ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> དྲང་སྲོང་རྣམ་རྒྱལ་གྱི་ཤིས་ཚིག
དྲང་སྲོང་རྣམ་རྒྱལ་གྱི་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲང་སྲོང་རྣམ་རྒྱལ།] [ཟླ་ཚེས། 10-08-01] [ཀློག་གྲངས། ]

ཤར་ནུབ་ཆ་འཕྲིན་གློག་གི་རྗེས་འགྲོ་བས། །
བློ་ཡི་ཡུལ་ལས་འདས་པའི་དོན་ཆེན་བསྒྲུབས། །
གཡུང་དྲུང་བོན་གྱི་ལྟ་སྤྱོད་མེ་ལོང་ངོར། །
ཐེག་དགུའི་གཟུགས་བརྙན་རི་མོའི་གཟུགས་སུ་གྲུབ། །

གནའ་དེང་ལོ་རྒྱུས་གསལ་བའི་པ་ཏྲའི་རིས། །
མ་འཁྱོག་ཚངས་ཐིག་གསལ་བའི་ཉེར་བསྡོགས་བསྒྲུབས། །
ཕུལ་བྱུང་ལུང་རིགས་རྣམ་དཔྱོད་རྣོ་བདར་བའི། །
དཔྱད་གླེང་ཤེས་རབ་རབ་གྲིའི་རྩེ་མོ་རྣོ། །

ཚངས་སྲས་མགྲིན་པར་ཆགས་པའི་ངག་གི་རྩལ། །
ལེགས་རྩོམ་ཚངས་པའི་དབྱངས་ཀྱི་སྟ་གོན་བྱས། །
ཐར་འདོད་ཐར་པའི་ཕྱོགས་སུ་བགྲོད་པའི་ལམ། །
ཚང་ལ་མ་ནོར་གསུང་རབ་ནོར་བུ་བླངས། །

ཉམས་འགྱུར་སྟོང་ཕྲག་ཅིག་ཅར་འཆར་བ་ཡི། །
བརྙན་རིས་མིག་གི་བདུད་རྩི་ཅི་ཡང་འཆར། །
ཟླ་བྲལ་ཕུལ་བྱུང་མི་སྣའི་གསེར་གྱི་ཕྲེང་། །
ལེགས་པར་བསྟར་བ་ངོ་མཚར་ཉིད་དུ་གྱུར། །

ངུར་སྨྲིག་འཛིན་པའི་དགོན་སྡེ་བརྒྱ་ཕྲག་གིས། །
བཤད་སྒྲུབ་བསྟན་པ་འཛིན་ཚུལ་ཅི་ཡང་གསལ། །
དེ་ལྟའི་ཧི་མ་ལ་ཡའི་དྲྭ་རྒྱ་དེར། །
ཤིས་བརྗོད་བསྟོད་པའི་རོལ་མོ་འབུམ་གྱིས་མཆོད། །
 

དྲང་སྲོང་རྣམ་རྒྱལ་གྱིས་ཤིས་ཚིག་ཏུ་ཕུལ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག