མདུན་ཤོག
བཀོད་པ་ཡིད་འོང་རྣམ་བཀྲའི་གུར་ཁྱིམ་དབུས། །
ཕུན་ཚོགས་འདོད་དགུའི་རཌྣ་འབུམ་འཁྱིལ་བ། །
ཐམས་ཅད་གསལ་བར་བྱེད་པའི་གློག་གི་རླབས། །
དང་པོར་བསུས་པའི་སྒོ་གླེགས་རྣམ་པར་བརྒྱན། །
ཆ་འཕྲིན།
ཇི་སྙེད་གླིང་བཞིའི་བྱུང་བ་ཡོངས་སུ་རྫོགས། །
དེང་རབས་རིག་པའི་ཆ་འཕྲིན་ལ་སྡེབས་ནས། །
ཀུན་གྱི་གསོས་སུ་འབེབས་པའི་སྒེག་ལྡན་མ། །
དུས་ཀྱི་འཕྲིན་སྒྲ་སྒྲོགས་པའི་ཕོ་ཉར་བཞེངས། །
གཡུང་དྲུང་བོན།
གྲུབ་པའི་ཁྱུ་མཆོག་བྱེ་བས་ལོངས་སྤྱད་ཅིང་། །
ཡང་དག་ལྟ་གྲུབ་རྣམ་པར་རྒྱལ་བའི་འཕྲེང་། །
སྲིད་པ་གསུམ་གྱི་དབྱིངས་སུ་བསྒྲེངས་པ་ཡི། །
གཤེན་སྟོན་ཆེན་པོའི་རྒྱལ་མཚན་འདི་ན་ཕྱར། །
ལོ་རྒྱུས།
མུན་ཁུང་སྟེགས་བུར་རློམས་པའི་བུ་ག་རུ། །
མ་རྟོགས་རིག་པ་ཉལ་བའི་སྤྲེལ་ཚོགས་ལ། །
ཡང་དག་ཤེས་རིག་སྒྲོན་མེ་འདེགས་པ་པོ། །
ལོ་རྒྱུས་གསོན་པོའི་བྲང་ཁོག་འདི་རུ་ཕྱེས། །
དཔྱད་གླེང་།
ལེགས་བཤད་འོ་མཚོ་འཁྱིལ་བའི་ཀློང་ཆེན་དུ། །
རྣམ་དཔྱོད་བློ་གྲོས་འབུམ་གྱིས་བསྲུབས་པ་ཡི། །
ཡང་དག་མངར་ལྡན་འབྲུ་མར་སེར་པོའི་བཅུད། །
འཁྲིས་ནད་བྲལ་བའི་བུ་ལ་གསོས་སུ་འཚམས། །
ལེགས་རྩོམ།
མ་བཅོས་དུང་བ་འཕར་བའི་བྲང་གཞུང་ནས། །
བསྡེབ་སྦྱོར་ནོར་བུའི་བརྒྱན་གྱིས་སྤུད་པ་ཡི། །
ཡང་དག་དགེ་བའི་ལམ་དུ་བསྐུལ་བའི་གཏམ། །
ཞལ་གདམས་དྲོན་མོའི་ཞུན་ཁུ་འདི་རུ་འཁྱིལ། །
གསུང་རབ།
རྣམ་དཔྱོད་རིག་པ་འབུམ་གྱི་གདེངས་ཀ་རུ། །
རབ་འབྱམས་ཤེས་རིག་གྲོགས་སུ་སྦྲན་པ་ཡི། །
ཕྱག་རྗེས་གླེགས་བམ་ལྷུན་པོའི་གཏོས་ལྟ་བུ། །
སྣ་ཚོགས་སྤུངས་པའི་བཟོ་བཀོད་བལྟ་ན་སྡུག །
བརྙན་རིས།
རང་བྱུང་རི་མོར་བཀོད་པའི་སྣང་བརྙན་གྱིས། །
མ་མཇལ་དངོས་སུ་འཕྲད་ལྟའི་ཚོར་ཤེས་ལ། །
གང་ཞིག་གསལ་བར་བྱེད་པའི་རི་མོའི་ཕྲེང་། །
ཆུ་བུར་འདྲེན་བྱེད་བདུད་རྩི་འདི་ན་བཤམ། །
མི་སྣ།
དྲི་བྲལ་ལྷག་བསམ་ཁ་བ་དཀར་པོའི་མདངས། །
གཤེན་བསྟན་ལུགས་བཟང་ཟླ་བའི་མ་མ་རུ། །
ལེགས་པར་སྤྱོད་པའི་མཛད་འཕྲིན་ས་ལེ་བ། །
ས་རུ་འཁྱིལ་བའི་ཞབས་རྗེས་འདི་ན་འཛུམ། །
དགོན་སྡེ།
མཐོར་འདེགས་ཧི་མ་ལ་ཡི་དབུ་འཕང་ནས། །
སྨད་ཕྱོགས་ཁྲོ་སྐྱབས་རྒྱལ་བོའི་ཕོ་བྲང་བར། །
བཤད་སྒྲུབ་བསྟན་པ་རྒྱས་པའི་ཚལ་ཆེན་པོ། །
བྱ་བྲལ་དབེན་པའི་སྡེ་ཚོགས་འདི་ནས་མཇལ། །
ཤིས་ཚིག་རྣམ་པར་རྒྱལ་བའི་རྒྱང་གླུ་ཞེས་པ་འདི་གཙོ་བོ་དྲ་ཚིགས་གཙོ་སྒྲུབ་པ་རྣམས་ལ་ཐུགས་རྗེའི་ལེགས་གསོལ་གྱི་ཚུལ་དུ་ཕུལ་བ་ཡིན་ཞིང་། ལྷན་རྒྱས་ནས་ཀྱང་འདི་བཞིན་རང་རེའི་བསྟན་དོན་ལ་སྨན་པའི་ཁུར་བོ་རླབས་ཆེན་དེ་བསྐལ་བརྒྱའི་བར་དུ་བརྟན་ཕྱིར༌མུ་མཐུད་ནས་འབད་བརྩོན་གནང་རྒྱུ་ས་མཐའི་གྲྭ་རྒན་ངའི་རེ་བ་ཆེ་ཤོས་ཤིག་ཡིན། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་བྱང་ཨ་རིའི་ནུབ་ངོས་སུ་བརྟན་བཅས་པ་༼རྒྱལ་གཤེན་ཞང་བོད་རིག་སློབ་གླིང་༽ནས་༢༠༡༠ཟླ་བ་༨ཚེས་༡ཉིན།