ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་བའི་བོད་ཀྱི་གསོ་བ་རིག་པས་གཙོས་པའི་བོད་ཀྱི་རིག་པའི་གཞུང་ལུགས་ཁག་གི་བྱུང་ཚུལ་ཐད་ཆོས་ཕྱོགས་སུ་བཞེད་ཚུལ་མི་མཐུན་པ་མང་དུ་ལགས་པས། ད་ལན་ཕྲན་ནས་དེའི་སྐོར་གྱི་དོན་གནད་འགའ་ཞིག་གླེང་ནས་བོད་ཀྱི་གསོ་བ་སྨན་གྱི་རིག་པ་ངོ་མ་དེ་ཞང་བོད་རང་ས་ནས་བྱུང་ཞིང་འཕེལ་བའི་བདེན་དོན་དེ་གོམ་གང་མདུན་སྤོས་ཀྱིས་གསལ་བཤད་ཞུ་བར་སྤོབས།
དང་པོ། བན་ལུགས་སུ་རྒྱུད་བཞི་བཀའ་བསྟན་གྱི་རྩོད་གླེང་མང་དུ་བྱུང་ཚུལ།
བོད་ཀྱི་བན་དེ་རྣམས་ཀྱིས་གསོ་རིག་རྒྱུད་བཞི་བོན་གྱི་གསོ་རིག་འབུམ་བཞི་ལས་ལོ་ཆེན་བེ་རོས་འགྱུར་བཅོས་གནང་བ་འགའ་ཡིས་ཤེས་བཞིན་ཁས་ལེན་མི་འདོད་པ་དང་། ཕལ་མོ་ཆེས་བྱུང་ཚུལ་རྣལ་མ་མ་མཁྱེན་པའི་དབང་དུ་སོང་ཡོད་པར་སྙམ། དོན་དངོས་དཔྱོད་ལྡན་རྣམས་ཀྱིས་རྒྱུད་བཞིའི་གོ་དོན་ལ་ཞིབ་ཏུ་བསམ་ཚེ་དེ་ནི་ངེས་པར་རིག་པའི་ཡེ་ཤེས་ཤར་བའི་སངས་རྒྱས་ཞིག་གིས་གསུངས་ཡོད་པར་འདོད་པ་དང་། སངས་རྒྱས་དེ་ནི་ཤཱཀྱ་ཐུབ་པའི་དབང་པོ་ཡིན་དགོས་སྙམ། འོན་ཏེ་གསོ་རིག་བསྟན་པའི་མངའ་བདག་ཟུར་མཁར་པ་ཆེན་པོས། སངས་རྒྱས་ཤཱཀྱ་ཐུབ་པ་སྨན་གྱི་ནགས་ན་ལོ་བཞི་བཞུགས་ཀྱང་རྒྱུད་བཞི་གསུངས་པའི་ལོ་རྒྱུས་མེད་པར་ཐག་བཅད་ཡོད་པ་དང་། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་བོད་ཀྱི་གསོ་དཔྱད་བསྟན་པ་གཞི་ནས་དབུ་བརྙེས་པའི་འདོད་ཚུལ་དགག་ཅིང་བོན་ལ་བསྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་པའི་རྒྱུ་མཚན་དྲངས་ཡོད་པས་དེས་ན་བཀའ་ཡིན་དུ་ཆུག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་མ་ཡིན་པ་གསལ་པོ་བསྟན་ནོ། །འགའ་ཞིག་གིས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་མིན་པ་མངོན་ཚེ་ངེས་པར་གཡུ་ཐོག་གསར་རྙིང་གང་རུང་གིས་བརྩམས་པའི་གསོ་རིག་བསྟན་བཅོས་ཞིག་ཏུ་འདོད་པའི་ལྟ་བ་བཏོ ན་ ཡོད། ཡིན་ནའང་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་གཡུ་ཐོག་རྙིང་མ་ཡོད་མེད་ཀྱི་རྩོད་གླེང་མང་སྟེ། སྤྱི་ལོའི་དུས་རབས་བཅུ་བདུན་པའི་ཡར་སྔོན་དུ་གཡུ་ཐོག་རྙིང་མ་ཞེས་པའི་མཚན་ཙམ་ཡང་མེད་ཟེར། དེའི་གོང་གི་མཁས་པ་རྣམས་ལ་གཡུ་ཐོག་རྙིང་མའི་སྐོར་གྱི་གསུང་གླེང་གང་ཡང་མེད་པར་ཐོས།【མ་ཟད་ཁོག་དབུབ་སྔ་མ་དག་ནའང་གཡུ་ཐོག་རྙིང་མའི་སྐོར་འཁོད་མེད་པར་སྣང་།】དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ན་གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ཞེས་པ་དེ་བྱུང་རྗེས་གཡུ་ཐོག་གསར་རྙིང་གི་ཐ་སྙད་འདི་བཞིན་བྱུང་ཡོད་པ་རེད། རྒྱུ་མ ཚན་དེ་ལ་བརྟེན་ནས་སི་ཏུ་པན་ཆེན་སློབ་ཚོགས་དང་བཅས་པས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ལ་གཞི་ནས་བྱུང་བའི་གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ཞེས་པ་དེ་ཁས་ལེན་གནང་མེད་དོ། །གལ་ཏེ་སྨན་རྒྱལ་གཡུ་ཐོག་རྙིང་མ་བ་ཡོད་པའི་དགོངས་ཚུལ་དབང་དུ་བཏང་ན་ཁོང་གི་རྣམ་ཐར་ལས། གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱུད་བཞི་གཏེར་ནས་འདོན་དགོས་པརགསུངས་ཀྱང་གཡུ་ཐོག་མཆོག་ནས་ང་རྒྱ་གར་ལ་ཐེངས་གཅིག་འགྲོ་བ་དེ་བར་མི་འདོན་ཞུས། ཞེས་དང་། ཡང་དེ་ཉིད་ལས། དགུང་ལོ་ཞེ་ལྔ་བཞེས་དུས་རྒྱུད་བཞི་ག ཏེར་ནས་སྤྱན་དྲངས། དེ་རྗེས་ཀོང་པོ་སྨན་ལུང་དུ་ཕེབས་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་གནང་ཚུལ་སྐོར་བཀོད་ཡོད།【སློབ་གཞི་གཙོ་བོའི་གྲས་སུ་ད་དུང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའང་ཡོད་པར་གསུངས་ཡོད】དེས་ན་གཡུ་ཐོག་རྙིང་མའི་གོང་རྒྱུད་བཞི་ཡོད་པ་གསལ་ཐག་ཆོད་པ་བསྟན་འདུག་པར་མཐོང་བས་རྒྱུད་བཞིའི་བྱེད་པོ་ནི་གཡུ་ཐོག་རྙིང་མ་མིན་པ་གོ་བ་ཅན་ཀུན་ནས་ཤེས་ཐུབ་ལ། ལོ་རྒྱུས་ཐོག་མཁས་མང་རྒྱུ་སྐར་གྱི་གྲངས་ལ་འགྲན་པ་ལྟ་བུ་བྱུང་བའི་ཁྲོད་ནས་མངོན་ལྐོག་ཐམས་ཅད་རྗེན་གཅེར་དུ་བལྟ་བའི་བརྩམས་ཆོས་འདི་འདྲ་ཕུན་ཚོགས་འབུམ་གྱིས་བལྟམས་པ་ཞིག་གཞན་ན་མེད་པའི་བདེན་དོན་དེས་ཀྱང་ར་འཕྲོད་པར་སྣང་། འགའ་ཞིག་གིས་རྒྱུད་བཞི་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་མིན་པ་དང་གཡུ་ཐོག་རྙིང་མའི་བསྟན་བཅོས་མ་ཡིན་པ་གསལ་ཚེ། རྒྱུད་བཞིའི་བྱེད་པོ་གཡུ་ཐོག་གསར་མ་ཡིན་པའི་ལྟ་བ་བཏོན་ཡོད། དེ་ལྟར་ཡིན་པར་ཁས་ལེན་ཞུས་ན་གཡུ་ཐོག་གསར་མའི་རྣམ་ཐར་དུ། གཡུ་ཐོག་པ་དགུང་ལོ་བཅུ་གཉིས་སྐབས་སུ་མང་མཁར་ཚ་ལུང་པ་རོང་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་【དེང་རྒྱང་རྩེ་རྫོང་གི་ཁོངས་】དུ་བྱོན་དུས་རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། ཞེས་དང་། དེ་ཉིད་ལས། ཁྱད་པར་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། གསེར་མཆན་དང་ཟངས་མཆན་གཉིས་བཏབ། ཞེས་སོགས་ལ་བསམ་ཞིང་གཞིགས་ན་ཁོང་གིས་རྒྱུད་བཞིར་གསེར་མཆན་དང་ཟངས་མཆནགཉིས་བཏབ་པ་ལས་རྒྱུད་བཞིའི་བྱེད་པོ་དངོས་དེ་གཡུ་ཐོག་གསར་མ་མཆོག་མ་ཡིན་པའི་གཏན་ཚིགས་ཁ་གསལ་པོར་སྣང་ངོ་། །
གཉིས་པ། བོན་ལུགས་སུ་གསོ་རིག་འབུམ་བཞི་ལ་བཀའ་བརྟེན་གྱི་རྩོད་གླེང་མེད་ཚུལ།
བོད་གནའ་རབས་པའམ་བོན་གྱི་གསོ་དཔྱད་མདོ་དགུ་འབུམ་བཞི་ནི་བོན་སྟོན་གཤེན་རབ་མྱི་བོ་ཆེ་ཉིད་ནས་ཡེ་རྗེ་སྨན་ལྷའི་རྒྱལ་པོའི་དགོངས་པ་བཞིན་གསུངས་པ་ཡིན་ཏེ། དེ་ཡང་མདོ་དགུ་བྱ་བ་ནི། བདུད་རྩི་མུ་ཏྲ་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་སྒོས་བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ། བདུད་རྩི་གདམས་ངག་འཕྲུལ་གྱི་མདོ་དང་དགུ་ཡིན་ཏེ།】ད་ལྟ་འཕྲིན་ལས་འཕེལ་བཞིན་བཞུགས་པ་ནི་བདུད་རྩི་འབུམ་བཞི་ཞེས་སུ་གྲགས་པ་། བྱིན་རླབས་གྱི་ཚན་ཁ་འཐུལ་བཞིན་མངའ་བ་འདི་ལགས། འདི་ནི་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཐོག་བྱུང་རིམ་མདོར་བསྡུས་སུ་གསལ་བའི་ནང་【ཞིབ་པ་གཤེན་ཚང་སྨན་གྱི་སྒྲུབ་སྐོར་ཨུ་མ་ར་ཡའི་བདུད་རྩི་ཕུམ་བུམ་གྱི་བྱུང་རིམ་དང་གཅིག་ཞེས་ཡོངས་འཛིན་སྨྲ་བའི་དབང་པོས་གསུངས་】སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་འཛམ་གླིང་མཁས་པའི་རྒྱན་དྲུག་གི་ནང་ཚན་ཏ་ཟིག་མཁས་པ་དམུ་ཙ་ཏྲ་ཧེ་ལ་གནང་། དེས་ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ལ་གསུངས། དེས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་ལ་གསུངས། དེས་ལྡེ་བོན་གྱིམ་ཚ་རྨ་ཆུང་ལ་གསུངས། དམ་པ་དེ་གསུམ་ཚེ་ཡི་རིག་འཛིན་བརྙེས་ནས་ཁྲི་སྲོང་བར་དུ་བཞུགས། ཁྲི་སྲོང་དང་ཆོས་བློན། རྒྱ་གར་ཨ་ཙ་ར་རྣམས་ཀྱིས་རྣམ་པ་ཆོས་ཀྱི་ལུགས་དང་མཐུན་པར་བཅོས། དོན་གྱི་ངོ་བོ་འབུམ་བཞི་དང་གཅིག་མཐུན་བཞུགས་སུ་གསོལ། མ་འོངས་ནད་བཅོས་དགོས་མཁོ་སྐོང་ཕྱིར་བན་དེ་མི་བདུན་【བན་དེ་མི་བདུན་ལས་གཙོ་བོ་ལོ་ཆེན་བེ་རོ་ཡིན་པར་བོན་ལུགས་སུ་བཞེད་པ་མ་ཟད་བསྟན་འབྱུང་ཀེ་ཏ་ཀ་ལས། བེ་རོ་ཙ་ནས་སྨན་འབུམ་དཀར་ནག་ཁྲ་གསུམ་བཅོས་ཏེ་རྒྱུད་བཞིར་བསྒྱུར་ཞེས་ཀྱང་གསུངས་པ་འདུག 】གྱིས་ཆོས་སུ་བསྒྱུར་བ་དང་སྐབས་དེའི་རྒྱལ་པོ་ཆོས་ལ་དགའ་བ་དང་རྒྱ་གར་བན་དེའི་ལྟ་སྤྱོད་དང་མི་མཐུན་པས་དཔེ་ཆ་མེ་རུ་བསྲེགས་ནས་འབྱུང་འགྱུར་བོན་ལུགས་ཀྱིས་ལོ་རྒྱུས་སྨྲ་བར་གཞུང་ལུགས་ཀྱི་དཔང་རྟགས་ཙམ་ཡང་མེད་པར་བཅོས་གྲབས་བྱས་དུས་བོན་པོ་མི་བདུན་【བོན་པོ་མི་བདུན་ནང་ནས་གཅིག་གུ་བསྐྱེད་དཔལ་གྱི་གཡུང་དྲུང་ཞེས་པ་ཡིན་པར་ངོས་འཛིན་གནང་གི་འདུག】གྱིས་མ་འོངས་བསྟན་པའི་དོན་དུ་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབས་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་གདམས་པའོ། །ཞེས་པའི་ལུང་དོན་འཁོད་ཡོད། བན་ལུགས་ཕྱོགས་སུ་གཏེར་མར་འདོད་པ་འགའ་རེ་ཡོད་པས་དེ་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་ཀྱང་སྔོན་སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མ་ཡིན་ཟེར། དེ་ལྟར་ཡིན་ན་སངས་རྒྱས་སུའི་བཀའ་ཡིན་མིན་གོང་དུ་ཞུས་ཟིན་པས་རྟོགས་དཔྱོད་གཟབ་ན་དལ་གྱིས་མཁྱེན་པར་འགྱུར་འགྲོ་སྙམ། སྤྱིར་གཏེར་མ་ཟེར་བ་དེ་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་བསམ་བློའི་འདོད་ཕྱོགས་དང་མི་མཐུན་པའི་ལུགས་དང་དངོས་པོ་གང་ཞིག་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་དང་འཕྲད་ནས་འཇིག་པར་ཕྱོགས་པའི་ཚེ། དོན་གཉེར་ཅན་གང་ཞིག་གིས་མི་ནུབ་པའི་ཆེད་རི་བྲག་ཁང་ཁྱིམ་སོགས་ལ་སྦས་པ་དེ་ཉིད་ནམ་ཞིག་སྤྱི་ཚོགས་ཀྱི་བསམ་བློ་དང་དགོས་མཁོར་འཚམ་ཞིང་མཐུན་པའི་དུས་ཤིག་ཤར་བའི་ཚེ། སྔར་སྦས་ནས་ཡོད་པའི་དངོས་པོ་དེ་ཉིད་ཕྱིར་བཏོན་ནས་དྲིལ་བསྒྲགས་དང་བེད་སྤྱོད་བྱེད་པ་ལ་ཟེར་བར་སྙམ། ལོ་རྒྱུས་ཐོག་བོན་ལུགས་ལ་དར་ནུབ་རྒོད་པའི་སྟབས་ཀྱིས་སྔར་གྲི་གུམ་གྱི་དུས་དང་། བར་ཁྲི་སྲོང་གི་དུས་སོགས་ལ་གཏེར་དུ་སྦས་【སྤྱིར་གསོ་རིག་འབུམ་བཞི་ལའང་གཏེར་མི་འདྲ་བ་གཉིས་སུ་བཤད་དེ་གཏེ ར་སྟོན་ཁུ་ཚའི་གཏེར་གཅིག་དང་བུ་འཚོའི་གཏེར་མ་གཉིས་སུ་བཤད་ཀྱང་ད་ལྟ་རང་རེ་ཞང་བོད་ཁུལ་དུ་ཡོད་པ་ནི་བུ་འཚོའི་གཏེར་མ་རུ་ངོས་འཛིན་བཞིན་འདུག】དགོས་པའི་ངལ་བ་དུ་མར་འཕྲད་པར་གྱུར་པ་དང་། ལྷག་དོན་རྒྱལ་པོ་ཁྲི་སྲོང་སྐབས་རང་གི་ཕ་ཆོས་དང་ཡབ་མྱེས་གོང་མའི་རིག་གཞུང་ལོ་རྒྱུས་ལ་རྡུང་རྡེག་དྲག་པོ་བཏང་སྟེ་སྔར་ཡོད་དཔེ་ཆ་རྣམས་མེ་ལ་བསྲེག་པ་དང་ཆུ་ལ་སྐྱུར་བ་མཆོད་རྟེན་འོག་ཏུ་སྦས་པ་【ལྷོ་ཁ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་ལྟ་བུ】སོགས་གཏིང་ནས་མེད་པར་བཅོས་པའི་ལས་འགུལ་ཤུགས་ཆེན་སྤེལ་བ་དེས་ མེས་པོའི་རིག་གཞུང་ལ་ཚད་གཞལ་དུ་མེད་པའི་བརྡབ་བརྡུང་ཕོག་ཡོད། དྲག་ཆར་རླུང་འཚུབ་དེ་ལྟ་བུའི་ནང་བོན་གཤེན་རིག་འཛིན་རྣམ་པས་གསང་ཐབས་ཀྱིས་བོན་རྣམས་གཏེར་དུ་སྦས་པ་དང་། དྲན་པ་ནམ་མཁའ་སོགས་ནན་བན་ལ་ཞུགས་ནས་ཕྱི་ཡི་རྣམ་པ་བན་ལུགས་མཐུན་པ་དང་། ནང་གི་ངོ་བོ་བོན་ལུགས་ཀྱི་ལྟ་བ་རྣལ་མ་བསྒོམ་ནས་བོན་གྱི་ཤེས་རིག་གསང་ཐབས་ཀྱི་ལམ་ནས་སྲུང་སྐྱོབ་དང་བརྒྱུད་འཛིན་ལ་བརྩོན་པ། ལོ་ཆེན་བེ་རོ་སོགས་ཀྱིས་བོན་དང་གསོ་རིག་རྩིས་མདོ་སྔགས་སོགས་ནུབ་པར་འཕངས་ནས་ཐབས་ལ་མཁས་པོས་དུས་ལ་དཔེ་བའི་སྟོན་པ་བཞིན་རྣམ་པ་བན་ལུགས་སུ་བསྒྱུར་ནས་སྤེལ་བ་ནི་པདྨ་བཀའ་ཐང་གི་ལེའུ་གྱ་བཞི་པ་ལས། བེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བེ་རོ་ཙ་ན་རྩིས་སྨན་འདྲེས་མར་བསྒྱུར། བེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ཞེས་པའི་ལུང་ལས་ ཀྱང་ཆ་རྫོགས་པ་མཁྱེན་པར་འགྱུར་རོ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ནས་བཟུང་སྟེ་བོན་གྱི་ཤེས་རིག་ལོ་རྒྱུས་དྲིལ་བསྒྲགས་དང་དར་སྤེལ་བྱེད་མི་ཆོག་པའི་ཁྲིམས་བཟོས་ཏེ། དེ་ལྟར་གནང་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཞིག་ལ་བརྩིས་ནས་ཡོད་པ་དང་། བོན་དང་བོད་རང་ལས་ཤེས་དཔལ་རིག་གསུམ་དང་ཐ་ན་རིགས་རྒྱུད་ལེགས་པ་དག་བྱུང་བར་འདོད་པ་ནི་ཤིན་ཏུ་ཉེས་པའི་བཙོག་པ་བལྟ་བ་དང་། དེ་དག་རྒྱ་གར་གཙོས་པའི་ཡུལ་ཕྱོགས་གཞན་ནས་བྱུང་བར་འདོད་ཚེ་ཆོས་སྲིད་ཟུང་ནས་བརྩི་སྲུང་ཐོབ་ཐུབ་པ་ཡིན། དཔེར་ན་རྫོགས་པ་ཆེན་པོའི་སེམས་ཕྱོགས་ཀྱི་སྡེ་རྣམས་བོན་ལས་བྱུང་ཞིང་དགའ་རབ་རྡོ་རྗེ་ཞེས་དོན་དུ་བོན་གཤེན་དྲན་པ་ནམ་མཁའ་ལ་གོ་བ་དྲན་པའི་བཀའ་ཐང་ལས་མཐོང་རྒྱུ་ཡོད་པ་དང་། རྫོགས་པ་ཆེན་པོའི་ཁུངས་ཞང་ཞུང་བཀའ་བརྒྱུད་སྐོར་བཞི་ལ་ཐུག་པར་སྨྲ་ནའང་ཁས་ལེན་མེད་པར་པད་མ་འབྱུང་གནས་ལགས་ནས་གསུངས་པར་འདོད་པ། གྲི་གུམ་གྱིས་བོན་བསྣུབས་པའི་དུས་སུ་བོན་པོ་རྣམས་ཀྱིས་ཀུ་ཧྲང་དང་མ་ཧེ་ལ་དཔེ་ཁལ་བཀལ་ནས་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བྲོས་བྱོལ་ཕེབས་དགོས་བྱུང་བ་ལོ་རྒྱུས་ཕལ་མོ་ཆེར་འཁོད་བཞིན་དུ་སྲོང་བཙན་སྐུ་དུས་ཐོན་མིས་གཞི་ནས་རྒྱ་གར་ཡི་གེར་དཔེ་བླངས་བོད་ཡིག་གསར་དུ་བཟོས་པའི་ལྟ་བ་མཐའ་རུ་སྐྱེལ་བཞིན་པ། གཉའ་ཁྲི་བཙན་པོ་རྒྱ་གར་གྱི་མི་རྒྱུད་ཡིན་པ་སོགས་ནན་གྱིས་འདོད། མ་ཟད་གསོ་བ་རིག་པ་འདི་ཉིད་སྟོན་པ་སངས་རྒྱས་གཤེན་རབ་ནས་མི་ལོ་ཆིག་ཁྲི་ཡར་སྔོན་མཛད་པར་ལོ་རྒྱུས་ཀྱི་ཆུ་འགོ་གཡུང་དྲུང་བོན་རྣམས་ཀྱིས་རྩོད་པའི་དྲི་མས་དབེན་ནའང་། ཕྱིས་དུས་ཆོས་ཕྱོགས་སུ་བཀའ་ཡིན་པ་དང་། བསྟན་བཅོས་ཡིན་པ། བཀའ་བསྟན་གཉིས་ཀ་ཡིན་པ། གཏེར་མ་ཡིན་པ། དྲང་སྲོང་མངོན་པར་ཤེས་པས་གསུངས་པ་སོགས་རྩོད་པ་འབེལ་ཞིང་། བོན་ལུགས་སུ་དེ་ལྟར་རྩོད་པ་གང་ཡང་མི་མངའ་བར་བཀའ་ཡིན་པའི་ངོས་འཛིན་འགྱུར་བ་མེད་པའི་སྟབས་ཀྱིས་རྒྱལ་བའི་བཀའ་འགྱུར་ཁྲོད་དུ་བཞུགས་སུ་གསོལ་ཡོད་པའོ། །ལར་རྒྱུད་བཞིའི་བྱུང་ཁུངས་འབུམ་བཞི་ཡིན་པ་དང་། དེ་གཉིས་ཀ་བོད་གངས་ཅན་པའི་གསོ་བ་སྨན་གྱི་རིག་པ་ཡིན་པ་ནི་ལུང་ཚིག་གཅིག་པུར་ཤི་འཐམ་རོ་འཐམ་གྱི་ངལ་བ་མི་དགོས་པར་སྔ་ཕྱིའི་བྱུང་རིམ་དང་གཞུང་དོན་ངོ་མའི་གོ་བ་ལ་དཔྱད་པ་ཁོ་ནས་གཞུང་དེ་གཉིས་ཀྱི་ལྟ་བ་སུའི་ལྟབ་ཁོངས་སུ་གཏོགས་པ་དང་། སྤྱོད་པ་སུའི་ལུགས་དང་མཐུན་པ། སྨན་རྫས་སུའི་ཡུལ་དུ་སྐྱེས་པ་མང་བ། འཚོ་བ་ཟས་སོགས་ཁྱོན་ཡོངས་ཀྱི་ལྟོ་གོས་གཏམ་གསུམ་མི་རིགས་གང་གི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་འཛམ་བུ་གླིང་ཆེན་འདིའི་སྒང་ཕན་ཚུན་རྒྱུས་ལོན་དང་ཞིབ་འཇུག་གི་སྒོ་འཕར་ཡངས་པོར་ཕྱེས་པའི་དུས་འདིར་དཔྱད་ན་གསལ་བ་ལས། སྨན་མིང་དར་ཡ་ཀན་དང་ད་ཏྲིག བ་རུ་ར། ཏྲེས་སམ། ཅུར་ནིས། ཡ་མ། ཏྲེམ། སུར་ཡ། གྷན་དྷ་པ་ཏྲ། ཨ་རུ་ར། ཚས་སོགས་ཞང་ཞུང་གི་སྨན་མིང་ཁ་ཤས་དང་། མདོས་དང་བོན་ཆོག་ཡོད་པ་གཅིག་པུས་ཕུགས་འབུམ་བཞི་སོགས་ལ་བཙན་གྱིས་གཏུགས་པ་མིན་པར་མ་ཕྱི་ཨེ་ཡིན་ཚིག་དང་དོན་ལ་དཔྱད་ན་གསལ་བ་དང་། ཕ་མ་ཨེ་ཡིན་ཤ་ཁྲག་རུས་ལ་དཔྱད་ན་གསལ་བ་ཆོས་ཉིད་ལགས་པས་གཞུང་འདི་གཉིས་ཀྱི་ལྟ་བའི་ཐོག་མཐའ་ཀུན་ཏུ་བོད་རང་གི་ཡུ ལ་གཤིས་ས་བབས་དང་རང་བྱུང་སྨན་རྫས་འཚོ་བའི་གོམས་གཤིས་སོགས་འཁྲུལ་མེད་དུ་བསྟན་ཡོད་པ་དང་། གཏོ་ཆོག་སོགས་ཡུལ་ལུགས་དང་མཐུན་པར་སྦྱར་དགོས་པ་ཡང་ཐུན་མིན་གྱི་ཁྱད་ཆོས་དང་། རང་རྐྱ་འཕེར་བའི་རིག་ལམ། ནད་བརྟག་སྨན་དཔྱད་ཀྱི་ཁྱད་པར་བཅས་ཕྱོགས་ཡོངས་ནས་བོད་ཀྱི་རང་གཤིས་གསལ་པོ་མངོན་ཡོད་པ་མ་ཟད། རྣམ་པ་གང་དང་མཐུན་པར་བཅོས་ཀྱང་ངོ་བོ་བོད་ཁམས་ཀྱི་རང་ལུགས་མ་ནོར་བར་གནས་ཐུབ་པ་འདིས་གསེར་ས་འོག་འོད་ནམ་མཁར་ཞེས་པའི་དཔེ་ཇི་ལྟ་བ་མཚོན་པར་བྱས་སོ་སྙམ།
གསུམ་པ། སྐབས་དོན་མཇུག་བསྡུ་བའི་གཏམ།
དར་བ་ཡོད་ན་རྒུད་པ་ཡོད་པ་ནི་ལྡོག་ཏུ་མེད་པའི་འབྲས་བུ་ཞིག་ཡིན་པས་རྒྱལ་པོ་སྲོང་བཙན་ནས་དང་ལྷག་པར་ཆོས་རྒྱལ་ཁྲི་སྲོང་ཚུན་【ཞང་ཞུང་རྒྱལ་རབས་འཐོར་བ་དང་རྒྱ་གར་ཕྱོགས་ནས་ཆོས་པ་མང་པོ་བོད་ལ་སྐྱབས་བཅོལ་དུ་ཡོང་བའི་དུས་སྐབས་སུ་འཁེལ་ཡོད་ཟེར】ཁ་བ་གངས་ཅན་པའི་རྒྱལ་རབས་ལོ་རྒྱུས་མཐའ་དག་བོད་རང་ས་ནས་བྱུང་བར་འདོད་ཚེ་ངོ་ཚ་དང་ལ་རྒྱ་མེད་པར་འདོད་པ་དང་། རྒྱ་གར་སོགས་ནས་དར་ཞིང་བྱུང་བར་འདོད་ཚེ་གཟི་བརྗིད་དང་ལ་རྒྱ་ཡོད་པར་འདོད། རྒྱུ་མཚན་དེ་ལྟ་བུས་རྒྱུད་བཞི་རྒྱ་གར་ནས་བྱུང་བར་འདོད་ཀྱང་མ་ཕྱི་མིག་སྟོང་བགྲད་ནས་བཙལ་ཀྱང་རྙེད་པའི་རེ་ཐག་ཆད་ཡོད་པ་དང་། སྲོ་མ་ར་ཙའམ་སྨན་དཔྱད་ཟླ་བའི་རྒྱལ་པོ་ཧ་ཤང་མ་ཧ་དེ་བ་དང་ལོ་ཆེན་བེ་རོ་རྣམ་གཉིས་ཀྱིས་བསྒྱུར་བར་འདོད་ནའང་དེང་སང་སྨན་དཔྱད་ཟླ་རྒྱལ་རྒྱ་ནག་གི་གསོ་རིག་ཡིན་མིན་ཐད་རྩོད་གླེང་ཆེ་བ་དང་། བོད་རང་གི་གསོ་རིག་གི་གཞུང་ཡིན་པ་འདོད་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ལྟར་རོ། །སྤྱིར་གསོ་བ་རིག་པ་ཀུན་གྱི་ཐུན་མོང་དམིགས་འདུན་གཅིག་པ་སྟེ། འགྲོ་བ་མིའི་རིགས་གཙོ་བོར་བྱས་པའི་ལུས་ཅན་ཡོངས་ཀྱི་བདེ་ཐང་དང་ནད་གྱུར་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན་པར་མཐོང་བས་འདྲ་བའི་ ཆ་ཀུན་ལ་ཡོད་ངེས་སོ། འདྲ་བའི་ཆ་མཐོང་བ་ཙམ་ལས་འདི་དེ་ལས་བྱུང་བའི་སྒྲུབ་བྱེད་བཙན་གྱིས་འགོད་པ་ནི་རང་རེའི་རིགས་སྤྱིའི་སྐྱོན་དུ་ངེས་པར་མཐོང་སྟེ། དཔེར་ན་མགུ་ཞིང་བསྟོད་དུས་རྒྱལ་པོ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་འཛིན་དབུ་ཐོག་དབུ་བརྩེགས་ཀྱི་རྣམ་པ་ཅན་དུ་བརྗོད་པ་དང་། སྨད་དུས་རྒྱལ་པོ་གླང་དར་བདུད་ཡིན་པ་དང་མགོ་ལ་རྭ་ཅོ་ཡོད་པ་སྨྲ་བ་ལྟ་བུས་མཚོན་ནོ།【བོན་པོས་རྒྱལ་པོ་མུ་ཁྲི་བཙན་པོ་དང་སྤུ་ལྡེ་གུང་རྒྱལ་རྣམ་གཉིས་མགོན་སྐྱབས་སྡོང་གྲོགས་མཛད་མཁན་ལྷ་ལྟ་བུར་བརྩི་བ་དང་གྲི་གུམ་བཙན་པོ་བདུད་དུ་བལྟ་བ་དང་ཁྲི་སྲོང་ལྡེ་བཙན་བསྟན་དགྲར་བརྩི་བ་སོགས་རང་རང་བདག་འཛིན་དབང་གིས་སོ】དེ་ལྟར་རང་རྒྱལ་གཞན་ཕམ་གྱི་ལྟ་བ་དང་འཐབ་རྩོད་ཅི་རིགས་གནང་བ་ནི་བོན་དང་ཆོས་ཀྱི་དགོངས་དོན་རྩ་ནས་མིན་པར་བརྟེན་ཁོ་བོས་སྔར་སོང་བན་བོན་ལོ་རྒྱུས་མང་པོ་ཞིག་ལ་དཔྱད་གཞི་དང་བསྡུར་བ་བགྱིས་ནས་འདི་ལྟར་དཔྱད་རྩོམ་ཚུལ་དུ་སྤེལ་ཁུལ་བགྱིས་པར་ནོངས་པ་ཅི་མཆིས་མཁྱེན་ལྡན་ཡོངས་ཀྱི་མདུན་སར་འཆགས་རྒྱུ་དང་། མ་འོངས་མཐུན་སྒྲིལ་དམ་ཟབ་ཀྱིས་མི་རིགས་རང་གིས་བསྒྲུན་པའི་རླབས་ཆེན་གྱི་གསོ་རིག་འདི་ཉིད་བརྒྱུད་འཛིན་སྤེལ་གསུམ་གྱི་བྱ་བ་ལ་ཡང་དག་པར་རེམས་འགྲོ་ཞེས་ཀྱང་ཞུའོ། །
སྨྲས་པ། བོན་ཆོས་གཉིས་པོ་སངས་རྒྱས་བཀའ། །
སངས་རྒྱས་བཀའ་ལ་སྨད་པ་དང་། །
བདེན་པ་ཁྱད་དུ་བསད་པ་ནི། །
ཤན་པ་དམེ་བསད་བས་ཀྱང་ཐུ། །
ཞེས་མཇུག་བསྡུའོ། །
༼དཔྱོད་ལྡན་མཆོད་པའི་མེ་ཏོག༽དེབ་གྲངས་དྲུག་པར་བཀོད།