ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> ཐུའུ་བཀན་གྲུབ་མཐའ་ལས་བརྩམས་པའི་བོན་གྱི་བྱུང་ཁུངས་བརྡོལ་འཁྱལ་བསྒྱུར་གསུམ་ལ་གཏུགས་ཡོད་མེད་དཔྱད་པ།
ཐུའུ་བཀན་གྲུབ་མཐའ་ལས་བརྩམས་པའི་བོན་གྱི་བྱུང་ཁུངས་བརྡོལ་འཁྱལ་བསྒྱུར་གསུམ་ལ་གཏུགས་ཡོད་མེད་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་གཡུང་དྲུང་གཙུག་ཕུད།] [ཟླ་ཚེས། 12-10-23] [ཀློག་གྲངས། ]

བོན་གྱི་ངོ་བོ་དང་བྱུང་རིམ་ལ་དཔྱད་པ་གནང་བའི་ཆོས་པ་དང་བོན་པོ། སྤྱིར་བཏང་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས། མཁས་དབང་ཐུའུ་བཀན་ཁོང་ནི་བོན་གྱི་བྱུང་རིམ་གྱི་ཕུགས་འཁྱལ་བརྡོལ་བསྒྱུར་གསུམ་ལ་གཏུགས་མཁན་ཞིག་ཡིན་ཤག་ཤག་གིས། བོན་ལ་སྡང་བའི་ཆོས་པ་དང་དེའི་ཤན་ཞུགས་པའི་ཞིབ་འཇུག་པ་རྣམས་ཀྱིས་ཐུའུ་བཀན་གྲུབ་མཐའ་ལྟར་བོན་གྱི་བྱུང་ཁུངས་འཁྱལ་བརྡོལ་བསྒྱུར་གསུམ་རེད་ཅེས་དང་། བོན་པོ་དང་བོན་གྱི་གྲུབ་མཐའ་ལ་བློ་ཡང་དག་ཕྱོགས་པ་རྣམས་ཀྱིས་བོན་གྱི་བྱུང་ཁུངས་ནི་ཐུའུ་བཀན་གྲུབ་མཐའ་ལྟར་མ་ཡིན་ཞེས་བཤད་ཀྱི་ཡོད། ཁོ་བོས་ནི་དེ་ལས་ལྡོག་སྟེ་ཐུའུ་བཀན་མཆོག་ནི་བོན་བསྟན་གྱི་ངོ་བོ་ནི་བསྟན་པ་ཡང་དག་ཡིན་པ་དང༌། བྱུང་རིམ་ཡང་དམ་ཆོས་བོད་ལ་མ་དར་གོང་ནས་དར་བ་ཡིན་པར་འདོད་པའི་བློ་གཟུ་བོར་གནས་པའི་མཁས་པ་ཆེན་པོ་ཞིག་ཏུ་འདོད། དེ་ཡང་ཐུའུ་བཀན་གྲུབ་མཐའ་ལས་བོན་གྱི་སྐོར་གླེང་བའི་ཐོག་མར་ཤོ་ལོ་ཀ་གཅིག་བྲིས་པ་ནི་འདི་ལྟ་སྟེ། བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། །འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི། །སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། །བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང༌། ། ཞེས་པ་ལ་དཔྱད་ན་ཐུའུ་བཀན་ཉིད་ཀྱིས་བོན་གྱི་གྲུབ་མཐའི་ངོ་བོ་དང་བྱུང་རིམ་སྐོར་ལ་འདོད་དོན་ངོ་མ་ཟུར་ཙམ་གསལ་བཤད་གནང་འདུག བོན་གྱི་གྲུབ་མཐའ་མ་དར་བའི་སྔོན་དུ་བོད་ཀྱི་ཡུལ་འདིར་བསྟན་པ་དང་གྲུབ་མཐའ་ཡང་དག་པ་མེད་པ་མུན་པའི་གླིང་ཞིག་ཏུ་ངོས་འཛིན་གནང་སྟེ། དེ་རྗེས་བོན་གྱི་བསྟན་པ་འདི་ཉིད་གླིང་འདིར་ཐོག་མར་དར་ཚེ་ཆེས་གདོད་མའི་སྤྱི་ཚོགས་ཀླ་ཀློ་མུན་པའི་གླིང་དེ་ཉིད་བོན་བསྟན་སྐྱ་རེངས་ཤར་ཏེ་མུན་གླིང་དེ་ཉིད་ནམ་ལངས་པའི་གླིང་ཞིག་ཏུ་གྱུར་ཏེ། དེ་རྗེས་དམ་ཆོས་ཉི་མ་ལྟ་བུ་འཆར་བའི་ལམ་ཡངས་པོར་ཕྱེས་པར་བསྟན་འདུག་པས་དམ་ཆོས་ཉི་མ་ལྟ་བུ་འདྲེན་བྱེད་བོན་བསྟན་སྐྱ་རེངས་ལྟ་བུ་ཞེས་དཔེ་བཀོད་པ་ནི། དོན་དུ་བོན་བསྟན་དང་དམ་ཆོས་གཉིས་ཀ་འགྲོ་བའི་བློ་ཡི་མ་རིག་ལས་ཉོན་གྱི་མུན་པ་བསལ་བྱེད་ཀྱི་བསྟན་པ་ཡང་དག་ཡིན་པ་དང༌། བོད་ཡུལ་འདིར་དར་སྔ་ཕྱིའི་སྒོ་ནས་བོན་བསྟན་ནི་སྐྱ་རེངས་དང་དམ་ཆོས་ལ་ཉི་མ་ཞེས་གསུང་པ་མ་གཏོགས་ངོ་བོ་དང་བྱེད་ལས་གཅིག་པ་ཡིན་པར་བསྟན། དེས་ན་བོན་གྱི་བྱུང་ཁུངས་བརྡོལ་བོན་ཞེས་བྱིས་པ་འདྲེས་ཁྲིད་པའི་རྫུན་གཏམ་དང་མུ་སྟེགས་པའི་ལྟ་བ་འཁྱལ་བའི་འཁྱལ་བོན་ཞེས་པ་སོགས་ལ་ཡིད་རྟོན་མ་བྱས་པ་གསལ་བོ་རེད། བྱུང་རིམ་གྱི་དབང་དུ་བྱས་ན་ཁོང་གིས་བོན་བསྟན་འདི་ཉིད་དམ་ཆོས་ལས་བསྒྱུར་བའི་བསྒྱུར་བོན་ཞེས་པའི་ལོག་རྟོག་གི་སྒྲོ་བཏགས་དེ་ཡང་ཁོང་གི་འདོད་དོན་མ་ཡིན་པ་གསལ་བཤད་བྱས་ཡོད་པ་ནི། དམ་ཆོས་བོད་ལ་མ་དར་གོང་ནས་བོན་གྱི་བསྟན་པའི་སྐྱ་རེངས་ཤར་ཏེ་བོད་ཡུལ་མུན་པའི་གླིང་དེ་ཉིད་ནམ་ལངས་བར་བསྟན་པ་གང་ཞིག དེ་དུས་བོད་ལ་བསྒྱུར་བྱའི་དམ་ཆོས་མེད་པའི་ཕྱིར། དཔེར་ན་རི་བོང་གི་ར་མེད་པས་རི་བོང་གི་ར་ལས་བཟོས་པའི་ཅ་དངོས་གང་ཡང་མི་སྲིད་པ་བཞིན་ནོ། །དེ་རྗེས་བོན་གྱི་གྲུབ་མཐའ་དངོས་གླེང་བའི་སྐབས་སུ། ཁོང་གིས་ཞར་བྱུང་དུ་བོན་གྱི་བྱུང་ཚུལ་མདོ་ཙམ་བཤད་ན། བོན་གཞུང་ལས། བསྐལ་བ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་བའི་བར་དུ་སྟོན་པ་གཙོ་མཆོག་ཀུན་བཟང་ནས་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་ཟེར་བས། དེའི་ནང་ཚེ་ལོ་བརྒྱ་བའི་དུས་སུ་འབྱུང་བར་བཤད་པའི་གཤེན་རབ་ནི་ད་ལྟའི་བོན་གྱི་སྟོན་པ་ཡིན་ལ། དེ་ཡང་ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་དུ་གཤེན་རབ་མི་བོ་ཆེ་བྱ་བ་བྱུང༌། དེ་འགའ་ཞིག་གིས་སངས་རྒྱས་ཀྱི་རྣམ་འཕྲུལ་ཡིན་ཟེར་ཞིང༌། བདག་ཅག་སྟོན་པ་དང་དུས་མཚུངས་སུ་བྱུང་ཞེས་ཀྱང་ཟེར། ཞེས་པའི་བར་གྱིས་ཁོང་གིས་གཤེན་རབ་མཆོག་ནི་བོན་གཞུང་དངོས་ཀྱི་དགོངས་དོན་ལྟར་ན་ཚེ་ལོ་བརྒྱ་བའི་བསྐལ་ཆེན་གྱི་སྟོན་པ་ཡིན་པ་དང༌། འཁྲུངས་ཡུལ་ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིང་ཡིན་པ། འཁྲུངས་པའི་དུས་ཚོད་སྟོན་པ་བཅོམ་ལྡན་འདས་དང་དུས་མཚུངས་ཡིན་པའི་བཤད་སྲོལ་དེ་གཙོར་སྟོན་བྱས་ཏེ་བཤད་པ་ནི། ཁོང་གིས་དགོངས་པ་ཡང་བཤད་ཚུལ་དེ་ལ་བློ་ཕྱོགས་ཆེ་བ་ཡིན་པ་གསལ་བོ་རེད། དེ་ལྟའི་བཤད་ཚུལ་དེ་བོན་ཕྱོགས་ཙམ་མ་ཡིན་པ་ཆོས་ཕྱོགས་ཀྱི་ལུང་ཡང་དག་པ་དྲངས་པ་ནི། ཡང་དེ་ཉིད་ལས། བེ་དྲུར་དཀར་པོ་ལས། ཞང་ཞུང་ཡུལ་ན་བོན་འདུལ་བར་དགོངས་ཏེ་གཤེན་རབ་མི་བོར་སྤྲུལ། བོན་གྱི་མཛད་པ་བཅུ་གཉིས་བསྐྱངས༌། ཐེག་པ་རིམ་པ་དགུ་རུ་གསུངས། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས། གཤིན་པོ་རྣམས་ཀྱི་དུར་སྒོ་བཅད། འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད། ཅེས་འབྱུང་ལ། གང་ལྟར་ཡང་མངོན་ཤེས་དང་རྫུ་འཕྲུལ་ནུས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་སྟེ། འོན་མདའ་གསེར་ཁང་རྩེ་ཞེས་ད་ལྟ་མངའ་རིས་གྲ་ཚང་ཆགས་པའི་གནས་འདི་དང༌། རི་བོ་རིན་ཆེན་སྤུངས་པ། ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཤར་ཕྱོགས་བོན་རི་སོགས་བོད་ཀྱི་གནས་དུ་མར་འོངས་ནས་སྲིད་པའི་ལྷ་གཉན་མང་པོ་དམ་ལ་བཏགས་ཤིང་བཏུལ་བར་གྲགས། ཞེས་ཞང་ཞུང་ཡུལ་དུ་བོན་གྱིས་འགྲོ་བ་འདུལ་བར་དགོངས་ཏེ་སངས་རྒྱས་ཀྱིས་གཤེན་རབ་མི་བོར་སྤྲུལ་ཏེ་བྱོན་པ་ཡིན་པ་ལུང་འདྲེན་མཛད་པ་དང༌། དེ་རྗེས་ཁོང་གི་བསྡོམ་ཚིག་ཏུ་མངོན་ཤེས་དང་རྫུ་འཕྲུལ་ནུས་པ་སོགས་འགྲོ་བ་འདུལ་བར་སངས་རྒྱས་དང་མི་གཉིས་པ་ཞིག་ཡོད་པས་བོད་ཀྱི་ས་ཁུལ་སྟོད་མངའ་རིས་དང་ཤར་ཕྱོགས་ཀོང་ཡུལ་སོགས་ལ་བྱོན་ཏེ། སྲིད་པའི་ལྷ་གཉན་པོ་སྟེ་ཤ་ཁྲག་གསོད་གཅོད་ལ་དགའ་བའི་ནག་ཚོགས་ཀྱི་ལྷ་སྲིན་ཡུལ་ས་སྡེ་བརྒྱད་རྣམས་དམ་ལ་བཏགས་པར་བསྟན་འདུག་པས། དོན་དུ་ཁོང་གིས་བོན་གཞུང་རྣལ་མའི་དགོངས་དོན་ལྟར་སྟོན་པ་བོད་དུ་ཕེབས་ཏེ་གདོད་མའི་དམར་མཆོད་བྱེད་པའི་བོན་ལུགས་དེ་བཀག་པར་གསུངས་པ་ཡིན་འདུག ཡང་ཁོང་གིས། དེས་གཡུང་དྲུང་གི་ཆོས་ཕུང་སྒོ་བཞི་མཛོད་ལྔ་སོགས་བཤད། གདུང་འཚོབ་མུ་ཆོ་ལྡེམ་དྲུག ཏ་ཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ། ཁྲི་ཐོག་པར་ཙ། འགུ་ཧི་ལི་སྤར་ཡ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ། རྒྱ་ནག་གི་མཁས་པ་ལེགས་བཏང་རྨང་བོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། བོད་ཀྱི་མཁས་པ་ལྡེམ་གྱིམ་ཚ་རྨ་ཆུང༌། མེ་ཉག་གི་མཁས་པ་ལྕེ་ཚ་མཁར་བུ། སུམ་པའི་མཁས་པ་མུ་སྤུངས་གསལ་ཏང༌། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན། བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་སོགས་རྗེས་འཇུག་མང་དུ་བྱུང་བས་བོན་ཆོས་ཕྱོགས་ཐམས་ཅད་དུ་སྤེལ་ཏེ་དར་བར་བྱས་སོ། །ཞེས་གཤེན་རབ་ཀྱིས་གསུངས་པའི་བོན་ལ་སྒོ་བཞི་མཛོད་ལྔ་ཡོད་པ་དང་ད་དུང་སོགས་སྒྲའི་ནང་དུ་ཐེག་པ་རིམ་དགུ་དང་ཕྱི་ནང་གསང་གསུམ་རྣམས་བསྡུས་ནས་བསྟན་འདུག བོན་སྒོ་དེ་དག་གཤེན་རབ་ཀྱི་གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་དང་དེ་ཡི་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་དང་མཁས་པ་མི་བཞི་སོགས་ཀྱིས་བོན་བསྟན་རྒྱ་དཀར་ནག་སོགས་ཡུལ་གྲུ་ཐམས་ཅད་ལ་སྤེལ་ཏེ་དར་བར་གསུངས་འདུག དེ་རྗེས་བོན་པོ་སོ་སོའི་བྱུང་ཚུལ་ཞེས་པ་ནས་བརྡོལ་བོན་དང་འཁྱལ་བོན་བསྒྱུར་བོན་གསུམ་རིམ་བཞིན་བསྟན་པ་ནི་འབྲི་གུང་སྐྱོབ་མགོན་ལྟར་བྲིས་པ་མ་གཏོགས་ཐུའུ་བཀན་རང་གི་འདོད་ཚུལ་མ་ཡིན་པ་འོག་ནས་གསལ་པོ་གསུང་འདུག ཡང་ཁོང་གིས་བོན་གྱི་ཆོས་ལ་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅིང༌། ལྟ་བ་སྟོན་པའི་གཞུང༌། རྫོགས་པ་རིན་ཆེན་གསེར་གྱི་འཕྲེང་བ། རྩ་འགྲེལ་རླུང་གི་སྤུ་གྲི། མན་ངག་འཁོར་ལོ་འོད་གསལ་སོགས་དང༌། སྒོམ་པའི་གཞུང༌། ཕུང་བོ་རང་འགྱུར་ཐིག་ལེ་དགུ་སྐོར། གསེར་ཐིག ལུས་སེམས་ཉམས་མྱོང༌། སེམས་ལུང་ཡེ་ཁྲི་དཀར་པོ་སོགས་དང༌། སྤྱོད་པའི་སྐོར། ཁམས་བརྒྱད་གཏན་ལ་ཕབས་པའི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུམ་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང༌། འཕྲིན་ལས་ཀྱི་སྐོར་གཏོ་ཐབས་སུམ་བརྒྱ་དྲུག་ཅུ། དཔྱད་ཐབས་བརྒྱད་ཁྲི་བཞི་སྟོང༌། གྱེར་སྒོ་བཞི། སྐད་ཅོང་བརྒྱད། ཤིད་ཐབས་སུམ་བརྒྱ་དྲུག་ཅུ། འདུར་ཐབས་བརྒྱད་ཅུ་རྩ་གཅིག་སོགས་དེ་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཟེར༌། ཞེས་བོན་ལའང་དམ་ཆོས་ནང་བཞིན་བཀའ་བརྟེན་འགྱུར་ཡོད་པ་བོན་ཆོས་ལ་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅེས་པས་གསལ་པོ་གསུང་གནང་འདུག དེ་ལྟ་བུའི་བཀའ་འགྱུར་ལ་ལྟ་སྒོམ་སྤྱོད་གསུམ་ཡང་དག་ཡོད་པ་མཚན་གཞི་བཅས་པས་སྒྲུབ་བྱེད་བཀོད་པ་ནི། ལྟ་བ་དང་སྒོམ་པ་གཉིས་ཀྱི་གཞུང་ལ་རྫོགས་ཆེན་སྐོར་འགའ་ཞིག་བཞག་གནང་བ་དང༌། སྤྱོད་པའི་སྐོར་ནི་རྒྱས་པ་འབུམ་ལྔ་སྟེ་མདོ་ཡི་སྐོར་དང་དེ་སྟེང་སྨན་གྱི་འབུམ་བཞི་བཞག་འདུག འོན་ཀྱང་འདི་སྐབས་སུ་ནད་འབུམ་ནག་པོ་ཞེས་དང་གཏོ་འབུམ་ནག་པོ་ཞེས་གཉིས་འཕར་མ་དང་ཐུགས་འབུམ་མཁའ་སྔོན་ཞེས་ཆད་འདུག་པས་ཕྱིས་སུ་ཡིག་ནོར་སོང་བར་གོར་མ་ཆག འཕྲིན་ལས་སྐོར་གཏོ་ཐབས་དང་དཔྱད་ཐབས་ཤིད་ཐབས་འདུར་ཐབས་སོགས་འདུག འཇུག་ཏུ་དེ་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཟེར་ཞེས་པའི་དོན་ནི་འདིར་འཕྲིན་ལས་སྐོར་བཞག་པ་རྣམས་དང་གོང་གི་སྨན་གྱི་འབུམ་བཞི་བཅས་ལ་གསུང་པ་མ་གཏོགས་གོང་གི་ལྟ་སྒོམ་སྐོར་དང་རྒྱས་པ་འབུམ་ལྔ་བཅས་ནི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་མ་ཡིན། ཡང་དེ་ཉིད་ལས། སྲུང་མའི་སྐོར་ལ། སྲོག་གི་སག་གདར་ཆེ་ཆུང༌། དྲ་བ་སྤུ་གྲི་དམར་ནག་དྲལ་འབྱམས་མ་མོའི་ཁྲག་སྒྲུབ་སོགས་དང༌། ཞེས་པ་ནས་རོ་ཀུ་ཤག་པ་སྤྱང་རྒྱུག་ཐན་གྱི་སྐོར་སོགས་ཡོད་ཅེས་ཟེར་རོ། །ཞེས་པའི་བར་ནི་གཞན་གྱི་ཟེར་སྒྲོས་ཡི་གེར་བཀོད་པ་དང༌། དེའི་ནང་ལ་བོན་གྱི་སྲུང་མ་ཡིན་པ་དང་མ་ཡིན་པ་དུ་མ་བགྲང་འདུག་ཅིང་ལྷག་པར་དུ་དབང་ཕྱུག་སོགས་ཀྱི་སྒྲུབ་སྐོར་ཡོད་ཅེས་པ་ནི་རྫུན་གཏམ་འབའ་ཞིག་སྟེ་དབང་ཕྱུག་སོགས་མགྲོན་བཞིའི་སྐབས་སུ་བསྟན་པ་སྲུང་བའི་ཟུར་མགྲོན་གྱི་ཚུལ་དུ་མཆོད་བསྟོད་ཀྱི་ཚིག་འགའ་ཡོད་པ་མ་གཏོགས་སྒྲུབ་སྐོར་སོགས་བོན་གྱི་ལུགས་ལ་མེད་པ་རེད། ཡང་དེ་ཉིད་ལས། གཞུང་དེ་དག་ལས། མི་རྟག་པ་དང་ལས་འབྲས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཕྱིན་དྲུག་སོགས་ཀྱི་གཏམ་ཐར་ཐོར་དང་ལམ་ལྔ་ས་བཅུ་སྐུ་གསུམ་སོགས་ཀྱི་རྣམ་བཞག་ཀྱང་བྱས། དབང་བསྐྱེད་རྫོགས་དམ་ཚིག་སྡོམ་པ་རབ་གནས། སྦྱིན་སྲེག་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀྱི་དོད་དང་ལས་ཁ་ཚར་བ་ཡང་མང་བཤད་ཚུལ་སངས་རྒྱས་ཀྱི་ཆོས་དང་དབྱིབས་མཚུངས་དང་མི་མཐུན་པ་ཅི་རིགས་དང༌། ཞེས་པ་ནས་མིང་འདོགས་སྒྲ་འདོད་རྒྱལ་བ་མང་དུ་སྣང༌། ཞེས་པའི་བར་གྱིས་བོན་གཞུང་ལས་བྱམས་སྙིང་རྗེ་ས་ལམ་འབྲས་བུའི་རྣམ་བཞག་ཡོད་པར་བསྟན་པ་དང༌། ཡང་སངས་རྒྱས་ཆོས་དང་དབྱིབས་མཚུངས་དང་མི་མཚུངས་ཅི་རིགས་ཡོད། ཅེས་པས་བོན་གཞུང་དེ་དག་ལས། ལྷོ་གཏེར་ཐེག་དགུའི་རྣམ་བཞག་ནང་རྒྱུ་བོན་སྐོར་སོགས་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཡོད་པར་བསྟན་ཅིང༌། གཞན་མིང་འདོགས་ཐ་སྙད་བྱེད་ཚུལ་ལ་སྒྲ་དོན་ལོག་པའི་རིགས་མང་བོ་འདུག ཡང་དེ་ཉིད་ལས། ལྟ་སྒོམ་སོགས་ཀྱི་འདོད་ཚུལ་ལ། སྤྱིར་བོན་ལ་ཕྱི་བོན་དང་ནང་བོན་གཉིས་ཡོད་པར་གྲགས་ཤིང༌། བོན་གཞུང་འགའ་ཞིག་ཏུ། དང་བོ་ཡེ་མེད་སྟོང་བ་ལ། དེ་ནས་ཡེ་ཡོད་ཅུང་ཙམ་སྲིད། དེ་ནས་བ་མོ་སྐྱ་ཙམ་སྲིད། དེ་ནས་ཟིལ་པ་ཕྲུལ་ཙམ་སྲིད། ཅེས་སོགས་ཟེར་ནས་མཐར་ཐུག་སྣོད་བཅུད་ཐམས་ཅད་སྒོང་ང་ལས་སྐྱེས་པའི་ལུགས་དང༌། ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་བ་མས་མུ་སྟེགས་ཀྱི་ལྟ་བ་འཁྱལ་བ་ཡིན་ཞེས་འབྲི་གུང་འཇིག་རྟེན་མགོན་པོས་གསུངས་ཤིང༌། དེང་སང་ཀུན་ལ་དར་ཆེ་བའི་གཏོ་ཆོག་རྣམས་སུ་ཡང་གོང་གི་ཚིག་དེ་འདྲ་མང་བོ་སྣང་ངོ༌། །ཞེས་པའི་བར་གྱིས། བོན་ལ་ཕྱི་ནང་གཉིས་ཡོད་པ་ནི་ཁོང་གི་འདོད་པ་མ་ཡིན་པ་དེ་ལྟར་གྲགས་ཞེས་པས་བཤད་སྲོལ་འདུག་ཅེས་པ་ལྟ་བུ་དང༌། སྣོད་བཅུད་སྒོ་ང་ལས་གྲོལ་ཚུལ་དང་ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་ཚུལ་ནི་མུ་སྟེགས་པའི་ལྟ་བ་འཁྱལ་བ་ཡིན་པ་འབྲི་གུང་གིས་འདོད་པ་ལས་ཁོང་གི་འདོད་པ་མ་ཡིན་པ་གསལ་བོ་རེད། འབྲི་གུང་བས་བོན་ལ་སྡང་བའི་ཁུངས་མེད་ཀྱི་འཁྱལ་གཏམ་དུ་མ་ཡོད་པའི་ནང་ནས་སྣོད་བཅུད་ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་གཞུང་བོན་ལུགས་ལ་མེད་བཞིན་ཡོད་པར་བཤད་པ་ནི་ངན་པ་ལང་ཤོར་གྱི་རྫུན་གཏམ་ཡིན། ནང་བཅུད་སྒོ་ང་ལས་གྲོལ་ཚུལ་ནི་བོན་གཞུང་ལས་ཡོད་ཀྱང་མུ་སྟེགས་པ་དང་ཁྱད་པར་ཤིན་ཏུ་ཆེ་སྟེ་སྐབས་འདིར་མ་སྤྲོས་སོ། ཡང་དེ་ཉིད་ལས། འདུས་པ་རིན་པོ་ཆེའི་རྒྱུད་བྱ་བ་ནས། ཀུན་རྫོབ་ཏུ་ནི་དངོས་རྣམས་ཞེན་པས་ཡོད། དམ་པའི་དོན་དུ་ཆགས་པ་སྤངས་པས་མེད། གཉིས་ཀ་སེམས་ཀྱི་ཆས་ཟིན་མ་ཆགས་མ་ཡེངས་པས། སྟོང་བ་ཉིད་ཀྱི་ཡེ་ཤེས་ཞེས། མི་རྟོག་ཡོངས་ཁྱབ་གསལ་དྭངས་ན། སྒོམ་པའི་དངོས་པོ་དེ་ཉིད་ཡིན། དེ་ལྟར་ལྟ་སྒོམ་གཉིས་ཀ་འབྲེལ་བར་དཔྱད་ན། སྐྱེ་བ་འདི་ལ་ཐར་པའི་འབྲས་བུ་ཐོབ་པར་ངེས༌། ཞེས་སོགས་ཀྱི་བཤད་ཚུལ་ནི་བཀའ་དང་བསྟན་བཅོས་ནས་བཤད་པ་དང་དོན་འདྲ་བར་སྣང་ཞེས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་གསུངས། ཡང་ཀུན་མཁྱེན་ཤེར་འོད་དང་སྟག་ཚང་ལོ་ཙ་བས་བོན་གྱི་ཐེག་པ་དགུ་བ་རྙིང་མའི་རྫོགས་ཆེན་དང་མཐུན་པར་ཡང་གསུངས་སྣང་ངོ་། །ཞེས་བོན་དཔེ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མེད་ལས་ཀུན་རྫོབ་དང་དོན་དམ་གྱི་འཇོག་ཚུལ་དང་བདེན་གཉིས་ཟུང་འབྲེལ་གྱི་ལྟ་བ་མི་རྟོག་ཡེ་ཤེས་ཆེན་པོ་དེ་ཉིད་ཚུལ་བཞིན་ཉམས་སུ་བླངས་ན་སྐྱེ་བ་གཅིག་ལ་ཐར་པ་འཐོབ་པར་བསྟན་པ་རྣམས་དམ་ཆོས་ཀྱི་བཀའ་དང་བསྟན་བཅོས་རྣམས་དང་ཁྱད་མེད་པར་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་ཞལ་བཞེས་སྣང་བ་དང་བོན་གྱི་ཐེག་པ་དགུ་བ་རྫོགས་ཆེན་ནི་རྙིང་མའི་རྫོགས་ཆེན་དང་ཁྱད་མེད་པར་ཀུན་མཁྱེན་ཤེར་འོད་དང་སྟག་ཚང་ལོ་ཙ་བ་རྣམས་ཀྱིས་ཞལ་བཞེས་སྣང་བར་གསུང་པའི་ཤུགས་ལ་ཐུའུ་བཀན་རང་གི་དེ་ལྟར་འདོད་པ་གསལ་བོ་རེད། ཡང་དེ་ཉིད་ལས། ཁོ་བོས་མཐོང་བའི་བོན་གཞུང་ཞིག་ནས་འདི་ལྟར་སྣང་སྟེ། གཞི་རང་བཞིན་རྣམ་དག་གི་གནས་ལུགས་ནི། སངས་རྒྱས་སེམས་ཅན་གཉིས་ཀའི་སྔོན་རོལ་ན། འོད་གསལ་སྟོང་པ་བོན་གྱི་སྐུ་ངོ་བོ་རང་བཞིན་རྣམ་དག བག་ཆགས་སྒྲིབ་པས་མ་གོས་ཤིང་། ཅི་ཡང་མ་ཡིན་ལ་ཅི་ཡང་གསལ་བ། གདོད་ནས་སངས་རྒྱས་ཀྱི་ངོ་བོར་གནས་པ། བྱ་བའི་རྒྱུ་ལས་མ་གྲུབ། བྱེད་པའི་རྐྱེན་ལས་མ་ལྟོས་པར་རྩོལ་མེད་ལྷུན་གྲུབ་རང་ཆས་སུ་ཡོད་དེ། ཞེས་པ་ནས་སྣང་བ་ཐམས་ཅད་བོན་དབྱིངས་རྣམ་དག་ཏུ་རྟོགས་ཏེ། འཁོར་འདས། བཟང་ངན། སྤང་བླང༌། དབྱེར་མེད་རོ་གཅིག་པར་གྱུར་ནས་བོན་སྐུ་རང་ས་ཟིན་པས་ཀློང་སྒོམ་ཟད་སར་སྐྱེལ་བའོ། །ཞེས་བྱུང་ངོ༌། །འདི་དག་ནི་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པར་འདུག་པས་བོན་རྫོགས་གཉིས་ཐུགས་ནང་གཤིན་པོ་ཡོད་པ་འདྲའོ། །ཞེས་པའི་བར་གྱིས། ཐུའུ་བཀན་རང་གིས་མཐོང་བ་ནི་རང་འབྱུང་གི་ཡེ་ཤེས་ཆེན་པོ་གཞི་ཡི་གནས་ལུགས་དང་དེ་ཡི་རྩལ་མ་འགག་པ་རོལ་པའི་འཆར་ཚུལ་སོགས་བསྟན་པའི་གཞུང་དང༌། གནས་ལུགས་རིག་བྱ་རིག་བྱེད་གཉིས་མེད་ཀྱི་རང་རིག་པའི་ཡེ་ཤེས་ངོ་འཕྲོད་ནས་ཐུན་སྒོམ་དང་ངང་སྒོམ། མཐར་ཀློང་སྒོམ་མངོན་ཏུ་བྱས་ཏེ་སྐུ་གསུམ་གྱི་གོ་འཕང་ཐོབ་པར་གསུང་པ་རྣམས་ཡིན། དེ་དག་ཁོང་གིས་རྙིང་མའི་རྫོགས་ཆེན་དང་དོན་གཅིག་པར་གསུང་ཞིང༌། ད་དུང་ཁ་གསལ་བ་ཞིག་ལ་འདི་དག་ནི་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པར་འདུག་པས་ཞེས་བོན་གཞུང་དེ་དག་རྙིང་མའི་རྫོགས་ཆེན་ལས་སྔ་བ་ཡིན་པ་རྙིང་མའི་རྫོགས་ཆེན་ནི་དེའི་ཕྱིས་སུ་བྱུང་བ་ཡིན་པའི་འདོད་ཚུལ་གསལ་པོ་བསྟན་པས་ཡོངས་གྲགས་སུ་བན་རྙིང་མ་བོན་གྱི་ཚ་བོ་ཞེས་པའི་ཟེར་སྒྲོས་བཞིན་ཁས་བླངས་འདུག ཡང་དེ་ཉིད་ལས། ཐེག་པ་རིམ་དགུའི་བོན་གཞུང་སྲོང་ཟེར་ཏེ། དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུ་ཡི་ཐེག་པ་བཞི། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ། །ཞེས་པ་ནས། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་པ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ། ཨ་དཀར་དངཡེ་གཤེན་གྱིས་སྐྱེ་བ་གཅིག་ལས་ཐར་པ་ཐོབ། ཁྱད་པར་ཆེན་པོས་ཚེ་གཅིག་གིས་བོན་སྐུ་ཐོབ་ཅེས་བཤད་དོ། །ཞེས་པའི་བར་གྱིས། བོན་གྱི་ཐུན་མོང་མ་ཡིན་པའི་ལྷོ་གཏེར་ལུགས་ཀྱི་ཐེག་དགུའི་རྣམ་བཞག་རོབ་ཙམ་ངོ་སྤྲོད་བྱས་ཏེ་དེ་དག་ལ་ཞུགས་ནས་མཐར་ཐར་པ་ཆེན་པོ་ཐོབ་ཚུལ་ལ། མདོ་ལུགས་ལ་བསྐལ་པ་གྲངས་མེད་གསུམ་ནས་ཐོབ་པ་དང༌། སྔགས་ལུགས་ལ་སྐྱེ་བ་གཅིག་ལ་ཐོབ་པ་དང༌། རྫོགས་ཆེན་ལུགས་ལ་ཚེ་གཅིག་ལ་ཐོབ་ཚུལ་བཀོད་འདུག དེ་ཡན་ཐུའུ་བཀན་རང་གིས་བོན་གྱི་སྐོར་ལ་གཟིགས་ཞིབ་གནང་བའི་ལྟ་ཚུལ་ཡིན། མཇུག་ཏུ་ཁོང་གིས་སྐབས་འདིར་གླེང་བའི་བོན་གྱི་སྐོར་ལ་ཐུའུ་བཀན་རང་གི་འདོད་པ་ཡིན་པ་དང་མ་ཡིན་པ་ཅི་རིགས་ཡོད་པ་གསལ་བཤད་བྱས་པའི་བསྡོམ་ཚིག་འདི་ལྟ་སྟེ། བོན་ཇི་ལྟར་དར་བ་དང་འདོད་ཚུལ་རྣམས་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པས། བོད་དུ་སྔ་ཕྱི་བར་གསུམ་དུ་འབྱུང་ཚུལ་རྣམས་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་དང༌། ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ་ནི། ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ། རྟག་གཟིགས། རྒྱ་དཀར་ནག་ བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་བྱ་བ་ལས་འབྱུང་བ་ལྟར་བྲིས་སོ། །ཞེས་དང་བོ་བོན་ཇི་ལྟར་དར་བ་དང་འདོད་ཚུལ་རྣམས་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པས་ཞེས་པས་བོན་གྱི་འདོད་ཚུལ་དང་དར་ཚུལ་ངོ་མ་བཤད་དགོས་ན་བོན་གཞུང་ཁུངས་མ་རྣམས་ལ་གཞི་བཅོལ་དགོས་པས། ཁོང་གིས་སྐབས་དེ་དུས་བོན་གཞུང་ཁུངས་མ་དེ་ཙམ་མ་རྙེད་པའི་རྒྱུ་མཚན་ལ་བརྟེན་ནས་བོན་གྱི་གྲུབ་མཐའ་དངོས་བཤད་པ་དེ་ཙམ་བྱུང་མ་སོང་ཞེས་དང༌། གོང་དུ་བརྡོལ་བོན་དང༌། འཁྱལ་བོན། བསྒྱུར་བོན་སྐོར་ནི་འབྲི་གུང་དགོངས་གཅིག་ལྟར་བྲིས་པ་ཡིན་ཞེས་པས་ཐུའུ་བཀན་རང་གི་འདོད་པ་མིན་པ་གསལ་བོ་བསྟན་ནས་བཤད་སྟངས་དེ་ནི་བོན་གྱི་བྱུང་ཁུངས་དངོས་མ་ཡིན་པ་འབྲི་གུང་རང་གི་འདོད་ཚུལ་ཙམ་ཡིན་པ་གསལ་བཤད་བྱས་པ་ལས་བོན་གྱི་ཁུངས་དེ་ལ་གཏུགས་པ་མ་ཡིན་པ། ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་རེད། ཁོང་གིས་བོན་གྱི་ལྟ་སྒོམ་སྤྱོད་པ་སོགས་ཀྱི་སྐོར་གང་བྲིས་པ་རྣམས་བོན་དཔེ་གསང་སྔགས་རྫོང་འཕྲང་ཞེས་པ་ཡུལ་མང་མཁར་གསང་བའི་བོན་ཕུག་ཅེས་ད་ལྟའི་ཆར་བོད་ལྗོངས་གཞིས་རྩེ་ས་གནས་ལྷ་རྩེ་ཤན་གྱི་ཁོངས་གཏོགས་ས་མིང་མང་འཁར་ལྕགས་འཕྲང་བོན་ཕུག་ཞེས་པའི་སར། སྟག་གཟིག་དང་རྒྱ་དཀར་ནག་བོད་ལ་སོགས་པའི་རིག་འཛིན་མཐའ་དག་འདུས་ནས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི་ཞེས་ཁོང་གིས་བོན་གྱི་སྐོར་གང་གླེང་བ་དེའི་ཁུངས་གཏུག་སའི་བོན་དཔེ་དེ་ནི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་ལས་བསྡུས་པའི་བོན་དཔེ་ཁུངས་དག་ཡིན་པར་བསྟན་འདུག མཇུག་ཏུ་ཁོང་གིས། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང༌། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །ཞེས་པས་གྲུབ་མཐའི་ཆགས་སྡང་གིས་མྱོས་པའི་རིས་ཅན་དག་གིས་ཆོས་དང་བོན་གཉིས་འགལ་བ་ལྟ་བུ་འདོད་ཀྱི་ཡོད་ཀྱང༌། དོན་ལ་དེ་ལྟར་མ་ཡིན་པ་ཆོས་བོན་གཉིས་ནང་དོན་འདྲེས་པ་ལྟ་བུ་འདུག་པས། ཆུ་བུར་ཀྱི་རྡུལ་དང་བྲལ་བའི་ཆོས་ཀྱི་སྤྱན་ལྡན་མ་གཏོགས་ཁྱད་པར་འབྱེད་དཀའ་བ་ཡིན་པར་བརྟེན། ཁོང་གིས་ཁྱད་པར་འབྱེད་ཤེས་མ་སོང་ཞེས་ཆོས་བོན་གཉིས་ཚིག་དོན་གང་ཅིའི་ཐད་ནས་སངས་རྒྱས་ཀྱི་བསྟན་པ་ཡིན་པ་གཅིག་པར་བསྟན་འདུག ཡང་མཇུག་ཏུ། ཆོས་མིན་འཇིག་རྟེན་མིན་པའི་གཏམ། །མཁོ་མིན་མི་མཁོ་མིན་པ་འདི། །རྒྱས་མིན་བསྡུས་པ་མིན་པ་རུ། །གསལ་མིན་མི་གསལ་མིན་ཙམ་གླེང༌། །ཞེས་པས་ཆོས་མིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་དང་དེ་ལ་མིང་འདོགས་འདྲ་མིན་བྱས་པ་མིན་པ་དང༌། འཇིག་རྟེན་མིན་ཞེས་འཇིག་རྟེན་པའི་ཆོས་མུ་སྟེགས་སོགས་ཀྱི་ཆོས་ལྟ་བུ་མ་ཡིན་པར་བསྟན། འོ་ན་བོན་གྱི་བསྟན་པ་འདི་ཉིད་གང་ཞིག་ལ་ངོས་འཛིན་པ་ཡིན་ཞེ་ན། སྟོན་པ་ཐུབ་པའི་དབང་བོའི་བསྟན་པ་མིན་ལ་ཕྱི་བ་ཡང་མ་ཡིན་པ། ནང་བ་གཤེན་རབ་ཀྱི་བསྟན་པ་ཞེས་ནང་བསྟན་ཡང་དག་པ་ཞིག་ཡིན་པ་བསྟན་འདུག་པས་ནང་བསྟན་ཡིན་ན་ཐུབ་པའི་བསྟན་པ་ཡིན་དགོས་པའི་བློ་ཆུང་གུ་དོག་གི་འདོད་ཚུལ་དེ་ཁོང་ལ་མེད་དོ་སྙམ། མཁོ་མིན་ཞེས་ཆོས་ལས་ལྷག་ཏུ་མཁོ་བ་མ་ཡིན་པ་དང༌། མི་མཁོ་མིན་ཞེས་ཆོས་མིན་ཀྱང་མུ་སྟེགས་པའི་ཆོས་བཞིན་མི་མཁོ་བ་མིན་པ་ཐར་པ་སྒྲུབ་པའི་ཐབས་ལམ་དུ་མཁོ་བ་ཡིན་པར་བསྟན་པ་གསལ་བོ་རེད། ཁོང་གི་གྲུབ་མཐའི་བྱུང་བརྗོད་ནང་བོན་གྱི་སྐོར་ལ་འདི་ལས་ཞིབ་ཏུ་དཔྱད་དགོས་པའི་གནས་དུ་མ་འདུག་ཀྱང༌། ད་ལེན་ཁོ་བོས་རྩོམ་ཐུང་འདི་ཡི་ནང་དེ་ཙམ་གྱིས་མཐུས་པར་བྱས་པ་ཡིན་ལ། རྗེས་སུ་འདི་དང་འདི་ལྟ་བུའི་རིགས་ལ་རི་བོང་ཅལ་འགྲོགས་ཀྱི་དཔེ་ལྟར་མ་སོང་བར། ཚད་གསུམ་རིག་པའི་ལམ་ནས་ཞིབ་ཏུ་དཔྱད་དེ་རང་གཞན་གྱི་མཁས་པ་དག་གི་དགོངས་དོན་གཤའ་མ་གོ་བར་བྱེད་རྒྱུ་ནི་སྒྲོ་སྐུར་གྱི་དྲི་མ་སྤང་བའི་གཉེན་པོ་ཡང་དག་ཞིག་ཏུ་འཁུམས་སོ་ཞེས། ལེགས་བཤད་སྨྲ་བའི་ཉི་མ་ཞེས་པས་ ༢༠༠༩ལོ༡༢ ཚེས་ ༡༥ཉིན་མཇུག་གྲུབ་པར་བྱས་སོ། །

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽སྤྱིའི་འདོན་ཐེངས་བཞི་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག