུད་ནང་བསྟན་དང་མཉམ་གནས་ཀྱི་གནས་བབ་འདི་གྲུབ་ལ། ད་ལྟའི་བོན་ཆོས་ཀྱི་སྤྱི་ཚོགས་གནས་བབ་ནི་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པའི་དོན་དངོས་ཤིག་རེད། དོན་དངོས་འདི་མཚོན་པའི་བོན་གྱི་བསྟན་བཅོས་བགྲང་ལས་འདས་པ་མཆིས་པ་དེ་དག་ལ་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་བླ་ལྷག་ལྡན། དེ་བས། བོན་ཆོས་ནི་ཀྲུང་ཧྭའི་རིག་གཞུང་གི་སྡོང་ཆེན་འདིའི་ཐོག་ཏུ་འབུས་པའི་གཞུང་རྟ་གལ་ཆེན་ཞིག་རེད་ཅེས་བརྗོད་ཀྱང་ཆོག་གོ །
      དཔེ་ཚོགས་འདིའི་འཕྲེད་ངོས་ཀྱི་ནང་དོན་ལ་བལྟས་ན། འདིའི་ནང་དུ་བོན་གྱི་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ཆོ་ག་སྣ་ཚོགས་དང་། ལྷ་ཚོགས། བསམ་བློ་དང་ཉམས་ལེན་གྱི་སྐོར་འདུས་ཡོད་པར་མ་ཟད། བོན་གྱི་རིག་གནས་ཀྱི་ནང་དོན་མཚོན་པའི་བརྡ་སྤྲོད་དང་། གཏན་ཚིགས། བཟོ་གསོ། སྙན་ངག མངོན་བརྗོད། སྐར་རྩིས་སོགས་ཀྱི་ནང་དོན་ཡང་འདུས་ཡོད། དེར་བརྟེན། དཔེ་ཚོགས་འདི་ནི་བོན་གྱི་ཆོས་དང་རིག་གནས་མཐའ་དག་འདུས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ལྟ་བུ་ཞིག་རེད། དཔེ་ཚོགས་འདིའི་གཞུང་ངོས་ཀྱི་ནང་དོན་ལ་བལྟས་ན། བོན་ཆོས་ཀྱི་བྱུང་འཕེལ་དང་འགྱུར་ལྡོག་སོགས་ཀྱི་ལོ་རྒྱུས་དུས་རིམ་སོ་སོའི་ནང་དོན་ཁག་མཚོན་ཡོད་དེ། དཔེར་ན། གཡུང་དྲུང་བོན་གྱི་སྲོལ་འབྱེད་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་དང་། བོན་ཆོས་ཀྱི་ཐོག་མའི་གཞུང་ལུགས་དང་རྣམ་པ། གཡང་དྲུང་བོན་གྱི་བསམ་བློ་དང་སྒྲུབ་ཐབས་སོགས་འདུས་ཡོད་པ་དེས་བོན་གྱི་ཐོག་མའི་གནས་ཚུལ་དངོས་ཇི་བཞིན་མཚོན་འདུག གཞན་ད་དུང་བོན་གྱི་བསྡུས་གྲྭ་དང་བློ་རིག རྟགས་རིག་སོགས་གཏན་ཚིགས་ཀྱི་སྐོར་དང་། བྱང་ཆུབ་ལམ་གྱི་རིམ་པའི་སྐོར། ཐེག་ཆེན་དབུ་མའི་སྐོར། ཐེག་ཆེན་ཕར་ཕྱིན་གྱི་སྐོར། ཐེག་ཆེན་ས་ལམ་གྱི་སྐོར། འདུལ་བའི་སྐོར། ཐེག་པ་རིམ་དགུ་དང་རྫོགས་ཆེན་གྱི་སྐོར། གསང་སྔགས་རྒྱུད་དྲུག་གི་སྐོར། གསང་སྔགས་བཀའ་འགྲེལ་གྱི་སྐོར། གསང་སྔགས་མ་རྒྱུད་ཀྱི་སྐོར། རྫོགས་ཆེན་ཚད་མའི་སྐོར། རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར། རྫོགས་ཆེན་ཡང་རྩེ་ཀློང་ཆེན་གྱི་སྐོར། རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་སོགས་ཐེག་པ་ཆེ་ཆུང་དང་མདོ་སྔགས་བསྟན་བཅོས་སྣ་ཚོགས་ཀྱང་འདུས་སོ། ། 
      ཀྲུང་གོ་ནི་བོན་ཆོས་ཀྱི་ཕ་ཡུལ་ཡིན་པས་བོན་ཆོས་ཞིབ་འཇུག་གི་ལྟེ་གནས་སུ་འགྱུར་དགོས། ཡིན་ཡང་། ཁ་དཔེར“ལག་པ་བསྲིང་འདོད་ཀྱི་ཕུ་རུང་ཐུང་”ཟེར་བ་ལྟར། དུས་ཡུན་རིང་མོའི་ནང་དུ་བོན་ཆོས་ལ་ཞིབ་འཇུག་བྱེད་འདུན་ཡོད་པའི་བློ་མཐུན་ཁ་ཤས་བོན་ཆོས་ཀྱི་ཡིག་ཆ་དཀོན་པའི་དཀའ་ཁག་ལ་བསམས་ནས་ཕྱི་བཤོལ་བྱས་ཤིང་། ཁ་ཤས་ཞིབ་འཇུག་གི་གོམ་ཁ་དོག་པར་བརྟེན། རང་རྒྱལ་གྱི་བོན་ཆོས་ལོ་རྒྱུས་ཞིབ་འཇུག་དང་། གཞུང་གི་ཞིབ་འཇུག ཡིག་ཚགས་ཞིབ་འཇུག ཡང་ན་དུས་རིམ་སོ་སོའི་གནས་བབ་ཞིབ་འཇུག་གང་གི་ཆ་ནས་བལྟས་ཀྱང་། ཞིབ་འཇུག་འབྲས་བུ་གཡུར་དུ་ཟ་བ་བླངས་མེད་ལ། ཞིབ་འཇུག་གི་ཁྱབ་ཁོངས་མང་པོ་ཞིག་ད་རུང་སྟོང་ཆར་ལུས་འདུག་པས། དཔེ་ཚོགས་འདི་པར་སྐྲུན་བྱས་པ་ནི་བོན་ཆོས་ལ་ཞིབ་འཇུག་བྱེད་བཞིན་པའི་མཁས་པ་དག་ལ་མཚོན་ན་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལྟ་བུ་ཡིན་ཏེ། དཔེ་ཚོགས་འདིས་ཁོང་ཚོ་ལ་དོན་དངོས་དང་མཐུན་ཞིང་ཕུན་སུམ་ཚོགས་པའི་བོན་གྱི་ཡིག་ཆ་མཁོ་སྤྲོད་བྱེད་ཐུབ་ལ། བོན་གཞུང་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་བོན་གཞུང་ཡིག་ཆའི་ཆུ་གཏེར་ཆེན་པོ་འདིའི་འཇིངས་སུ་གང་ལ་གང་འདོད་ཀྱི་རིག་པའི་ནོར་བུ་འཚོལ་ཞིང་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ཏེ། བོན་ཆོས་ཞིབ་འཇུག་ལ་བྱས་རྗེས་ངེས་ཅན་འཇོག་ཐུབ་སྙམ། བོན་གྱི་དཔེ་ཚོགས་འདི་པར་སྐྲུན་བྱས་པ་བརྒྱུད་རང་རྒྱལ་གྱི་བོན་ཆོས་ཞིབ་འཇུག་དུས་རིམ་གསར་བ་ཞིག་ལ་སླེབས་པར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །

ཞེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་དཔལ་འབར་རྡོ་རྗེ་ནས།
སྤྱི་ལོ༢༠༡༠ལོའི་ཟླ༢པའི་ཚེས༡༥ཉིན་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག