ཧི་མ་ལ་ཡ་ནི་འཛམ་གླིང་གི་ཤར་ཕྱོགས་མི་རིགས་མང་པོའི་ཤེས་རིག་ལོ་རྒྱུས་འབྱུང་གནས་ཀྱི་ཕ་ས་ཞིག་ཡིན། ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་གར་ལ་མཚོན་ན་ལོ་རྒྱུས་ཀྱི་ཆུ་རྒྱུན་མགོ་བོ་ཆུ་བོ་གངྒ་ཡིན་ལ། དེ་ཡི་ཆུ་མགོ་ཧི་མ་ལ་ཡའི་གངས་རྒྱལ་ཏི་སེར་ཐུག་ཡོད། རྒྱ་ནག་ལོ་རྒྱུས་ཀྱི་ཆུ་རྒྱུན་གྱི་མགོ་བོ་ནི་རྨ་ཆུ་དང་འབྲི་ཆུ་གཉིས་ཡིན་པས་དེ་དག་གི་མགོ་བོ་ཧི་མ་ལ་ཡའི་རི་རྒྱུད་ལ་ཐུག་ཡོད། དེ་བས་ཀྱང་ཞང་བོད་མི་རིགས་ཀྱི་ལོ་རྒྱུས་མགོ་ཁུངས་གངས་རྒྱལ་ཏི་སེར་ཐུག་ཡོད་པ་ནི་ཆུ་མགོ་གངས་ལ་ཐུག་ཅེས་པའི་དཔེ་ལྟར་ངེས། རྒྱ་གར་ནག་དང་ཞང་བོད་ལོ་རྒྱུས་ལུགས་སོ་སོར་གཏན་ཚིགས་དང་ལྡན་པའི་ཁུངས་ཡོད་ཀྱང་མི་རིགས་དེ་དག་གི་ཤེས་རིག་ལོ་རྒྱུས་དུ་མ་ཞིག་ཧི་མ་ལ་ཡའི་པང་ལས་བྱུང་བར་མངོན། ལྷག་ཏུ་ཆེས་གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་འབྱུང་གནས་བླ་རི་གངས་རྒྱལ་ཏི་སེས་དབུས་བྱས་པའི་ཧི་མ་ལ་ཡའི་རི་བརྒྱུད་འདིར་གལ་ཆེ་བའི་ལོ་རྒྱུས་ཀྱི་འབྲེལ་བ་ལྡན་ཡོད།
རྩ་བའི་ཞང་བོད་ཤེས་རིག་འབྱུང་གནས་ཀྱི་ལྟ་ཚུལ་ལ། གནའ་བོའི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་སྟོན་པ་གཤེན་རབ་ཀྱི་ཞང་བོད་ཤེས་རིག་གི་རྩ་བ་བཟོ་སྒྲ་ཕྱི་ནང་གསོ་རིག་སོགས་རིག་པའི་གནས་ལྔ་སྲོལ་ཕྱེས། དེ་ནས་ཁོང་གི་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་ཤེས་རིག་དེ་དག་རྒྱ་གར་དང་རྒྱ་ནག སྟག་གཟིག སུམ་པ། ཞང་ཞུང་། ཕྲོམ་ལ་སོགས་ཞང་བོད་རང་གི་ཡུལ་ནས་ཡུལ་གྲུ་གཞན་ལ་ཁྱབ་སྤེལ་གཏོང་ཚུལ་བོན་གྱི་ལོ་རྒྱུས་ཀྱི་བཤད་གཞི་དང་། དེ་རྗེས་ཐུབ་པའི་བསྟན་པ་བོད་དུ་དར་བ་ནས་བཟུང་བོད་ཀྱི་བསམ་བློ་ལ་ཁ་ཕྱོགས་ཏེ། དམ་ཆོས་རྒྱ་གར་ནས་གདན་དྲངས་པའི་གནད་ཀྱིས་བོད་ཀྱི་ཤེས་རིག་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ཁུངས་རྒྱ་གར་ལ་བཅོལ་བ་དང་། འབྱུང་རྩིས་སོགས་ཤེས་རིག་འགའ་ཞིག་རྒྱ་ནག་ལ་ཁུངས་བཅོལ་ནས་བོད་རང་གི་ཤེས་རིག་རྣལ་མ་རྣམས་ཁུངས་མེད་བཟོས་ནས། བོད་ཡུལ་གླེན་པ་ཁྱུ་གཅིག་དང་མུན་ནག་གི་ཡུལ་ལྟ་བུའི་ངོས་འཛིན་བྱས་ཏེ། བོད་ཀྱི་ཤེས་རིག་གི་ཁུངས་གཞན་ཡུལ་ལ་སྐྱབས་བཅོལ་ཚུལ་བོད་ཀྱི་ཐུབ་བསྟན་རིང་ལུགས་འཛིན་པའི་བཞེད་སྲོལ་དང་། གཤེན་ཐུབ་གཉིས་ཀྱི་རྗེས་འབྲངས་ལ་མཚོན་ན་ཤེས་མེད་ཁ་ཕོ་ཅན་གྱི་འུད་སྒྲོག་གི་རྗེས་སུ་མི་འབྲངས་པར་དོན་དངོས་རིག་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲང་རྒྱུ་གལ་ཆེ། གཤེན་ཐུབ་གཉིས་ཀྱི་རིང་ལུགས་འཛིན་མཁན་ཞིག་ཡིན་ན་གཤེན་རབ་ཀྱི་བསྟན་པའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་དང་ཐུབ་པས་བསྟན་པའི་བཀའ་སྡེ་སྣོད་གསུམ་གྱི་གཞུང་དོན་ཚུལ་བཞིན་ལག་ལེན་བྱེད་མཁན་དེ། དེའི་རྗེས་འཇུག་གཤའ་མ་ཡིན།
དེ་ཡང་བདེན་པ་བོར་ནས་རྫུན་པའི་རྗེས་འབྲང་གིས་འུད་སྒྲོག་པ་ལ་གཙིགས་ཆེར་མི་འཛིན། ཚན་རིག་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་དུས་འདིར་མིའི་རིགས་ལ་དགོས་མཁོའི་ཆ་རྐྱེན་དུ་མ་ཞིག རང་གི་མིག་སྔར་ལས་སླ་དང་སྟབས་བདེ་བསམ་ཡུལ་ལས་འདས་པའི་ཀུན་ཁྱབ་གློག་དྲས་དུས་རབས་གསར་བའི་སྤྱི་ཚོགས་ནང་། སྲོལ་རྒྱུན་གྱི་ཤེས་རིག་གལ་ཆེན་ཁག་གཅེས་སྲུང་དང་མྱུར་སྐྱོབ་གཞིར་བྱས་ཁྱབ་སྤེལ་གྱི་བྱ་བ་དེ། དུས་རབས་ལ་ཁ་ཕྱོགས་ཏེ་དེང་རབས་ཅན་གྱི་གློག་རྡུལ་དྲ་བའི་རླབས་འཕྲིན་དེ་སྲོལ་རྒྱུན་དང་བསྡུར་ན་ཆེས་སྟབས་བདེ་དང་ཀུན་ཁྱབ། ཀུན་སྤྱོད། ཀུན་མཐུན་གྱི་ནུས་པ་ལྡན་པ་དེ། ངེད་༼ཧི་མ་ལ་ཡའི་བོན༽གྱི་དྲ་ཚིགས་ནས་སྤྱིར་འཛམ་གླིང་གི་ཤེས་རིག་དང་སྒོས་སུ་ཆེས་གནའ་བོའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཐོན་པའི་བོན་གྱི་ཤེས་རིག་ལོ་རྒྱུས་རྣལ་མ་དེ་དག་དྲ་བ་འདིར་བརྒྱུད་ནས་རྒྱ་ཆེ་དྲ་བའི་ཀློག་པ་པོ་རྣམས་ལ“མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་”ཀྱི་རྩ་དོན་གཞིར་འཛིན། ཕན་ཚུན་ཤེས་རྟོགས་འབྱུང་ཆེད་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་དུས་རབས་ཀྱི་ལྡེ་མིག་འཛིན་ཏེ་འཛམ་གླིང་གི་སྒོ་མོ་ཆེ་འབྱེད་ཐུབ་པའི་རེ་སྨོན་དང་བཅས་དྲ་ཚིགས་གཙོ་སྒྲུབ་པས།