རིགས་པའི་རྗེས་འབྲེང་གངས་ཅན་མཁས་པའི་ཁྲོད། །
དགོངས་འགྲེལ་མི་མཐུན་ཐོག་ཡོད་ཐོག་མེད་ལུགས། །
རིགས་ལམ་བརྒལ་རྟགས་ལམ་ནས་འདྲེན་མཛད་པའི། །
བསྟན་འཛིན་མཁས་གྲུབ་རྣམ་གཉིས་སྤྱི་བོར་མཆོད། །
ཐོག་ཡོད་སྨྲ་ལ་འགྲན་པའི་ཟླ་བྲལ་བ། །
རིགས་པའི་སེང་ཆེན་ལུང་རིགས་དབང་ཕྱུག་དང་། །
བྲུ་སྟོན་ཉི་རྒྱལ་འགྲོ་མགོན་བློ་གྲོས་སོགས། །
གཡས་རུའི་གསལ་བྱེད་རྣམས་ལ་གུས་ཕྱག་འཚལ། །
ཐོག་མེད་སྨྲ་ལ་དེ་བཞིན་ལུང་རིགས་ཀྱི། །
རྣོ་ངར་འབུམ་ལྡན་རྟགས་ཀྱི་རལ་གྲི་འཛིན། །
རྨེའུ་གདུང་འཛིན་མཁས་མཆོག་དཔལ་ཆེན་དང༌། །
རྒྱལ་སྲས་རིམ་བྱོན་རྣམས་ཀྱང་ལན་བརྒྱར་བསྔགས། །
ཞེས་ཁ་ཚིག་ཙམ་གྱི་སྨྲ་བ་བསྐྱུངས་ནས་གཉིས་མེད་ཟུང་འཇུག་གི་སྔོན་འགྲོའི་མཚམས་སྦྱོར་སྔོན་དུ་བཏང་སྟེ་དངོས་གཞིའི་གཞུང་བསྲིངས་པ་ལ་གསུམ། འཁོར་བའི་ཐོག་མ་ཡོད་པར་བཞེད་པ་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་དང་དེ་དག་གི་དགོངས་པའི་རྒྱ་མཚོར་འཁྲུངས་པའི་གཏན་ཚིགས་པད་མ་སྟོང་ལྡན་གྱི་ཚུལ་དུ་བཀོད་པ། འཁོར་བའི་ཐོག་མ་མེད་པར་བཞེད་པ་རྨེའུ་ཚང་གི་རིགས་པ་སྨྲ་བའི་ཁྱུང་ཆེན་དང་དེ་དག་གི་ཐུགས་ཀྱི་མཁའ་དབྱིངས་ནས་མཆེད་པའི་གཏན་ཚིགས་གནམ་ལྕགས་ཐོག་འབེབ་ཀྱི་ཚུལ་དུ་འཆད་པ། དེ་གཉིས་མདོ་རྒྱུད་སོ་སོ་དང་སྦྱར་ཏེ་བསྟན་དོན་འགལ་མེད་རང་ལུགས་ཚངས་པའི་ཐིག་ཤིང་གི་ལམ་ནས་འགྲེལ་བ་དང་གསུམ་མོ། །
འཁོར་བའི་ཐོག་མ་ཡོད་པར་འདོད་པ་དང་དེ་དག་གི་སྒྲུབ་བྱེད།
འཁོར་བའི་ཐོག་མ་ཡོད་པར་བཞེད་པ་ནི། ལུང་རིགས་ཀྱི་དབང་ཕྱུག་མཁས་པ་གཉོས་རྒྱལ། བློ་གྲོས་ཀྱི་བདག་ཉིད་བྲུ་སྟོན་ཉི་རྒྱལ། དྲི་མེད་ཀྱི་སྤྱན་ལྡན་བདུད་རྩི་རྒྱལ་མཚན། འཕྲིན་ལས་ཀྱི་རྒྱ་མཚོ་འགྲོ་མགོན་བློ་གྲོས། བསྟན་པའི་མངའ་བདག་རྗེ་བཙུན་ཆེན་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་བུ་དེ་རྣམས་ཡིན་ལ། དེ་ཡང་ཇི་སྐད་དུ། དམ་བཅའ་ངོ་བོ་འབྲས་བུ་གསུམ། །མི་འགྱུར་མི་ཤིག་གཞན་དབང་མིན། །ཞེས་ལུང་གིས་བསྔགས་པ་དེ་ལྟར། ཐོག་ཡོད་ཀྱི་དམ་བཅའ་ལ་འགྱུར་བ་མེད་པ། སྒྲུབ་བྱེད་གཏན་ཚིགས་ཀྱི་ངོ་བོ་ལ་རྟོག་གེའི་རིགས་པ་གང་གིས་ཀྱང་བཤིག་ཏུ་མེད་པ། གཞན་དབང་སྒྲོ་འདོགས་ཀྱི་དབང་དུ་མ་སོང་བར་རང་དབང་རྟགས་འཛིན་གྱིས་དྲངས་ནས་རང་འབྲས་རྟགས་ཅན་རྗེས་དཔག་བསྐྱེད་ནུས་པ་ཁོ་ནའོ། །
ད་ནི་གཞུང་དོན་བདེ་བླག་ཏུ་རྟོགས་པའི་དགོས་པ་ལ་དམིགས་ཏེ་སྒྲུབ་བྱེད་ཉིད་རྒྱས་པར་འཆད་པ་ལ། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྱོས་རྒྱལ་མཚན་གྱི་གསུང་«རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན»(p169,176)ལས། གསུམ་པ་འཁྲུལ་འཁོར་གྱི་རང་བཞིན་ལ། འོ་ན་ཐོག་མ་ཡོད་དམ་མེད་ཅེ་ན་འདིའི་ལན་ལ་གསུམ་སྟེ། གཞན་ལུགས་དགག་པ་དང་། རང་ལུགས་བསྒྲུབ་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཕལ་བ་ཁ་ཅིག་ན་རེ། ཐོག་མ་མེད་དེ། ཡིན་པར་ལུང་རིགས་གཉིས་ཀྱིས་གྲུབ་སྟེ། དང་པོར་ལུང་གིས་ངེས་ཏེ། འཁོར་བ་ཐོག་མ་མེད་པ་ནས། ཞེས་དང༌། ཐོག་མཐའ་མེད་པར་སེམས་ཀྱི་ངང་ལ་མཉམ། ཞེས་སོགས་གསུངས་པས་གྲུབ་ལ། རིགས་པས་ཀྱང་འཁོར་བ་བོན་ཅན། ཐོག་མ་མེད་དེ། རྒྱུ་མ་རིག་པ་ལ་ཐུག་པ་མེད་པའི་ཕྱིར། ཞེས་ཟེར་བ་ནི་མ་ཡིན་པས་གཉིས་ཏེ། སྒྲུབ་བྱེད་དགག་པ་དང༌། གནོད་བྱེད་བརྗོད་པའོ། །དང་པོ་ལ་ལུང་རིགས་གཉིས་ལས། དང་པོ་ལུང་ལས་ཐོག་མེད་དུ་གསུངས་པ་དེ། གཞི་ལས་འཁྲུལ་ནས་འཁོར་བར་འཁྱམས་པ་ནི་ཚོད་ཡིན། ཞེས་སེམས་ཅན་གྱི་བློས་མི་དཔོག་པ་ལ་དགོངས་ནས་གསུང་བའམ། ཡང་ན་སེམས་རྒྱུད་རིག་པ་འཁོར་བའི་གཞི་དེ་ཡ་མཐའ་མ་མཐའ་ཐུག་མེད་ལ་དགོངས་པ་ཡིན་གྱི་མ་རིག་འཁྲུལ་བ་ཡིན་པར་མ་གྲུབ་བོ། །ཐོག་མཐའ་མེད་པར་དུས་གསུམ་སེམས་ཀྱི་ངང་ལ་མཉམ་གསུངས་པ་དེ། སེམས་སྐྱེ་མེད་སྤྲོས་བྲལ་ཐོག་མཐའ་ཡོངས་ཀྱིས་སྟོང་བ་དེ་ཉིད་ལ་དུས་གསུམ་དུ་འཛིན་པའི་རྟོག་པ་སེམས་སུ་གྲོལ་བ་ལ་དགོངས་པ་ཡིན་གྱི། དེ་ལྟར་མིན་ན་སེམས་ཀྱི་ངང་ལ་མཉམ་པ་དང་འགལ་ལོ། །གཉིས་པ་རིགས་པའི་སྒྲུབ་བྱེད་ཀྱང་མེད་དེ། མ་རིག་པ་ལ་ཐུག་པ་མེད་པའི་ཕྱིར། ཞེས་པ་དེ་མ་རིག་པ་གཞི་ལས་བྱུང་ངམ། མ་རིག་པ་ཉིད་ལས་བྱུང་ངམ། དེ་ལས་གཞན་པ་ལས་བྱུང་ཅེས་བརྟག དང་པོ་ལྟར་ན་མ་རིག་པ་ཐུག་མེད་མ་ཡིན་པར་གྱུར་བ་ལས་ཁས་བླངས་ཉམས་ལ། གཉིས་པ་ལྟར་ན། གཞི་དང་མ་རིག་པ་ཐ་དད་དུ་འགྱུར་ལ། འདོད་ན་ཤེས་རྒྱུད་གཉིས་པར་འགྱུར་བ་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་འཆང༌། ཞེས་ལུང་ཚད་ལས་གསུངས་པ་དང་འགལ་ལོ། །གསུམ་པ་ལྟར་ན་ཡེ་ཤེས་ཉིད་མ་ཡིན་པར་འགྱུར་ཏེ། མ་རིག་པའི་གཞི་ཡིན་པའི་ཕྱིར། འདོད་ན་རང་འབྱུང་ཡེ་ཤེས་རང་བཞིན་ནི། རང་ལ་འཆར་བས་རང་ཡིན་ནོ། །ཞེས་བ་ག་མངོན་རྫོགས་ཀྱི་རྒྱུད་ལས་གསུངས་པ་དང༌། བོན་ཉིད་བདེ་ཆེན་སྣོད་ཡངས་ན། རྣམ་རྟོག་མི་མངའ་ཅིར་ཡང་གསལ། ཞེས་མ་རིག་པའི་སྐྱོན་གྱིས་མ་གོས་པར་གསུངས་པ་དང་འགལ་ལོ། །བཞི་བ་ལྟར་ན། དེ་དག་ལས་གཞན་པ་བེམ་པོ་ལས་འོས་མེད་པས། དེ་ལས་འབྱུང་བར་འགྱུར་ལ་རྟགས་མེད་ན་ཤེས་བྱ་ལ་བེམ་རིག་གཉིས་སུ་ཁ་ཚོན་ཆོད་ལ། རིག་པ་མ་རིག་པའི་རྒྱུར་ཁེགས་ཙམ་ན་བེམ་པོ་ལས་འོས་མེད་པས་ཏེ། གཉིས་ཀ་ཡིན་པའམ་མ་ཡིན་པ་མི་སྲིད་པའི་ཕྱིར་དང་། འདོད་པ་ལ་བེམ་རིག་རྫས་འགལ་བ་དང་མ་རིག་པ་ཐུག་མེད་ཉམས་སོ། །ཞེས་དང༌། གཉིས་པ་བརྟག་ན་མི་འཐད་པ་ལ། འཁྲུལ་འཁོར་ཐོག་མ་མེད་པ་དེ་འཁོར་བ་རྟག་པར་གནས་པས་སམ། གཞི་དང་དབྱེར་མེད་པས་སམ། མ་རིག་པ་ལ་ཐུག་པ་མེད་པས་ཡིན། དང་པོ་ལྟར་ན། ཤེས་བྱའི་རང་བཞིན་སྐད་ཅིག་མར་མི་གནས་པར་འགྱུར་ལ། འདོད་ན་ཕྱི་རོལ་རྟག་ལྟ་དང་ཁྱད་མེད་དུ་འགྱུར་རོ། །གཉིས་པ་ལྟར་ན། འཁྲུལ་བ་སྤང་གྲོལ་དུ་མི་བཏུབ་པར་འགྱུར་ཏེ། རང་བཞིན་དབྱེར་མེད་ཡིན་པས་སོ། །གསུམ་པ་ལྟར་ན། སྐྱེས་ཆའམ་འགག་ཆ་ལ་ཐུག་པ་མེད། ཅེས་དང་། «རྩ་འགྲེལ»(p162)ལས། གཉིས་པ་རང་ལུགས་ལ་བདག་ཉིད་ཆེན་པོའི་རྗེས་སུ་འབྲངས་ལ། འཁོར་བའི་དོན་གང་བྱེད་ལ་རག་ལས། དེ་ཡང་འཁོར་བའི་དོན་སེམས་རྒྱུད་རིག་པ་ལ་བྱེད་ན། ཐོག་མ་མེད་དེ། དེ་ལ་ཡང་ལུང་རིགས་གཉིས་ལས། ལུང་སྔར་དྲངས་པ་དང་། འདི་ཉིད་ལས། ཡོད་མེད་མ་ཡིན་རྟག་ཆད་མིན། སྐྱེ་འགག་མ་ཡིན་སྣང་སྟོང་མིན། ཞེས་གསུངས་པ་དང༌། རིགས་པས་ཀྱང་གཞི་སེམས་རྒྱུད་རིག་པ་བོན་ཅན། ཐོག་མ་མེད་དེ། ཡ་མཐའ་མ་མཐའ་ཐུག་མེད་དུ་གནས་པའི་ཕྱིར། ནམ་མཁའ་བཞིན། ཞེས་དང༌། ཡང་འཁོར་བའི་དོན་ཉོན་མོངས་མ་རིག་པ་ལ་བྱེད་ན། ཐོག་མ་ཡོད་པས་དེ་ཡང་ལུང་རིགས་གཉིས་ལས། ལུང་ནི་འབུམ་ལས། བོན་ཐམས་ཅད་སྲིད་པ་ལས་བྱུང༌། སྲིད་པ་རང་གི་རང་བཞིན་ལས་བྱུང༌། རང་གི་རང་བཞིན་ཐུགས་རྗེ་ཆེན་པོ་བྱིན་གྱིས་བརླབས། ཡེ་མ་སྐྱེས་སྐྱེ་བ་མེད་པ་གདོད་ནས་དག་པ་ལས་བྱུང༌། ཞེས་བྱ་བར་སེམས་ཅན་རྣམས་ལ་བོན་སྟོན་ཞེས་གསུངས་སོ། །རིགས་པས་ཀྱང༌། འཁྲུལ་བའི་འཁོར་བ་བོན་ཅན། ཐོག་མ་ཡོད་དེ། གཞི་སེམས་ཉིད་ཀྱི་ངང་ལ་སྐྱེ་འགག་བྱེད་པའི་ཕྱིར། ནམ་མཁའ་དང་གཞའ་སྤྲིན་བཞིན། ཞེས་གསུངས། «རྩ་འགྲེལ»(p175)ལས། བླ་མ་བདུད་རྩི་གསུང་གིས་ཁམས་གསུམ་སེམས་ཅན་སྤྱི་ཙམ་ལ་ཐ་མ་ཡོད་པ་ནི་ཁྱབ་པ་མེད་དེ། འཁོར་བ་སྟོང་བའི་བོན་མི་སྲིད་ཅེས་གསུངས་པ་དང་གང་ཟག་སྒོས་བཙན་ལ་ཐ་མ་ཡོད་པར་ཡང་འདོད་དེ། ཞེས་པའི་ཤུགས་བསྟན་སྤྱི་བཙན་དང་སྒོས་བཙན་གཉིས་ཀའི་དབང་དུ་བྱས་པའི་འཁོར་བའི་ཐོག་མ་ཡོད་པ་དང༌། སྒོས་བཙན་ལ་ཐ་མ་ཡོད་ཀྱང་སྤྱི་བཙན་ལ་ཐ་མ་མི་འདོད་པར་གསལ་ལོ། །«རྩ་འགྲེལ»(p175)ལས། གཉིས་པ་བརྟགས་ན་མི་འཐད་པ་སྤང་པ་ལ་གསུམ་སྟེ། འཁྲུལ་བ་རྒྱུ་མེད་དུ་ཐལ་བ་སྤང་བ་དང༌། འཁྲུལ་བ་གཞི་ལས་མ་བྱུང་བར་ཐལ་བ་སྤང་བ་དང༌། གཞི་ཆད་མཐར་ཐལ་བ་སྤང་བའོ། །དང་པོ་ནི་ཁ་ཅིག་ན་རེ། འཁོར་བ་མ་རིག་པ་དེའི་སྔོན་དུ་རྒྱུ་གཅིག་སྔོན་དུ་སོང་ངམ་མ་སོང༌། དང་པོ་ལྟར་ན། དེའི་ཡང་སྔོན་དུ་སོང་བས་རྒྱུ་ཐུག་མེད་དུ་འགྱུར་བས་ཐོག་ཡོད་ཉམས་ལ། གཉིས་པ་ལྟར་ན། རྟག་པར་འགྱུར་ཏེ། རྒྱུ་མེད་སྐྱེས་པས་སོ། །ཞེ་ན། འབྱུང་གཞིའི་རྒྱུ་སོང་ངམ་མ་སོང་ཟེར་རམ། ལྷན་སྐྱེས་མ་རིག་པའི་རྒྱུ་སོང་ངམ་མ་སོང་ཟེར་རམ། ཀུན་བརྟགས་མ་རིག་པའི་རྒྱུ་སོང་ངམ་མ་སོང་ཟེར། དང་པོ་སོང་སྟེ། བྱུང་གནས་ཐིམ་གཞི་བྱེད་པའི་ཕྱིར། འོ་ན་གཞི་རྒྱུ་ཡིན་པས་འཁྲུལ་བ་སྐྱེས་པའི་དུས་སུ་འགག་པར་འགྱུར་ལ། འདོད་ན། གཞི་འདུས་བྱས་སུ་འགྱུར་ཞེ་ན། བསྐྱེད་བྱ་སྐྱེད་བྱེད་དུ་འདོད་པའི་ཕྱིར་གྱི་རྟགས་མེད་ལ། སྙིང་པོ་རོལ་པར་འདོད་པའི་ཕྱིར་གྱི་ཁྱབ་པ་མེད་དོ། །གཉིས་པ་ལྟར་ན་ཀུན་བརྟགས་ལ་ལྟོས་ནས་སོང་སྟེ། མ་རིག་རྒྱུ་ལ་དུག་ལྔའི་རྐྱེན་དབང་གིས། འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་སྨིན། ཞེས་གསུངས་པ་དང་། ལྷན་སྐྱེས་ལ་ལྟོས་ནས་མ་སོང་སྟེ། དེ་ཉིད་ཁོ་ན་འཁྲུལ་བའི་རྒྱུ་ཡིན་ཏེ། རྒྱུ་རྐྱེན་བཞི་ལ་བརྟེན་ནས་འཁྲུལ་བས་སོ། །ཞེས་གསུངས། གཞི་བར་དོ་ཆེན་པོ་འཁོར་བའི་ཐོག་མ་འགོག་བྱེད་ཀྱི་རིགས་པ་ནི་འགྲོ་མགོན་མཛོད་འགྲེལ་དུ་རྒྱས་པར་གསལ་བས་དེར་གཟིགས་པར་མཛོད།
འཁོར་བའི་ཐོག་མ་མེད་པར་འདོད་པའི་ལུགས་དང་དེ་དག་གི་སྒྲུབ་བྱེད།
འཁོར་བའི་ཐོག་མ་མེད་པར་བཞེད་པ་ནི། མཁས་པར་གྲགས་པའི་ཞུ་མོ་ཆེ(མཚན་གཞན་སངས་རྒྱས་ཞུ་ཆེན)། མཁས་མཆོག་རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན། རྨེའུ་རྒྱལ་མཚན་མཆོག་ལེགས། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་བུ་དེ་རྣམས་ཡིན། གཞན་ཡང་རྨེའུ་ཚང་གི་གདན་ས་བ་ལྷ་རི་གཉེན་པོ་དང་དེའི་རྗེས་སུ་ཞུགས་པའི་བསྟན་འཛིན་སྤ་སྟོན་འོད་གསལ་རྒྱལ་མཚན་སོགས་ཀྱིས་འཁོར་བ་ཐོག་ཡོད་ཐོག་མེད་ཀྱི་གྲུབ་དོན་མཐར་ཐུག་གང་ཞིག་ཡིན་མིན་ཁ་ཚོན་གཅོད་མ་ནུས་སོ། །
སངས་རྒྱས་ཞུ་ཆེན་གྱི་ཐོག་མ་མེད་པའི་སྒྲུབ་བྱེད།
ཉིད་ཀྱིས་མཛད་པའི་«གབ་འགྲེལ་རིག་པའི་བང་མཛོད»(p262)ལས། འཁོར་བ་ཐོག་ཡོད་ཐོག་མེད་ལ་རྩོད་པ་སྤང་བ་དང༌། འཁྲུལ་བའི་གཞི་ཡོད་གཞི་མེད་ལ་རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་རིགས་དྲུག་གཅིག་ནས་གཅིག་ཏུ་འཁོར་བ་དེ་འཁོར་བ་ལ་ཐོག་མ་ཡོད་པའམ་མེད་པ་ལས་འཁོར་བ་ཡིན་ཞེ་ན། འདིའི་ལན་ལ་གཞན་ལན་དགག་པ་དང༌། རང་ལན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མ་ཡོད་པ་མ་རིག་པ་ཡིན་ཏེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དང་པོ་སྐྱེ་བའི་རྒྱུ་ནི་མ་རིག་པའི་ཞེས་པ་དང༌། ཉོན་མོངས་པའི་སྒྲིབ་པའི་རྒྱུ་ནི་མ་རིག་པ་ལས་བྱུང་བའོ་ཞེས་པའོ། །ཟེར་བ་མི་རིགས་པ་ལ་གསུམ་སྟེ། རིགས་པས་མི་འཐད། ལུང་དང་འགལ། ལུང་གི་དགོངས་པ་མ་ཡིན་པའོ། །དང་པོ་ནི་འཁོར་བའི་ཐོག་མ་གང་ཡིན་པ་དེ་ལ་རྒྱུ་ཡོད་དམ་མེད། གཉིས་པ་ལྟར་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པའམ་མེད་པ་ཐལ་བའི་ཕྱིར་རོ། །དང་པོ་ལྟར་ན་ཐོག་མེད་དུ་འགྱུར་ཞིང་འདོད་ན་སྔར་ཐོག་ཡོད་དུ་འདོད་པ་ཉམས་སོ། །ཡང་འཁོར་བ་ལ་ཐོག་མ་ཡོད་ན་ཐ་མ་ཡང་ཡོད་པར་འགྱུར་ཏེ་ཐོག་མ་དང་ཐ་མ་ལྟོས་འཇོག་ཡིན་པས་སོ། དེ་འདོད་ན་མདོ་ལས། ཐ་མ་མེད་པར་གསུངས་པ་དང་འགལ་ལོ། །གཞན་ཡང་སེམས་ཅན་གསར་དུ་སྐྱེ་བ་སྲིད་པར་འགྱུར་ལ་འདོད་ན་མུ་སྟེགས་སུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། འཁོར་བ་ཐོག་མ་མེད་པ་ནས་ཞེས་པ་དང༌། ཐོག་མ་དུས་མཐའ་ཅི་ཡང་མེད་པ་ནས་ཞེས་པ་དང༌། སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས་ཞེས་པ་དང་འགལ་བ་ཡིན་ནོ། །གསུམ་པ་ནི་མདོའི་དགོངས་པ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མ་མ་རིག་པ་ཡིན་པ་ལ་དགོངས་པ་ཡིན་གྱི་འཁོར་བ་ལ་ཐོག་མ་ཡོད་པ་ལ་དགོངས་པ་མ་ཡིན་ནོ། །གབ་པའི་དགོངས་པ་ཡང་ཉོན་སྒྲིབ་བཅུ་གཉིས་ཀྱི་ཐོག་ཏུ་མ་རིག་པ་ཡིན་པ་ལ་དགོངས་པ་ཡིན་གྱི་འཁོར་བའི་ཐོག་མ་ཡོད་པ་ལ་དགོངས་པ་མ་ཡིན་ནོ། །གཉིས་པ་རང་ལན་ནི། ཁམས་གསུམ་སྤྱི་བཙན་གྱི་འཁོར་བ་ལ་ཐོག་མཐའ་གཉིས་ཀ་མེད། གང་ཟག་སྒོས་བཙན་དུ་འཁོར་བ་ལ་ཐོག་མ་མེད་ཀྱང་ཐ་མ་ཡོད་དེ། ཞེས་སྒྲུབ་བྱེད་རྒྱས་པར་གསུངས། འགྲེལ་འདི་ལ་ཞིབ་ཏུ་གཟིགས་ནུས་ན་རིག་ལམ་འཕེལ་བའི་རྒྱུ་དང་ཤེས་ནས་ཐོབ་པའི་དད་པ་ལྡང་བར་བྱེད་པ་སྟེ། རབ་ཏུ་བསྔགས་པར་འོས་པ་ཞིག་ཏུ་སྣང་ངོ༌། །
མཁས་མཆོག་དཔལ་གྱི་འཁོར་བའི་ཐོག་མ་མེད་པའི་སྒྲུབ་བྱེད།
ཉིད་ཀྱིས་མཛད་པའི་«ཁམས་འགྲེལ་སྨད་ཆ་དབྱིངས་ཁམས་འགྲེལ»(p406)ལས། གསུམ་པ་གང་ནས་འཁྲུལ་གྱི་རྩད་བཅད་པ་ལ་གཉིས་ཏེ། འཁོར་བ་ཐོག་ཡོད་ནས་འཁྲུལ་བ་དང༌། ཐོག་མེད་ནས་འཁྲུལ་བ་གཉིས་སོ། །དང་པོ་ལྟར་ན། འཁོར་བའི་ཐོག་མ་ནི་གསུམ་སྟེ། བོན་སྐུ་ཐོག་མར་འདོད་པ་དང༌། སེམས་ཉིད་ཀུན་བཟང་ཐོག་མར་འདོད་པ་དང༌། བར་དོ་ཆེན་པོ་ཐོག་མར་འདོད་པ་གསུམ་ཡིན་ནོ། །ཐོག་མེད་དུ་འདོད་པ་ཡང་འཁྲུལ་བ་སྔ་མ་སྔ་མ་ལས་བྱུང་བས་ཐོག་མ་མེད་པ་དང༌། འཁྲུལ་བའི་རྩ་བ་མ་རིག་པ་ཡིན་ལ། དེ་གཞི་དང་ལྷན་ཅིག་སྐྱེས་པས་ཐོག་མ་མེད་པའོ། །ཡང་ན་གཞི་དག་པ་དེ་ལས་གནས་ལུགས་ཕྱིན་ཅི་ལོག་ཏུ་འཛིན་པའི་མ་རིག་པ་འབྱུང་ལ། མ་རིག་པ་དེ་དུས་འདི་ཙམ་ནས་འབྱུང་བར་མི་ནུས་པས་ཐོག་མ་མེད་པ་ཡིན་ནོ། །འདིར་འཁྲུལ་བའི་རྩ་བ་གཉིས་པ་དེ་ལས་ཀྱང་ཐོག་མ་མེད་པ་དེ་འཐད་པར་སྒྲུབ་པ་ཡིན་ཏེ། གལ་ཏེ་འཁོར་བ་ལ་ཐོག་མ་ཡོད་ན། དེའི་སྔོན་དུ་ཐོག་མ་དེ་སྐྱེད་པར་བྱེད་པའི་རྒྱུ་ཞིག་ཡོད་དམ་མེད། གཉིས་པ་ལྟར་ན། ཐོག་མ་དེ་རྒྱུ་མེད་རྐྱེན་མེད་ལ་མི་ལྟོས་ཕྱིར་རྟག་ཏུ་ཡོད་དམ་མེད་ཀྱི་རིགས་པས་གནོད་ལ། དང་པོ་ལྟར་ན། ཐུག་མེད་དུ་འགྱུར་རོ། །གཞན་ཡང་བོན་སྐུ་སེམས་ཉིད་འཁོར་བའི་ཐོག་མར་འདོད་པ་མི་རིགས་ཏེ། དེ་དག་འཁོར་བ་མ་ཡིན་པའི་ཕྱིར་དང༌། གཞི་དེ་ལས་འཁྲུལ་བ་བྱུང་བ་ཙམ་གྱིས་ཀྱང་ཐོག་མ་མི་གྲུབ་སྟེ། ད་ལྟར་གྱི་ཤེས་པ་བཞིན་ནོ། །དེས་ན་འཁྲུལ་བ་ནི་ཐོག་མ་མེད་པ་ནས་འཁྲུལ་བ་ཡིན་ནོ་ཞེས་བྱ་བ་ནི་ཐོས་པ་མང་བ་རྣམས་ཀྱི་གྲུབ་མཐའ་ཡིན་ནོ། །ཞེས་གསུངས་སོ། །
བསྟན་དོན་འགལ་མེད་དུ་སྒྲུབ་པ་དྲང་བརྗོད་ཚངས་པའི་ཐིག་ཤིང་།
མཐའ་ཅིག་ཏུ་འདི་བདེན་དང་འདི་མི་བདེན་ཞེས་དམར་ཐག་གཅད་དེ་བཤད་དཀའ་ན་ཡང༌། སྤྱིར་གནའ་རབས་བོན་གྱི་གྲྭ་ས་ཡ་བཞིའི་ནང་ཚན་མཁས་པ་རྨེའུ་ཚང་གི་སློབ་དཔོན་རྣམ་པས་འཁོར་བ་ལ་ཐོག་མ་མེད་པའི་བཞེད་སྲོལ་དང༌། རྒྱལ་བ་བྲུ་ཡི་གདན་ས་བ་གཡས་རུ་དབེན་ས་ཁ་ཡི་སྟོན་པ་རིམ་བྱོན་གྱིས་འཁོར་བ་ལ་ཐོག་མ་ཡོད་པའི་འཛིན་མཚམས་བཅས་ཏེ། བྲུ་རྗེ་དང་དཔལ་ཆེན་གཉིས་ནས་བཟུང་དགག་བཞག་སྤོང་གསུམ་གྱི་གད་རྒྱངས་ཆེ་ཆེར་སྒྲོགས་པའི་སྐབས་ཤིག་ཀྱང་བྱུང་མྱོང་ཡོད། གང་ལྟར་སྤང་ལམ་མཚན་ཉིད་ཐེག་པའི་ལུགས་ལ། འཁོར་བའི་ཐོག་མ་མེད་པས་མཁས་མཆོག་དཔལ་གྱིས་བཞེད་པ་ཡང་འཐད་ལ། སྔགས་སེམས་ཡང་རྩེ་བའི་ལུགས་ལ་འཁོར་བའི་ཐོག་མ་ཡོད་པར་གྲུབ་པས་བློ་གྲོས་ཆེན་པོ་ལ་སོགས་གཡས་རུའི་རིགས་པ་སྨྲ་བའི་བཞེད་སྲོལ་དེ་ཡང་ལེགས་པར་འཚམས་པ་ཡིན་ནོ། །དང་པོ་སྤང་ལམ་མདོ་ཡི་ལུགས་སུ་བྱས་ན། གྲོལ་འཁྲུལ་གྱི་གཞི་རང་རིག་ཡེ་ཤེས་དང༌། རྩ་བ་སྒྲ་འོད་ཟེར་གསུམ་ཞེས་སྣང་བ་ཆེན་པོ་གསུམ་དུ་གྲགས་པའི་གཞི་རྩལ་རོལ་གསུམ་གྱི་རྣམ་བཞག་དང༌། ལྷན་སྐྱེས་རླུང་གིས་གཡོ་ལྡང་ལས་སྣང་གསུམ་གྱི་བྱུང་རིམ། དེ་རང་སྣང་དུ་ངོ་འཕྲོད་མ་འཕྲོད་ལ་ལྷན་སྐྱེས་ཀྱི་མ་རིག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་འཇོག་མཚམས། དོན་དམ་དཔྱོད་བྱེད་དང་ཐ་སྙད་དཔྱོད་བྱེད་གང་གིས་ཀྱང་གཏན་ལ་འབེབ་ཏུ་མེད་ལ། ཐམས་ཅད་ལས་ཀྱི་དབང་གིས་ཀྱང༌། འཇིག་ཆགས་སྟོང་གནས་བཞི་བྱུང་བ། ཞེས་གསུངས་པ་ལྟར་གཟུགས་ནས་རྒ་ཤིའི་བར་གྱི་འཁོར་བའི་བོན་ཐམས་ཅད་ཀུན་བརྟགས་ཀྱི་མ་རིག་པ་ལས་བྱུང་བར་བཞེད་ཅིང༌། དེ་ཉིད་ཀྱང་ལས་ཉོན་ཚར་གཅིག་སྔོན་དུ་སོང་བ་ལ་བརྟེན་དགོས་པས་འཁོར་བའི་ཐོག་མ་མེད་པར་གྲུབ། སངས་རྒྱས་དང་སེམས་ཅན་གང་ཡང་མ་ཡིན་པའི་གང་ཟག་སྒོས་བཙན་པ་ཞིག་མི་སྲིད་ལ། བདག་མེད་མ་རྟོགས་པའི་སོ་སྐྱེ་དང༌། རྟོགས་པའི་ལས་དང་པོ་བ་ནས་བཟུང་རྒྱུན་མཐའི་བར་གྱི་གང་ཟག་ཐམས་ཅད་སེམས་ཅན་དང༌། སྒྲིབ་བྲལ་གྱི་ཡེ་ཤེས་མངའ་བའི་སྐྱེས་བུ་དེ་ལ་སངས་རྒྱས་སུ་འཇོག སེམས་ཀྱི་རྣམ་བཞག་ལ་ཡང་རགས་པའི་སེམས་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་དེ་ལས་ཕྲ་བ་ཉོན་ཡིད་ཤིན་ཏུ་ཕྲ་བ་ཀུན་གཞི་རྣམ་ཤེས་བཅས་རིག་པས་དཔྱད་པའི་ས་ཚུགས་དེ་ཙམ་ལས། དེ་ལས་ཀྱང་ཤིན་ཏུ་ཕྲ་བའི་ཕྲ་མོའི་གཉུག་སེམས་ཀྱི་ངོ་བོ་རང་འབྱུང་ཡེ་ཤེས་འཇོག་བྱེད་ཀྱི་ལུང་རིགས་ཀྱི་སྣོད་སྒྲོ་སྟོང་བར་གྱུར་བ་དང༌། ཤིན་ཏུ་ཕྲ་བའི་བོན་ཉིད་ཀྱི་དབྱིངས་རླུང་ལས་འཁོར་འདས་ཇི་ལྟར་གྱེས་ཚུལ་གྱི་ཟབ་གནད་དཔྱོད་པའི་ཤེས་རབ་ཀྱི་ཆུ་ཚད་རབ་ཏུ་དམན་པར་གྱུར་བས་ན། རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་འཁོར་བའི་ཐོག་མ་མེད་པར་སྨྲ་བ་ནི་ཐོས་པ་མང་བ་རྣམས་ཀྱི་ལུགས་དང་དངོས་ཡོད་ཀྱི་གནད་དོན་དང་འཚམས་པར་མཐོང་བས་མཆོག་གི་དགོངས་འགྲེལ་ཐེག་པ་འདི་ལ་སྦྱར་ན་ལེགས་པ་ཞིག་གོ །
བྱང་གཏེར་མངའ་བདག་ལྷ་རི་གཉེན་པོ་དང༌། །
བཤད་སྒྲུབ་སྲོལ་འབྱེད་མཁས་མཆོག་དཔལ་ཆེན་གྱི། །
རྗེས་སུ་ཞུགས་ཤིང་བསྟན་པའི་ཁུར་བཞེས་པའི། །
བསྟན་འཛིན་སྐྱེས་བུའི་ཚོགས་རྣམས་རྒྱལ་གྱུར་ཅིག །
བསྒྱུར་ལམ་སྔགས་དང་གྲོལ་ལམ་སེམས་ཕྱོགས་ཀྱི་ལུགས་ལ། གང་ཟག་སྒོས་བཙན་ལ་སྦྱར་ན། འཁོར་བའི་ཐོག་མ་ཡོད་ལ་ཐ་མ་ཡང་ཡོད་པ་དང་། སྤྱི་བཙན་ལ་ཐོག་མ་ཡོད་ཀྱང་ཐ་མ་མེད་པར་འདོད། སེམས་ཉིད་ཀུན་བཟང་དང༌། བོན་སྐུའི་བར་དོ་སོགས་འཁོར་བའི་ཐོག་མ་ཡིན་པར་འདོད་པ། གོང་དུ་བོན་གྱི་སྤྱན་ལྡན་རྣམ་གཉིས་ཀྱིས་རིགས་པས་སུན་ཕྱུང་ཟིན་པ་ཡིན་ལ། སླར་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར། ཀ་དག་བོན་སྐུའི་བར་དོ་འཁོར་བའི་ཐོག་མ་ཡིན་པར་འདོད་པ་མི་འཐད་དེ། དེའི་གནས་སྐབས་སུ་འཁོར་བ་མ་གྲུབ་པའི་ཕྱིར་རོ། །གྲོལ་དང་འཁྲུལ་བའི་དུས་བསྟན་པ། །ཕྱིའི་འབྱུང་བ་རང་སར་ཞིག །ནང་གི་འབྱུང་བ་བག་ལ་ཞ། །གཟུང་འཛིན་རྣམ་རྟོག་ཀློང་དུ་ཐིམ། །དེ་ཚེ་རིག་པ་གཅེར་བུར་གནས། །ཞེས་སེམས་ཕྱོགས་ཡང་གསང་གནས་ལུགས་ཕུགས་ཆོད་ཀྱི་གཞུང་དང༌། ཉོན་མོངས་བརྒྱད་ཅུ་རྩ་ལྔ་འགག་པ་ཡི། །ཉོན་མོངས་སྒྲིབ་པ་ཉིས་ཁྲི་བདུན་འབུམ་འབྱངས། །ཞེས་སྔགས་ཕྱོགས་ཀྱི་གཞུང་ལས་གསལ་བ་ལྟར་རོ། །ཡང་གནོད་བྱེད་ཀྱི་རིགས་པ་ཕྱོགས་གཅིག་ངོས་བཟུང་བ་ལ། དཔེར་ན། གང་ཟག་གི་ཐོག་མ་ཡིན་ན་གང་ཟག་ཡིན་དགོས། ཀ་བའི་ཐོག་མ་ཡིན་ན་ཀ་བ་ཡིན་དགོས། དེ་བཞིན་འཁོར་བའི་ཐོག་མ་ཡིན་ན་འཁོར་བའི་རྩ་བ་ཡིན་དགོས། འཁོར་བའི་རྩ་བ་ཡིན་ན་འཁོར་བའི་ས་བོན་ཡིན་དགོས། དེ་དག་ཉམས་སུ་ལེན་དུ་མི་རུང་བས་དོར་བྱ་ཁོ་ནའོ། །ཡང་རྣམ་པ་ཅིག་ཏུ་ན་དེའི་སྔ་རོལ་དུ་འཁོར་བ་སོང་བས་འཁོར་བའི་ཐོག་མ་ཡིན་པ་ཅི་ལ་མི་འགལ། འོ་ན་འཁོར་བའི་ཐོག་མ་གང་ཞིག་ལ་ངོས་བཟུང་བ་ཡིན་ཞེ་ན། ཀུན་བརྟགས་ཀྱི་མ་རིག་པ་ལ་བྱེད་ན་ཐོག་མ་ཡོད་གསུངས་པའི་རྗེས་སུ་འབྲེངས་ཏེ་འཆད་པར་འདོད་དོ། །དེ་ཡང་བར་དོ་སྔོན་སོང་དང་འཁོར་བ་སྔོན་སོང་གི་བཤད་པའི་ཚོགས་ལས་ཡོངས་སུ་བརྒལ་བ་ཞིག་ཡིན། གང་ཟག་རེ་རེའི་གྲོལ་གཞི་ཡང་མེས་ཆེན་པོ་ལས་རྩལ་གསུམ་གྱི་སྣང་བ་མ་གཡོས་པའི་གནས་སྐབས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་པའི་གཞི་གནས་ཀྱི་རིག་པ་ཟང་ཐལ་འདི་ཉིད་འཁོར་བའི་ཐོག་མ་མ་ཡིན། ལྷན་སྐྱེས་རླུང་གིས་གཡོ་ལྡང་ལས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བའི་ཚེ། སྒྲ་འོད་ཟེར་གསུམ་རང་སྣང་དུ་མ་ཤེས་གཞན་སྣང་དུ་འཛིན་པའི་འཁྲུལ་བློ་འདི་ཉིད། ལྷན་སྐྱེས་ཀྱི་མ་རིག་པ་ཡིན་ཀྱང་འཁོར་བའི་ཐོག་མ་མ་ཡིན་ནོ། །ད་ནི་འཁོར་བའི་ཐོག་མ་ངོས་བཟུང་བ་ལ། བླ་ཆེན་དྲན་པས་མཛད་པའི་ཁྱད་པར་གྱི་གདམས་པའི་གཞུང་ལས། རིག་པའི་ཀློང་ནས་རླུང་ཡན་ལག་བཞི་ལྡན་དུ་གཡོས་པ་ལས། འོད་དཀར་པོ་སེར་པོ་དམར་པོ་ལྗང་ཁུ་བཞི་རིམ་གྱིས་ཤར་ནས། ཞེས་དང་། དང་པོ་གཞིའི་གནས་ལུགས་ལས་སྲོག་ཏུ་གྱུར་བའི་རླུང་གཡོས་པས། འོད་ཤར་བའི་ཚེ། ཞེས་དང༌། ཀུན་ཏུ་བརྟགས་པའི་མ་རིག་པ་ནི། ཡིད་ཀྱི་འཁོར་ལོ་རྣམ་པ་བཞི་འགྱུས་ཏེ། དང་པོ་ཡིད་ཀྱི་དྲན་བྱེད་ཀྱི་ཚོར་བས། འོད་ཕྱི་མ་ནང་དུ་ཤར་བ་དྲན། ཀུན་ཏུ་འཚོལ་བའི་ཡིད་ཀྱིས་ཕྱི་ནང་གཉིས་སུ་བཅད། གཏན་ལ་འབེབ་པའི་ཡིད་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་གཏན་ལ་ཕབ། ངེས་པར་འཛིན་པའི་ཡིད་ཀྱིས་བཟུང་བྱའི་འོད་ཀྱི་ཡུལ་ལ་འཛིན་པ་རང་རྒྱུད་དུ་སྐྱེས་ཞེས་པ་འདི་འཁོར་བའི་ཐོག་མ་ཡིན་ལ། དེ་དུས་གང་ཟག་དེ་འཁོར་བ་པ་དང་དེའི་རྒྱུད་ལ་འཁོར་བ་ཐོག་མར་གྲུབ་པར་འདོད་དོ། །དེ་ཉིད་ལས་ཉོན་ཚར་གཅིག་སྔོན་དུ་མ་སོང་བས་འཁོར་བའི་ཐོག་མ་ཡིན་པར་གྲུབ། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་ཀུན་འབྱུང་སྔོན་དུ་མ་སོང་ཡང་སྐྱེད་བྱེད་ཀྱི་རྒྱུ་སྔོན་དུ་སོང་སྟེ། ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པ་དང༌། ལྷན་སྐྱེས་ཀྱི་མ་རིག་པ་གཞི་ལས་བྱུང་ཡང་གཞི་ལས་སྐྱེས་པ་མ་ཡིན་ཏེ། གཞི་ཉིད་སྐྱེད་བྱེད་མ་ཡིན་པའི་ཕྱིར། འོ་ན་གང་ལས་སྐྱེས་ཞེ་ན། ལྷན་སྐྱེས་ཀྱི་རླུང་སྲོག་རླུང་ཡན་ལག་བཞི་ལྡན་ལས་སྐྱེས་པར་འདོད་པས། རྒྱུ་མེད་ལས་སྐྱེ་བའི་ལོག་རྟོག་ཟློག་པར་འགྱུར་རོ། །མུ་སྟེགས་རྒྱང་འཕེན་པས། སེན་མ་དབུ་རིལ་དང༌། ཚེར་མའི་རྩེ་མོ་རྣོ་བ། སྤང་ནས་ཤ་མོ་བརྡོལ་བ་ཉིང་མཚམས་སྦྱར་བའི་ད་ལྟའི་རིག་པ་རྣམས་སྐྱེད་བྱེད་སྔོན་དུ་མ་སོང་བར་རྒྱུ་མེད་གློ་བུར་དུ་བྱུང་བར་འདོད་ལ། འདི་ནི་ངོ་བོ་འགྱུར་བྱེད་ཉེར་ལེན་སྔོན་དུ་མ་སོང་ཡང་སྐྱེད་བྱེད་ལྷན་སྐྱེས་ཀྱི་རླུང་སྔོན་དུ་སོང་བ་དང་འབྱུང་གཞི་ཟུང་འཇུག་ཆ་བཅས་ཀྱི་རིག་སྟོང་ལས་བྱུང་བར་འདོད་པས་ཁྱད་ཆེའོ། །གཞི་ཡང་མེས་ཆེན་པོ་ལས་བྱུང་བ་དང༌། ལྷན་སྐྱེས་ཀྱི་རླུང་ལས་སྐྱེས་པར་གྲགས་པའི་བཤད་སྲོལ་འདི་ནི། སེམས་ཕྱོགས་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཁྱད་བོན་བླ་ན་མེད་པ་ཞིག་དང༌། བསྟན་པ་སྔ་དར་གྱི་སྐབས་བླ་ཆེན་དྲན་པ་ནམ་མཁའ་དང༌། བསྟན་པ་ཕྱི་དར་གྱི་དུས་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཞིག་ཡིན་ནོ། །ཟབ་ཅིང་གཏིང་དཔག་དཀའ་བའི་གནད་དོན་འདི་དག་ལ། རེས་ཤིག་མཁས་པར་གྲགས་པ་རྣམས་ཀྱང་རབ་ཏུ་བསྔང་ཞིང་། ཆད་མཐར་ལྷུང་བར་དོགས་ནས་དགོངས་པའི་རྡུལ་ཕྲན་བརྩེགས། ཚིག་གི་ལྷན་པ་བཏབ། དོན་གྱི་འགག་རྩ་གཏོར། རེ་དོགས་ཀྱི་ཁུང་བུར་བརྒྱུད། རྟོག་བཟོའི་ཉག་ཐག་དྲངས་ཏེ་ཝ་སྐྱེས་སེང་གེའི་ངར་དབྱངས་སྒྲོགས་ཏེ་ཅི་དགར་གནས་པའི་ངང་ཚུལ་ཡང་མཐོང་ངོ༌། །
ཞར་འབྱུང་ལྷན་སྐྱེས་ཀྱི་མ་རིག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་ཞེས་པའི་གོ་དོན་དང་འཁོར་འདས་འཆར་རུང་གི་གཞི་དུས་དང༌། ཀ་དག་བོན་སྐུའི་བར་དོའི་གནས་སྐབས་སུ་ལྷན་སྐྱེས་ཀྱི་མ་རིག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་ཡོད་མེད་ལ་མཐའ་དཔྱོད་ཀྱི་རིག་པའི་མཆོད་སྤྲིན་ཞིག་འབུལ་ན། སྙན་རྒྱུད་དང་དྲན་པའི་འགྲེལ་སོགས་ཕལ་ཆེར་ལས་ལྷན་སྐྱེས་ཞེས་པ་འདི་ཡང་འོད་དང་ལྷན་སྐྱེས་ལས། གཞི་དང་ལྷན་སྐྱེས་མིན་པར་འདོད་ལ། གཞི་དང་ལྷན་སྐྱེས་ཡིན་ན་འཁྲུལ་བ་གྲོལ་དུ་མི་བཏུབ་པར་འདོད་དོ། །སྤྱན་ལྡན་ཆེན་པོས་རིག་པའི་ཡེ་ཤེས་དང་ལྷན་སྐྱེས་གསུངས་པ་ནི། རིག་པ་དང་མ་རིག་པ་དུས་མཉམ་པའི་དོན་མ་ཡིན་པ་རྟོགས་དང་མ་རྟོགས་པའི་ཚུལ་དུ་འདོད་པ་ཉིད་ཀྱི་འགྲེལ་ལས་ཤིན་ཏུ་གསལ་ལོ། །གཉིས་པ་སྤྱི་བཙན་དང་སྒོས་བཙན་གྱི་འཁོར་འདས་འཆར་རུང་གི་གཞི་དུས་དང་འཁོར་བ་གྲུབ་ཟིན་པའི་རྗེས་ཀྱི་ཀ་དག་བོན་སྐུའི་བར་དོའི་གནས་སྐབས་སུ་ལྷན་སྐྱེས་ཀྱི་མ་རིག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་ཡོད་དམ་མེད་ཅེ་ན། འདིའི་ལན་ལ་བླ་ཆེན་ཉིད་ཀྱིས་མཛད་པའི་«ཁྱད་པར་གྱི་གདམས་པ»(p245)ལས། དེ་ལ་བརྩད་པ་མ་རིག་པ་མེད་ན་གཞི་དེ་མཁྱེན་པའི་ཡེ་ཤེས་སུ་ཐལ་སྙམ་ན། ཤེས་བྱའི་ཡུལ་ཡོད་ན་དེ་མ་ཤེས་པས་ན་མ་རིག་པ་ཡོད་ལ། གཞི་དེ་ལ་ཤེས་བྱའི་འཁོར་འདས་དངོས་སུ་མེད་པས་དེ་མ་ཤེས་པའི་མ་རིག་པ་ཡང་མེད་དོ། །དཔེར་ན་མདུན་འདི་ན་སྟག་མགོ་དགུ་བ་གཅིག་ཡོད་ན་དེ་རིག་པས་མ་མཐོང་ན་མ་རིག་པ་ཡོད་པར་འཐད་ལ། སྟག་དེ་མེད་པས་དེ་མ་མཐོང་བའི་མ་རིག་པ་ཡང་མེད་པས་ཐལ་བའི་སྐྱོན་མེད་དོ། །ཡེ་ཤེས་མེད་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། དེའི་གནས་སྐབས་སུ་ཤེས་པར་བྱ་བའི་སྣང་གསུམ་མ་གྲུབ་པས་དེ་རང་སྣང་དུ་མ་ཤེས་གཞན་སྣང་ཡིན་པར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པ་ཡང་མེད་ལ་དེ་རང་སྣང་དུ་ཤེས་པའི་རྩལ་ཤར་གྱི་རིག་པ་ཡང་མེད་དོ། །དེ་དག་ནི་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་དང་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་དག་གི་དགོངས་བཞེད་འཁྲུལ་མེད་དུ་འདུག་སྙམ་ནས་བཀོད་པ་ལས་ཆགས་སྡང་དང་འགྲན་རྩོད་ཀྱི་ཆེད་དུ་མ་ལགས། འགལ་འཁྲུལ་མཆིས་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྗེས་ཉེས་ཚོགས་དག་པར་མཛད་དུ་གསོལ་ཞེས་དང༌། དོན་བདེན་སྙམ་ན་ཀུན་གྱིས་སྤྱན་གཟིགས་ཀྱི་ཚུལ་དུ་བསྐུལ་བས་དཔྱད་པའི་སྒོ་ཡངས་པོར་ཕྱེས་པའི་རྣམ་དཀར་གྱི་དགེ་ཚོགས་ཤིག་ཏུ་འགྱུར་བའི་གཤིས་སྨོན་ཞུ།
ཐུན་མིན་བོན་གྱི་དགོངས་འགྲེལ་མཐའ་ཡས་པ། །
རིགས་པའི་ལམ་ནས་སྲང་ལ་འཇལ་མཁས་ཤིང༌། །
མི་ཟད་བློ་གྲོས་སྤོབས་པ་ཡོངས་རྫོགས་པའི། །
མི་ནུབ་བོན་གྱི་རྒྱལ་མཚན་ཁྱེད་ལ་བསྟོད། །
སྤྱི་ལོ་2012ཟླ་བ་10ཚེས་18ལ།
2012ལོའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་དྲངས།