ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> འབྱུང་བའི་མིང་ལས་འཕྲོས་པའི་ཞང་ཚིག་སྐོར།
འབྱུང་བའི་མིང་ལས་འཕྲོས་པའི་ཞང་ཚིག་སྐོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆོས་འཁོར་ཚང་ཉི་མ་འོད་ཟེར།] [ཟླ་ཚེས། 10-07-06] [ཀློག་གྲངས། ]

གཡང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་གསུམ་པའི་བརྗོད་བྱ་ལས་བདམས།༡༽

སྔོན་འགྲོའི་གཏམ།

      བོད་དང་བོན་ཆེན་པོ་གཉིས་སུ་ཕྱེས་པའི་བོད་ཆེན་པོ་དེའི་སུམ་ཆ་གཉིས་དེ། བརྒྱ་ཕྲག་བརྒྱད་པའི་སྔོན་དུ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱིས་རིམ་པར་བསྐྱངས་པའི་ཞང་ཞུང་ཞེས་རང་སྐད་དང་རང་ཡིག་རང་ཆོས་དང་རང་ཆས་སོགས་རྒྱལ་ཁབ་གཞན་ལ་རེ་མི་དགོས་པའི་རྒྱལ་ཁམས་ཞིག་ཡོད། འོན་ཀྱང་བོད་ཆུང་ངུ་ཙམ་ལས་མི་དབང་བའི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་རྒྱལ་ལིག་མི་རྐྱ་གཡོ་སྒྱུས་བཀྲོངས་ཏེ། ཞང་ཞུང་རྣམས་མངའ་འོག་ཏུ་བསྡུས་ནས། ད་ལྟའི་བོད་ཆེན་པོ་དེ་གྲུབ་པ་རེད། དེ་ནས་བཟུང་བོད་ཆེན་པོའི་རྒྱལ་ཁམས་དེར་སྐད་ཡིག་གཉིས་ཙམ་འཛོམས་ཕྱིར་སྐད་གསར་བཅད་ཟེར་བའི་སྲོལ་ཡང་བཙུགས་ཤིང་། བརྡ་རྙིང་དང་སྐད་རྙིང་ཟེར་བ་ཕལ་ཆེར་རྩ་མེད་དུ་བཏང་གང་ཐུབ་བྱས་ཡོད། འོན་ཀྱང་། མཐར་ད་དུང་ཡང་སྐད་རྙིང་དེ་དག་ཡིག་ཐོག་ཏུ་ལྷག་ལུས་སུ་གྱུར་བའི་མ་ཚད། རྒྱུན་མཁོའི་སྤྱི་ཚོགས་ནང་དུའང་ཆ་མི་འཚལ་བའི་ངོ་བོར་གྱུར་བ་དང་། ལ་ལ་ནི་ཕྱི་དབུགས་ཤོར་ཟིན་ཏེ་ནང་དབུགས་ཀྱང་ཆད་ལ་ཁད་དུ་གནས་ཡོད། སྐད་རྙིང་དེ་དག་གི་གཙོ་བོ་གཅིག་ནི་ཞང་སྐད་ལགས་ཤིང་། དེ་ནི་སྔར་གྱི་ཞང་ཞུང་ངམ་དེང་བོད་ཆེན་པོར་གྲགས་པའི་སའི་ཆར་ད་ལྟའང་གནས་རྩ་ཆེན་གྱི་རི་དང་ཀླུང་། ཡུལ་དང་ཡུལ་ལྷ་སོགས་ཀྱི་མིང་དུ་ལུས་ཡོད། དེ་ཡང་རི་ཀླུང་དེ་དག་གི་མིང་ཚིག་རྣམས་བརྡ་རྙིང་ཡིན་པ་མཁྱེན་གསལ་ལྟར། གནའ་དུས་ཞང་ཞུང་གི་མངའ་རིས་སུ་གཏོགས་མྱོང་བའི་ཡུལ་ཁམས་འགའ་ཞིག་གི་སྐད་རིགས་རྙིང་པའི་སྟེང་ནས། རི་ཀླུང་དེ་ཚོའི་མིང་འགྲེལ་རྣམས་བོན་གཞུང་ནང་གི་ཞང་ཡིག་དང་མཐུན་པར་བཀྱོན་རྒྱུ་ཡོད། ༢༽དེ་ན་ཞང་སྐད་དང་ཞང་ཡིག་ཅེས་པ་རྣམས་ཡང་དག་ཡིན་པར་དམངས་ཁྲོད་ཡུལ་སྐད་དེ་དག་གིས་ཀྱང་བསྒྲུབ་ནུས་པར་སེམས།

དངོས་གཞིའི་གཏམ།

      དེ་བཞིན་དེང་དུས་ཀྱང་བོད་ཆེན་པོར་གྲགས་པའི་སྤྱི་ཚོགས་འདིར་སྐབས་འགར་བོད་རང་སྐད་ནས་བརྟགས་ན་གོ་རྒྱུ་ཅི་ཡང་མེད་པའམ། ཡང་ན་དོན་མཐུན་དུ་མི་གོ་བའི་༼འབྱུང་བའི་མིང༽རྙིང་པ་འགའ་ཞིག་ད་དུང་ཡང་ཡིག་ངག་གཉིས་ཐོག་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་མིག་ཆེན་པོར་གདངས་ཏེ་བལྟས་ན། འདི་ནི་བོན་གཞུང་རྙིང་གྲས་སུ་གསལ་བའི་ཞང་སྐད་ཅེས་པ་ལས་གཉིས་སུ་མི་སྣང་། གཞན་ཡང་སྔར་ཞང་ཞུང་ཁོངས་གཏོགས་མྱོང་ཞིང་། དེང་མཐའ་མཚམས་སུ་གྲགས་པའི་བོད་རིགས་རྣམས་ཀྱི་ཡུལ་སྐད་ནང༼འབྱུང་བའི་མིང༽དེ་དག་ནི། རྒྱུན་མཁོའི་མིང་ཚིག་ལྟ་བུ་འགྱུར་ཡོད།

༼ས༽

      དཔེར་ན། སའི་སྤྱིའི་མིང་ལ་ཞང་སྐད་དུ༼སླེ༽ཞེས་པ་དེ། དེང་སང་བོད་སྐད༼གླེ༽རུ་གྱུར་ཅིང་། དོན་ཡང་ས་གཞི་ཆུང་ཆུང་སྟེ། སའི་བྱེ་བྲག་གི་མིང་དུ་གྱུར་ཡོད་པ་དཔེར་ན༼ལ་དྭགས་གླེ༽དང་༼བར་གླེ༽ཞེས་པ་ལྟ་བུ་ཡིན། དག་ཡིན་རྣམས་སུ་གཞི་ཆེན་པོ་ལ། ༼གླིང་༽ ༣༽དང་། ས་གཞི་ཆུང་ངུ་ལ་གླེ༽ ༤༽ཞེས་འཁོད་ཡོད་པ་རྣམས་ཀྱང་། དོན་དངོས་སུ་ཞང་སྐད་༼སླེ༽ཞེས་པ་དེ་བོད་སྐད་དུ་གྱུར་བའི་ཤུལ་ཡིན་པར་སྙམ། རྒྱུ་མཚན་ནི་ས་ལ༼ལེ༽དང་༼སླེ༽ཟེར་མཁན་ད་ལྟའང་མེ་ཉག་ཕྱོགས་ཀྱི(si-hia)མི་རིགས་པ་རྣམས་སུ་ཡོད་པར་སྐད༥༽པས་སོ། །ད་དུང་ས་མིང་༼སླེ༽ཡི་སྒྲ་གདངས་ལས་འཕྲོས་ཏེ། ནོར་ལུག་སྡོད་སའི་ར་སྐོར་ལ་༼ལྷས་ར༽དང་། ༼ལུག་ལྷས༽སོགས་ཀྱང་འབོད་ཀྱི་འདུག་པས། དེ་དག་གི་ཆུ་འགོའང་གངས་རི་ཡིན་པར་ཐེ་ཚོམ་ཅི་ལ་དགོས་ཏེ་མི་དགོས་སོ། །

༼ཆུ༽

      དེ་བཞིན་བོན་གཞུང་རྣམ་དག་འགྱུར་མེད་དུ༼ཆུ་༽ཡི་མིང་ཚབ་ལ༼དང་ར༽ཞེས་འཁོད་པ་དེ། མཚོ་དང་། ཆུ་ལ་ཐུན་མོང་དུ་འཇུག་པར་ཞང་བོད་ཀྱི་བླ་མཚོ་༼དང་ར༽གཡུ་མཚོ་ཞེས་པའི་མཚན་ལ་གཞིགས་ཚེ་ཤིན་ཏུ་རྟོགས་སླ། ཏུན་ཧོང་ཡག་རྙིང་ནང་དུའང་། ༼དང་ཀོ་ནྀ་ལྷ་ཡྀ་མཚོའ༽ཞེས་པ་ཞིག་ཀྱང་མངོན་པས། ཕལ་ཆེར༼དང་ཀོ༽ཡང་༼དང་ར༽ཞེས་པའི་དོན་གཅིག་པར་སྙམ་ལ། གཉིས་ཀའི་ནང་དུ་༼དང་༽ཞེས་པའི་ཚིག་ཀྱང་ཡོད་པར་བལྟས་ན། དེ་དང་སྒྲ་མཚུངས་སུ་འཇང་སྐད་དུ་མཚོ་ལ་༼ཏའང་༽ ༦༽དང་། རྒྱ་སྐད་རྙིང་པར་མཚོ་ལ༼དང་༽ ༧༽ཞེས་པ་ཞིག་ཀྱང་འབོད་སྲོལ་ཡོད་འདུག་པས། འདིར་ཞང་སྐད་ལའང་༼དང་༽དེ་ཉིད་ཅི་ནས་ཀྱང་མཚོ་ལ་འཇུག་པར་མངོན། དེ་ལྟར་འཇུག་པ་ཡང་དང་ར་གཡུ་མཚོའི་བྱང་ངོས་སུ་ཡོད་པའི་༼དང་ཆུང་༽དེ་ཉིད༼མཚོ་ཆུང་༽དུ་གོ་ཞིང་། དོན་དམ་པར་ཡང་༼དང་ཆུང་༽དེ་ཉིད་མཚོ་ཆུང་ངུ་ཞིག་གི་ལས་མེད་སོགས་ཀྱིས་བསྒྲུབས་པས་སོ། །དེ་མཚུངས་སུ་ངེས་པར་བརྟག་དགོས་པ་ཞིག་ལ། ཞང་སྐད་དུ་༼དང་༽ཞེས་༼ཆུ༽གཤེར་ཁུའི་རིགས་ལ་འཇུག་དུས། དེ་དང་སྒྲ་གདངས་ཤིན་ཏུ་ཉེ་ལ་དོན་ཡང་དེ་ཉིད་དང་ཁད་ཐག་མི་རིང་བའི་མིང་ཚིག༼ཐང་༽ཞེས་རྒྱུན་ལྡན་བོད་སྐད་དུ་ཇ་དང་སྦྱར་ན༼ཇ་ཐང་༽སྨན་ལ་སྦྱར་ན༼སྨན་ཐང་༽ཞེས་བྱུང་བའི༼ཐང་༽ཡིག་དེའང་རྒྱལ་ཁབ་གང་ཞིག་ནས་མཆེད་མིན་དཔྱད་དགོས། རྒྱུ་མཚན་ནི། རྒྱུན་ལྡན་ཞང་སྐད་དུ་༼སྐྱིན་དང་༽ཞེས་ཆུ་ལ་བྱེད་ཀྱང་། དེང་གསར་དུ་བསྒྲིགས་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་༼སྐྱིན་ཐང་༽ཞེས་༼སེར་བ་དང་། དེ་འབབ་སྐབས་ཧ་ཅང་གྲང་བའི་རླུང་དྲག་པོ༽ལ་བཤད་ཡོད་པ་དེ་དག་ལ་བསམ་ཚེ། ཕལ་ཆེར་གོང་ཞུས་༼ཐང༽དེའང་ཞང་ཚའམ་ཞང་རྒྱུད་ཅིག་མིན་ནམ་སྙམ། ཡང་སྐབས་འགར་ཞང་སྐད་དུ་ཆུ་ལ༼ཏིང་༽ཞེས་འབོད་པར་ཡང་གསུང་ཡོད། དེས་ན་ད་ལྟའི་བོད་སྐད་ནང་༼ཆུ་ཕོར་༽ལ་༼ཏིང་ཕོར་༽ཞེས་འབོད་པ་དེའང་། ཞང་སྐད་དང་བོད་སྐད་གཉིས་འདྲེས་མར་སྣང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཕལ་མོ་ཆེའི་སྐད་དུ་༼ཆུ་༽ལ༼ཏི་༽ཞེས་འབོད་པའང་ཞང་སྐད་དང་མཐུན་ཡོད། དེ་མཚུངས་སུ་༼ཏི་༽ལས་འཕྲོས་པའི་ཞང་སྐད་མང་པོ་ཞིག་བོད་སྐད་ནང་འདྲེས་ཡོད་པའི་སྐོར་ཅུང་ཟད་རྒྱས་འཚམས་ཞིག་གཞན་དུ་གསལ་ཡོད༨༽པས་དེ་གཟིགས་པར་ཞུ།

༼མེ༽

      ཡིག་རྙིང་མང་པོར་༼མེ་ཐབ༽ལ༼ཚང་མང་༽དང་༼ཚང་བང་༽ཞེས་བན་བོན་གཉིས་ཀའི་སྤྱི་ཚོགས་སུ་དེང་དུས་ཀྱང་སྤྱོད་བཞིན་ཡོད་རུང་། དེ་ཉིད་༼མེ་ཐབ་༽འབྲུ་དོན་དང་འབྲེལ་བ་ཡོད་པར་ད་བར་སུས་ཀྱང་ཐུགས་སྣང་མཛད་མེད། འོན་ཀྱང་། ཁོ་བོས་མཐོང་ཚུལ་ལ་བོན་གཞུང་རྙིང་གྲས་རྣམས་སུ་༼མེ་༽ལ༼ཚང་༽དང་། ༼མེ་ལྷ་༽ལ་༼ཚང་སྟང་༽སོགས་༼མེ་༽ཡི་གོ་གནས་མང་པོར༼ཚང་༽ཡིག་ཐོག་རང་ལ་གཞིགས་ན། ཕལ་ཆེར༼མེ་ཐབ༽ཀྱི༼མེ༽དེའང་། ༼ཚང་མང་༽དང་༼ཚང་བང་༽གི་༼ཚང་༽ལ་འབྲེལ་བ་ངེས་ཅན་ཞིག་མེད་དམ་སྙམ། གང་ལགས་ཤེ་ན། ཞང་སྐད་དུ༼མེ༽ལ༼ཚང་༽ཞེས་བརྗོད་པས། ད་ལྟ་བོད་སྐད་དུ་འདྲེས་པའི་༼ཚང་བང་༽དེ། དོན་དུ་༼མེ་བང་༽ཞེས་༼མེ་ཡི་བང་མཛོད༽ལྟ་བུ་ཞིག་ལ་གོ་བར་སྙམ། དེ་བཞིན་༼ཚང་མང་༽དེའང་། ༼མེ་མང་༽སྟེ། ༼མེ་མང་ས༽ཞིག་ཏུ་གོ་བར་གནས་ལུགས་དང་ཉེ་བས་སོ། །ཡོངས་གྲགས་སུ་༼མེ༽ཡི་སྐད་དོད་ལ་ཞང་སྐད་དུ༼ནེ༽ཞེས་འབོད། དེ་བཞིན་མེའི་སྒྲ་ཅན་༼མེ་ཏོག༽ལའང༼ནེ་ར༽ཞེས་སུ་མངོན་རྒྱུ་ཡོད། དེས་མེ་ཏོག་གིས་ཁེངས་པའི་ཚང་ཚིང་ལ་གོ་དགོས་པའི་མིང་ཚིག་༼ནེ་གསེང་༽ ༩༽ཞེས་པ་འདི། ཞང་སྐད་དང་བོད་སྐད་འདྲེས་མར་སྣང་སྟེ། ༼ནེ༽ཞེས་སྐད་མེ་ཏོག་གི་མིང་༼ནེ་ར༽ཟུར་ཆག་ཞིང་། ༼གསེང་༽ཞེས་བོད་སྐད༼ཁྲོད༽ཅེས་པའི་དོན་དཔེར་ན་རྩ་ཁྲོད་ལ་རྩ་གསེང་དང་། ནགས་ཁྲོད་ལ་ནགས་གསེང་ཞེས་པ་ལྟ་བུའོ། དེས་ན༼ནེ་གསེང་༽ནི། ༼ནེ་རའི་གསེང་ངམ༽ནེ་རའི་ཁྲོད་དེ། དོན་དངོས་སུ་མེ་ཏོག་གི་ཁྲོད་ལ་གོ་བར་སེམས་སོ། །

༼རླུང་༽

      ཞང་ཞུང་སྐད་དུ༼རླུང་༽ལ༼ལི༽ཞེས་སུ་འབོད། དེ་མཚུངས་སུ་རྒྱལ་རོང་པ་རྣམས་ཀྱི༼རླུང་༽ལ༼ཁ་ལི་༽ཞེས་སུ་བརྗོད། དེ་ནི་བོན་གཞུང་དུ་གསལ་བའི་ཞང་སྐད་དང་ཤིན་ཏུ་མཐུན་པར་སྣང་། ཡང་སྐབས་འགའ་བོན་གཞུང་དུ་རླུང་ལ་༼ལི༽ཞེས་པའི་ཞང་སྐད་ཀྱང་མངོན་པ་ནི། གནའ་བོའི་མི་རིགས་རྙིང་གྲས་ཆཱང་རིགས་པ་རྣམས་ཀྱིས་ད་ལྟའང་དེ་བཞིན་སྤྱོད་མུས་མེད། གཞན་ཡང་དོལ་པོའི་ཀལ་སྐད་དུ། ༼རླུང་༽ལ་༼རླེན༽དང་། ཁུ་ནུའི་སྐད་དུ་༼རླན༽དེ་མཚུངས་གར་ཞྭ་མན་ཅད་པའི་སྐད་དུའང་༼རླན༽ཡང་གློ་གློ་དང་སི་ཧི་ཡ་རྣམས་ཀྱིས་༼ལོ༽ཞེས་འབོད་པ་རྣམས་ནི། ཞང་སྐད་༼ལེ༽ཡི་སྒྲ་གདངས་དེ་རིམ་པས་མཉམ་ཏེ་རྣམ་པ་གཞན་དུ་ལུས་པར་སྣང་།

༼མཁའ༽

       ནམ་མཁའ་ལ་ཞང་སྐད་དུ་༼མུ་ལ༽ཟེར། དེང་གི་བོད་སྐད་ནང་༼མུ༽ཞེས་མཐའ་མེད་པའི་དོན་དུ་བཟུང་སྟེ། མུ་མེད་དམ་མཁའ་སོགས་སུ་བརྗོད་ལ། དེ་བཞིན་བོད་སྐད་དེ་ལས་འཕྲོས་པའི་༼མུ་ཁྱུད༽ཟེར་བའང་ཡོད། འོན་ཀྱང་མཐའ་མཚམས་སུ་ཡོད་པའི་རྟ་མང་པ་རྣམས་ཀྱི་ད་ལྟའང་ནམ་མཁའ་ལ་༼མུ་༽དང༼དམུ་༽སོགས་སུ་འབོད་ཀྱིན་སྣང་། ནམ་མཁའི་མིང་༼མུ་ལ༽དང་། དེའི་མདོག་སྔོན་པོ་ལ་སྦྱར་ཏེ་རང་ཡང་ཁམས་ནས་ཐོན་པའི་རིན་ཆེན་སྔོན་པོ་ཞིག་ལ་༼མུ་མེན༽ཟེར་བའང་ཡོད། ཅུང་ཟད་བསམ་དགོས་པ་ཞིག་ལ། བ་ལང་དང་རིགས་འདྲ་བའི་ཆ་ནས་༼མུ་མེན༽ཞེས་མིང་ཐོགས་ཚུལ་བལྟས་ན། ཕལ་ཆེར་༼མུ་མེ༽དེའང་༼མུ་ལ༽དང་རིགས་འདྲ་བའི་ཆ་ནས་༼མུ་མེན༽ཞེས་སུ་མིང་ཐོབ་པའང་ཡིན་སྲིད་པར་སྙམ། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ནས་མ་བལྟས་ན་འདི་ལྟར་བཤད་པའང་བཞད་བགད་སློང་བྱེད་ཁོ་ནར་སྣང་ཡང་ངེས། ཡང་ཏུན་ཧོང་ཡིག་རྙིང་ནང་དུ༼ལྡེ་ཉག་ཁྲི་བཙན་པོ་དང་། གནམ་མུག་མུག་ཏུ་བཤོས་པའི་སྲས། མུ་ཁྲི་བཙན་པོ༽ ༡༠༽ཞེས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ཡི་མཚན་ཟུར་གྱི་༼མུ༽དེའང་། ཡུམ་གྱི་མཚན་༼གནམ་མུག་མུག་༽ཅེས་པའི༼གནམ༽དང་། ༼མུག་མུག༽སོགས་ལ་བརྟེན་ནས་བྱུང་ཚུལ་དུ་གསུངས་པ་ལ་བརྟགས་ན། འདིར་ཡང་༼མུ༽དེ་༼མུག༽དང་ཅིག་ཅིང་། དོན་ཡང་༼གནམ༽ལ་གོ་བར་སྟོན་པའི་རིགས་པ་ཞིག་ཀྱང་ལྷང་ལ་བུད་པར་མཐོང་།

མཇུག་གི་གཏམ།

      གང་ལྟར་དེ་དག་ལ་བསམ་གཞིགས་ནན་པོར་གནང་ཚེ། བོན་གཞུང་དང་ཡུལ་སྐད་དེ་དག་ལ་བརྟེན་ནས། འཐོར་ཟིན་པའི་ཞང་སྐད་ཀྱི་ཕྲེང་རྡོག་རྣམས་ལེགས་པར་བསྡུས་མཚམས་སླར་ཡང་ཕྲེང་འཁོར་ཞིག་བསྒྲུབ་ནུས་པའི་རེ་བ་ཆེའོ། ། 

མཆན་འགྲེལ།
༡༽ དཔྱད་རྩོམ་འདི་ནི། ཕྱི་ལོ༢༠༠༢ཟླ༦ཚེས༡༣ཉིན་སྐབས་གསུམ་པ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གོ་སྒྲིག་ཚོ་ཆུང་གིས་གོ་སྐབས་བསྩལ་བ་ལྟར། ༼ཝཱ་ཎ་མཐོ་སློབ་ཀྱི་སློབ་ཕྲུག་ཁག་ཅིག་དང།མཐོ་སློབ་འདྲ་མིན་ནས་ཕེབས་པའི་བོན་པོའི་སློབ་གཉེར་བ་རྣམས་དང།བཤད་བསྒྲུབ་འདུས་སྡེའི་སློབ་གཉེར་བ་ཁག་ཅིག་བཅས་ལྷན་འཛོམས་ཐོག༽ཁོ་བོས༼འབྱུང་བའི་མིང་ལས་འཕྲོས་པའི་ཞང་ཚིག་སྐོར༽ཞེས་པ་ཞིག་སྒྲོགས་སྦྱངས་ཞུས་ཡོད་པ་ན་དོན་སྙིང་རྣམས་ཟུར་བཀོལ་ཞུས་ཁུལ་ལགས།
༢༽ ༼བོན་སྒོ༽འདོན་ཐེངས་བཅུ་བཞི་པའི་སྡེབ་གྲངས་༩༣སྟེང་། ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་བྲིས་པའི་ཞང་བོད་ཀྱི་རི་ཀླུང་ལས་རྙེད་པའི་ཞང་ཚིག་ཅེས་པར་གཟིགས།
༣༽ དག་ཡིག་གསར་བསྒྲིགས་སུ། ༼གླིང་༢ས་གཞི་ཆེན་པོའི་ས་ཁུལ་སོ་སོའི་མིང་༽ཞེས་དང་། བརྡ་དག་མིང་ཚིག་གསལ་བ་ལས། ༼གླིང་། ཆུ་ཡིས་མཐའ་བསྐོར་བས་ན་གླིང་༽ཅེས་པ་ནི་ཁྱབ་ཆུང་བ་དང་ །ཡང་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་།
༤༽ ༼གླེ། ཆུ་གཉིས་བར་གྱི་གྲམ་ཐང་༽ཞེས་སུ་འཁོད་རུང་། ༼བར་གླེ༽ནི་དེ་ལྟར་ཆུ་གཉིས་བར་གྱི་གྲམ་ཐང་ཞིག་མིན་པར་མངོན་སུམ་གྱིས་གྲུབ།
༥༽ བོད་ཀྱི་དཔེ་མཛོད་ཁང་གི་དེབ་གཟུགསon zhang-zhungཞེས་པ་ལས་གསལ།
༦༽ བོད་ཀྱི་དཔེ་མཛོད་ཁང་གི་དེབ་གཟུགསan zhang-zhungཞེས་པའི་ལྡེབ་ངོས་༼༧༧༽ལས་གསལ།
༧༽ བོད་ཀྱི་དཔེ་མཛོད་ཁང་གི་དེབ་གཟུགསon zhang-zhungཞེས་པའི་ལྡེབ་ངོས་༼༧༧༽ལས་གསལ།
༨༽ ༼བོན་སྒོ༽འདོན་ཐེངས་བཅུ་བཞི་པའི་ལྡེབ་གྲངས་༼༩༢༽སྟེང་། ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་བྲིས་པའི་ཞང་བོད་ཀྱི་རི་ཀླུང་ལས་རྙེད་པའི་ཞང་ཚིག་ཅེས་པར་གཟིགས།
༩༽ ༼ནེ་གསེང་༽ཞེས་པ་འདི་བརྡ་རྙིང་ལགས་པས་།དེང་དུས་ཀྱི་དག་ཡིག་རྣམས་སུ་འདི་ལ༼ནེའུ་གསིང་༽དང་༼ནེའུ་སིང་༽༼ནེ་གསིང་༽དང་༼ནེའུ་གསེང་༽སོགས་རང་སྣང་གང་ཤར་དུ་བྲིས་ཡོད།
༡༠༽ ཏུན་ཧོང་ཡིག་རྙིང་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།ཞེས་པའི་ལྡེབ་གྲངས༼༦༩༽ལས་གསལ།

༼བགྲེས་པོའི་འབེལ་གཏམ༽སྤྱི་དེབ་གསུམ་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག