ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> རླུང་རྟ་ཡི་འབྱུང་ཁུངས་སྐོར་གྱི་རྩོད་གཞིར་དཔྱད་པ།
རླུང་རྟ་ཡི་འབྱུང་ཁུངས་སྐོར་གྱི་རྩོད་གཞིར་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།] [རྩོམ་པ་པོ། མཁས་དབང་མཁར་རྨེའུ་བསམ་གཏན།] [ཟླ་ཚེས། 11-12-03] [ཀློག་གྲངས། ]

གྲྭ་བཙུན་རྣམས་ཀྱིས་རླུང་རྟ་སྤུར་བཞིན་པ།

  དེ་ཡང་བོད་ཡིག་ནང་རླུང་རྟ་ཞེས་པའི་ཚིག་དེ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་ཅིང་། དེ་ལ་རླུང་རྟ་དང་ཀླུང་རྟ་ཞེས་འབྲི་སྲོལ་ཁག་གཉིས་ཡོད། དེ་གཉིས་ལས་ཀླུང་རྟ་ཞེས་པའི་ཚིག་དོན་ནི“ཆུ་རྟ”འམ“ཆུ་ཡི་རྟ”ཞེས་པའི་དོན་ཡིན་ལ། རླུང་རྟ་ཞེས་པ་ནི་རླུང་རྟ་རང་ལས་གཞན་པའི་དོན་ཅི་ཡང་མ་མཆིས། ཀླུང་རྟ་དང་རླུང་རྟ་ཞེས་པའི་ཐ་སྙད་གཉིས་པོའི་འགོ་ཚིག་གཉིས་ཀྱི་སྒྲ་གདངས་ནི་གཅིག་མཚུངས་ཡིན་རུང་ཚིག་དོན་མི་འདྲ་བས་མི་རྣམས་ལ་འཁྲུལ་སྣང་ངེས་ཅན་ཞིག་སྦྱིན་བཞིན་ཡོད། ཝེ་དལ་ཞེས་པའི་ཞིབ་འཇུག་པ་དེས་རླུང་རྟ་ཞེས་པའི་ཚིག་དེ་ནི་རྒྱ་སྐད་ཀྱི་མིང་ཚིག‘ལུང’(龙)ཞེས་པའི་ཚབ་མཚོན་ཡིན་ཞེས་དང་། ‘ལུང’ནི་འབྲུག་དང་རླུང་རྟ་ཞེས་པ་ནི‘ལུང་མཱ’ (龙马)ཞེས་པའི་དོན་ནོ་ཞེས་གསུངས་ཡོད་པ་རེད། ཁོ་བོས་ལྟར་ན། གལ་ཏེ་ཁོང་གིས་གསུངས་པའི་ཚིག་རྣམས་བདེན་པ་ཡིན་པའི་དབང་དུ་བཏང་ན། རྟ་ཞེས‘མཱ’ (马)ཡི་དོད་དུ་བསྒྱུར་རྒྱུ་ཡོད་བཞིན་དུ‘ལུང’ལ་འབྲུག་ཅེས་མ་བསྒྱུར་བ་ཅི་ཡི་དོན། གལ་ཏེ་རླུང་རྟ་ཞེས་པ་དེ་ཡི་འབྱུང་ཁུངས་རྒྱ་ལ་གཏུགས་ན། དེ་ལ་རླུང་རྟ་མི་ཟེར་བར་འབྲུག་རྟ་ཞེས་ཟེར་དགོས་པ་ཡིན། དེ་བཞིན། རྒྱ་ཡི་གཏམ་རྒྱུད་ནང་འབྲུག་རྟ་ཞེས་པ་དེ་འབྲུག་གིས་མཚོན་པར་བྱ་བའི་སྲོལ་མཆིས་ནའང་། བོད་ཀྱི་རིག་གནས་ཁྲོད་དེ་ལྟ་བུའི་མཚོན་བྱེད་ཅིག་མ་མཆིས་སོ། འབྲུག་རྟའི་བྲིས་པའི་ཐང་ག་འགའ་ཞིག་ཏུན་ཧོང་ནས་རྙེད་སོན་བྱུང་བས་དེ་ནི་གནའ་བོའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལྡན་པའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་རྟོགས་ཐུབ། ཞིབ་འཇུག་པ་ཝེ་དལ་གྱི་བཞེད་ཚུལ་ལྟར་ན། འབྲུག་རྟ་ནི་བརྗིད་རྔམས་ཀྱི་མཚོན་བྱེད་ཅིག་ཡིན་པར་འདོད། འོན་ཀྱང་ཝེ་དལ་རང་ཉིད་ནི‘ལུང’ཞེས་པའི་འབྲི་ཚུལ་དེའི་ཐེ་ཚོམ་གྱི་དྲ་རྒྱར་ཚུད་ཡོད་པ་དང་། དེ་ལྟ་བུའི་འབྲི་སྟངས་ཤིག་བོད་ཡིག་གི་དཔེ་ཆའི་ཐོག་མ་མཆིས་པས་ཁོང་གི་བཞེད་ཚུལ་དེ་ནི་ཡིད་རྟོན་རུང་བའི་གནད་ཅིག་མ་ཡིན། ཡིན་ནའང་། འབྲུག་དང་རྟ་གཉིས་བོད་ཀྱི་རླུང་རྟའི་ཐོག་དངོས་སུ་བཀོད་སྲོལ་ཡོད་ཅིང་། བོད་ཡིག་གི་དཔེ་ཆའི་ཐོག་ལའང་ཀླུང་རྟའམ་རླུང་རྟ་ཞེས་འབྲི་སྲོལ་གཉིས་ཡོད་པ་ནི་ཀུན་གྱི་མཁྱེན་ཆོས་ཡིན་ལ། མི་རྣམས་ཀྱིས་དེ་ལྟ་བུའི་འབྲི་ཚུལ་ལའང་ཡ་མཚན་ཆེར་མི་བྱེད་དོ། འབྲི་སྲོལ་དེ་གཉིས་སྐོར་ལ་འཇུ་མི་ཕམ་རྣམ་རྒྱལ(1848-1912)གྱིས་ཀླུང་རྟ་ཞེས་བྲིས་ན་མཛེས་པོ་མེད་པས་རླུང་རྟ་ཞེས་བྲིས་ན་ལེགས་སོ་ཞེས་གསུངས་པ་ཙམ་ལས། རྒྱུ་མཚན་ཡང་དག་ཅི་ཡིན་སྐོར་འགྲེལ་བཤད་མཛད་མེད།
  སྐར་རྩིས་ཀྱི་གཞུང་དེ་ནི་སྤྱི་ལོ1027ལོར་བོད་དུ་དུས་འཁོར་གྱི་རྩིས་གཞུང་དར་སྐབས་དང་དུས་གཅིག་ཏུ་དར་ཡོད། བོད་ཀྱི་རྩིས་ལ་མཁས་པ་རྣམས་ཀྱིས་རྒྱ་ནག་གི་ཡུལ་ནས་དར་བའི་རྩིས་ལ་ནག་རྩིས་ཟེར་ལ། རྩིས་གཞུང་དེ་རིགས་ནི་བོད་ཀྱི་བཙན་པོའི་དུས་རབས་ནས་བཟུང་བོད་དུ་དར་འགོ་ཚུགས་ཡོད། རྩིས་དེ་བོད་དུ་དར་བའི་ཞིབ་ཕྲའི་དུས་རབས་ནི་དུས་རབས་བདུན་པ་ནས་དགུ་པའི་བར་ཡིན། རླུང་རྟ་ཞེས་པའི་ལྟ་ཚུལ་དེ་གོང་གསལ་རྒྱ་ནག་གི་རྩིས་གཞུང་ནང་དར་འཕེལ་བྱུང་ཡོད་ལ། ཀླུང་རྟ་ཞེས་པ་དེ་ནི་བོད་ཀྱི་ནག་རྩིས་ཀྱི་དཔེ་ཆའི་ནང་འཁོད་པའི་རྒྱུ་བཞིའི་ཆ་ཤས་ཤིག་ཀྱང་ཡིན་པ་དེ་ལྟར་ཏེ། གཅིག སྲོག གཉིས། ལུས། གསུམ། དབང་ཐང་། བཞི། ཀླུང་རྟ། (《བཻཌྰུརྱ་དཀར་པོ》རུ་གསལ།)བཅས་སོ། ཁོ་བོའི་འདོད་ཚུལ་ལྟར་ན། ཀླུང་རྟ་ཞེས་པའི་ཐ་སྙད་དེ་ནི“ལུང་མཱ”ཞེས་པའི་རྒྱ་སྐད་ཀྱི་ཐ་སྙད་དེ་བོད་ཡིག་ཐོག་ནང་འདྲེན་བྱས་པ་ཞིག་ཡིན་པར་སེམས། དེ་ལྟར་ངོས་འཛིན་བྱེད་པའི་རྒྱུ་མཚན་ནི། རྒྱ་ནག་གི་གཏམ་རྒྱུད་ནང་དུ་རླུང་རྟ་དེ་ཉིད་རྟག་ཏུ་ཆུ་བོ་དང་འབྲེལ་ནས་ཐོན་པ་དང་། དེ་བཞིན་དེའི་གཟུགས་སྙན་ཡང་ཆུ་ནང་ལས་འབྲུག་གི་སྒལ་ཐོག་ཏུ་སྤར་ཁ་བརྒྱད་ཅན་གྱི་རི་མོ་བཀལ་བ་ཞིག་མཁའ་ལ་འཕྱོ་བ་ཞིག་འབྲི་སྲོལ་ཡོད། དེར་བརྟེན‘ལུང་མཱ’ཞེས་པའི་གཏམ་རྒྱུད་ནང་གི་སྲོག་ཆགས་དེའི་རྒྱ་མིང་བོད་ཡིག་ཐོག་ཀླུང་རྟ་སྟེ། ཆུ་རྟའམ་ཆུ་ནང་གི་རྟ་ཞེས་པའི་ཐ་སྙད་ཅིག་ཏུ་མཆེད་པ་ཞིག་ཡིན། འོན་ཀྱང་། བོད་དུlung maཞེས་པའི་གཟུགས་རིས་དེ་ཉིད་ཁས་མ་བླངས་པར་འབྲུག་དེ་ཉིད་ཕྱིར་འབུད་བྱས་ཡོད།
  ཁོ་བོས་གོང་དུ་སྨོས་པ་ལྟར། འཇུ་མི་ཕམ་གྱིས་ཀླུང་རྟ་ཞེས་པའི་ཐ་སྙད་དེ་རླུང་རྟ་ཞེས་པར་བསྒྱུར་དགོས་པའི་རྒྱུ་མཚན་གསུངས་མེད། ཁོ་བོའི་བསམ་ཚུལ་ལྟར་ན། དེ་ནི་བོད་ཀྱི་རྩོམ་རིག་ཁྲོད་དུ་རྟ་ལ་རྟ་མཆོག་དང་། རྟ་ནི་མགྱོགས་བགྲོད་ཀྱི་བདག་ཉིད་ཅན་ཞིག་ཡིན་པས་དེ་རྟག་ཏུ་རླུང་དང་སྒྲོགས་ནས་བསྔགས་བརྗོད་བྱ་བ་ཡིན་ཏེ་དཔེར་ན། རླུང་གི་གཤོག་པ་ཅན་དང་། རླུང་ལས་སྐྱེས་ལྟ་བུའོ། གོང་གསལ་རྟའི་མིང་གི་མངོན་བརྗོད་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན་ལ། རྟ་མཆོག་ནི་རིན་ཆེན་བདུན་གྱི་གྲས་ཤིག་ཡིན་ཚུལ་དག་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་དུའང་འཁོད་ཡོད་པ་མ་ཟད། རྟ་ཡི་སྒལ་སྟེང་དུ་དཀོན་མཆོག་གསུམ་གྱི་མཚོན་བྱེད་ནོར་བུ་གསུམ་བཀལ་བའི་དཔེ་རིས་ཀྱང་འབྲི་སྲོལ་ཡོད། ང་ཚོས་རྒྱུན་དུ་མཐོང་བ་ལྟར། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་རྒྱ་གར་གྱི་ལྟ་ཚུལ་ཇི་སྙེད་ཅིག་བོད་ཀྱི་རིག་གནས་ཁྲོད་དུ་མཉམ་བསྲེས་བྱས་ཡོད་པ་ལྟར་རླུང་རྟ་ཞེས་པ་དེ་ཡང་བོད་ཀྱི་སྤྱི་ཚོགས་ནང་ཁྱབ་བདལ་དུ་ཕྱིན་ཡོད་པ་རེད། འོན་ཀྱང་རླུང་རྟ་ཞེས་པ་དེ་འཇིག་རྟེན་མི་སྐྱ་དང་འབྲེལ་བ་དམ་ཟབ་ལྡན་པའི་མཚོན་བྱེད་ཅིག་ཡིན་པ་ལས་དེ་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དངོས་བར་ལ་འབྲེལ་བ་དེ་ཙམ་མ་མཆིས་སོ། །
  གོང་གསལ་སངས་རྒྱས་ཆོས་ལུགས་ཀྱི་རྟ་ལ་འཛིན་པའི་ལྟ་བ་གཞིར་བྱས་ནས་རླུང་རྟ་ཞེས་པའི་ཐ་སྙད་དེ་ཉིད་རྒྱ་ཁྱབ་ངང་དང་ལེན་བྱས་ཡོད་པ་རེད། དགེ་རྒན་ཆེན་མོ་སེ་ཏན་གྱིས་རླུང་ཞེས་པའི་དོན་ནི་བདེ་སྐྱིད་ལ་གོ་དགོས་སོ་ཞེས་དང་། སེ་ནེལ་གོ་རུབ་ཀྱིས་རླུང་རྟའི་རླུང་ནི་བདེ་སྐྱིད་ལ་གོ་དགོས་ཞེས་གསུངས་ཡོད། འོན་ཀྱང་རླུང་རྟ་ཞེས་པ་དེ་ནི་ད་བར་ཁྱིམ་ཚང་གི་ཡང་སྟེང་དུ་འཛུགས་པའི་དར་ཆ་ལྟ་བུ་ཞིག་རང་དུ་ངོས་འཛིན་བྱ་བ་ཡིན་པ་དེ་ནི་མ་དག་རྒྱུན་འབྱམས་ཀྱི་ལྟ་ཚུལ་ཞིག་ཡིན། དོན་དངོས་ཐོག་རླུང་རྟ་ནི་བདེ་སྐྱིད་དང་བསོད་ནམས་དར་རྒུད་ཀྱི་རྣམ་པ་མཚོན་པ་ཞིག་ཡིན་པ་ནི་རྒྱུན་དུ་རླུང་རྟ་དར་བ་དང་རླུང་རྟ་རྒུད་པ་ཞེས་ཟེར་སྲོལ་ཡོད་པ་ལྟར་དང་། རླུང་རྟ་དང་དོན་མཚུངས་པའི་ཤོད་སྟངས་སྐོར་ལ་ད་དུང་ལམ་འགྲོ་ཞེས་པ་སོགས་ཐ་སྙད་མང་པོ་ཡོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག