གཏོར་མའི་ངོ་བོ། རྫས་ཀྱི་རིགས་ལ་སེར་སྣ་མེད་པའི་གཏོང་སེམས་ཅན་དེ་གཏོར་མའི་ངོ་བོ།
གཏོར་མའི་སྒྲ་དོན། འཛིན་ཆགས་མེད་པར་བཏང་བས་གཏོར། སྡང་བ་མེད་པར་ཀུན་ལ་ཁྱབ་པས་མའོ།།
གཏོར་མའི་དབྱེ་བ། ཕྱིའི་གཏོར་མ། ནང་གི་གཏོར་མ། གསང་བའི་གཏོར་མ། ཡང་གསང་དེ་ཁོ་ན་ཉིད་ཀྱིས་གཏོར་མ་དང་བཞི་ཡོད།
ཕྱིའི་གཏོར་མ། དཀར་གསུམ་མངར་གསུམ་བྱིན་གྱིས་བརླབས་ནས་འབུལ་ཞིང་བསྔོ་བ་དེའོ།།
ནང་གི་གཏོར་མ། ཤ་ལྔ་བདུད་རྩིར་བྱིན་གྱིས་བརླབས་ནས་འབུལ།
གསང་བའི་གཏོར་མ། རང་ལུས་ཚོགས་སུ་འབུལ་བ་དང་ཕྱི་སྣོད་གཏོར་གཞུང་དང་ནང་བཅུད་གཏོར་མ་བཤམས་ཏེ་འབུལ།
ཡང་གསང་དེ་ཁོ་ན་ཉིད་ཀྱི་གཏོར་མ། བདག་འཛིན་ཐམས་ཅད་དང་བྲལ་ཞིང་འཛིན་མེད་སྤྲོས་བྲལ་གྱི་ལྟ་བ་སྐྱོང་བ་ནི་དེ་ཁོ་ན་ཉིད་ཀྱི་གཏོར་མ་སྟེ་གཏོར་མའི་ནང་ནས་མཆོག་གོ །
གཏོར་མའི་དགོས་པ། ཕྱིའི་གཏོར་མ་དང་ནང་གི་གཏོར་མའི་དགོས་པ་ལོངས་སྤྱོད་འཕེལ་བ་དང༌།
གསང་བའི་གཏོར་མའི་དགོས་པ། རང་ལུས་ལ་མ་ཆགས་པར་ཚོགས་སུ་བཏང་བས་རང་སྣང་དབང་དུ་འདུས། གཞན་སྣང་ཟིལ་གྱིས་གནོན།
ཡང་གསང་གཏོར་མའི་དགོས་པ། རྟོགས་པ་འཕེལ་བའོ། །
གཏོར་མའི་དམ་ཚིག ཉམས་ལེན་གྱི་དམ་ཚིག་མ་ཆག་ཅིང་རྒྱུན་དུ་གཏོང་བ། སྣོད་ཀྱི་དམ་ཚིག་གས་ཆག་མེད་ཅིང་གཙང་སྦྲ་དང་ལྡན་པ། རྫས་ཀྱི་དམ་ཚིག་འབག་རྩོག་མེད་ཅིང་དྲི་མས་མ་གོས་པ། བཤམས་ཚུལ་གྱི་དམ་ཚིག་སྟེགས་དང་བཅས་ཤིང་མ་ཡོ་བ། བྱིན་རླབས་ཀྱི་དམ་ཚིག་གཙང་སར་བཏང་བ་དང་དྲུག་ཡོད།
གཏོར་མ་གཏོང་ཐབས། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་རང་རང་གི་གཞུང་ལྟར་ཚད་ལྡན་བྱ། དེ་ཡང་སྤྱན་དྲངས་ན་འབྱོན་པའི་མགྲོན་དང༌། མི་འབྱོན་པའི་མགྲོན་དང༌། སྤྱན་མ་དྲངས་ཀྱང་འབྱོན་པའི་མགྲོན་དང༌། སྤྱན་དྲངས་མི་རུང་བའི་མགྲོན་ཏེ་བཞི་ཡོད། སྤྱན་དྲངས་ན་འབྱོན་པའི་མགྲོན། སྲིད་ཞུ་དང་ཡོན་ཏན་གྱི་མགྲོན་གཉིས་མོས་གུས་གདུངས་ཤུགས་ཀྱིས་སྤྱན་དྲངས་ན་འབྱོན། ལན་ཆགས་ཀྱི་མགྲོན་དང་སྙིང་རྗེའི་མགྲོན་གཉིས་བརྩེ་སེམས་ཀྱིས་འབོད་ན་འབྱོན་ནོ། །མི་འབྱོན་པའི་མགྲོན།མི་འབྱོན་པ་རིགས་དྲུག་གི་ནང་ནས་གནོད་སྦྱིན་ལག་རིང་དང༌། ལག་ན་གཞོང་ཐོགས་དང༌། རྟག་མྱོས་དང༌། གནོད་སྦྱིན་རི་རྩེ་རྒན་དང་བཞི། གནོད་སྦྱིན་ལག་རིང༌། རི་རབ་འགྱེད་ཀྱི་དོགས་ནས་རི་རབ་ལ་ལག་གཉིས་ཀྱིས་འཁྱུད་དེ་ཡོད་པས་འོང་སྐབས་མེད་ཀྱང་ཁོ་ལ་ཟས་སྐོམ་དང་ཟླ་རོགས་ཕར་བསྐྱལ་དགོས། གནོད་སྦྱིན་གཞོང་ཐོགས། ་ཕོ་བྲང་རི་རབ་དང་རྒྱ་མཚོའི་མཚམས་སུ་ཡོད་པས་ཆུས་འཁྱེར་གྱིས་དོགས་ནས་གཞོང་བས་ཆུ་བཤོལ་དགོས་པས་ཁོ་ལ་ཟས་སྐོམ་དང་ཟླ་རོགས་སོགས་ཕར་བསྐྱལ་དགོས། རྟག་མྱོས། འདོད་ཡོན་གྱིས་རྟག་ཏུ་མྱོས་པས་ཁོ་ལ་ཟས་སྐོམ་དང་ཟླ་རོགས་སོགས་ཕར་བསྐྱལ་དགོས། རི་རྩེ་རྒན། རི་རབ་རྩེ་ནས་གླིང་བཞིའི་སེམས་ཅན་ལ་དགྲ་འབྱུང་དོགས་ནས་བྱ་ར་བྱེད་ཀྱིན་ཡོད་པས་འོང་སྐབས་མེད་པས་ཁོ་ལ་ཟས་སྐོམ་དང་ཟླ་རོགས་སོགས་ཕར་བསྐྱལ་དགོས། སྤྱན་མ་དྲངས་ཀྱང་འབྱོན་པའི་མགྲོན་བཞི། ཡི་དྭགས་མཁའ་ལ་རྒྱུ་བ་དང༌། བྱིངས་ན་གནས་པ་དང༌། དྲི་ཟ་མཁའ་ལ་རྒྱུ་བ། ཀློང་ན་གནས་པ་དང་བཞི་སྤྱན་དྲངས་མི་དགོས་པར་སྦྲང་རྩི་ལ་བུང་བ་དང་སྟོན་མོ་ལ་སྤྲང་བོ་བཞིན་དུ་འཁོར་རོ། །སྤྱན་དྲངས་མི་རུང་བའི་མགྲོན་བཞི། ས་བདག་སྟོབས་པོ་ཆེ་དང༌། ཡི་དྭགས་གཏེར་སྲུང་དང༌། ས་བདག་ཤྲི་བྷ་ཊ་དང༌། ཀླུའི་རྒྱལ་པོ་ཧོ་ཕན་དང་བཞི། ས་བདག་སྟོབས་པོ་ཆེ། རི་རབ་ཀྱི་འོག་ན་ཡོད་པས་རླུང་རི་རྡོ་རྗེ་རྒྱ་གྲམ་གནོན་དགོས། དེ་ལ་ཁྲོ་ཆུའི་ཕ་བོང་དང་ཟས་སྐོམ་བསྐྱལ། ཡི་དྭགས་གཏེར་བསྲུང༌། གཏེར་གྱི་བུམ་པ་གཞན་དུ་ཤོར་ན་མུ་གེ་འབྱུང་བས་འོང་མི་ཉན་ཏེ་རིན་པོ་ཆེའི་བུམ་པ་སོགས་བསྔོ། ས་བདག་ཤྲི་བྷ་ཊ། དེའི་ལག་ན་མི་ནད་དང་ཕྱུགས་ནད་ཀྱི་རྐྱལ་བ་ཡོད་པས་ཁོ་འོང་ན་འཇིག་རྟེན་ཁམས་སུ་མི་ཕྱུགས་ན་ནད་འབྱུང་བས་བདུད་རྩི་སྨན་དུ་བསྒྱུར་བའི་དམིགས་པ་དང༌། རྐྱལ་བའི་ཁ་སྡོམ་ཞིང་ཟས་སྐལ་བསྐྱལ། ཀླུའི་རྒྱལ་པོ་ཧོ་ཕན། དེ་ལ་མཐོང་བའི་དུག་དང་ཀླུ་ནད་སྣ་ཚོགས་འབྱུང་བས་དེ་རྣམས་འབོད་དུ་མི་རུང་བར་བཤད་དོ། །
གཏོར་མའི་ཕན་ཡོན། གཏོར་མ་ལ་ཕར་ཕྱིན་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང༌། སྡོམ་པ་གསུམ་དང༌། བར་ཆད་སེལ་བའི་གཏམ་རྒྱུད་དང་བཞི། གཏོར་མའི་ཕན་ཡོན་ཕར་ཕྱིན་དྲུག ཟན་དང་ཆུ་སོགས་ནི་སྦྱིན་པ་དང༌། གཙང་སྦྲ་དང་ལྡན་པ་ཚུལ་ཁྲིམས་དང༌། དེ་གཏོང་བ་ལ་སྡུག་བསྔལ་མེད་པ་བཟོད་པ་དང༌། དེ་ལ་རྟག་ཏུ་བརྩོན་པ་བརྩོན་འགྲུས་དང༌། ཏིང་འཛིན་ལ་གནས་པ་བསམ་གཏན་དང༌། འཁོར་གསུམ་དམིགས་མེད་ཤེས་པ་ཤེས་རབ་ཀྱི་ཕར་ཕྱིན་དང་དྲུག གཏོར་མའི་ཕན་ཡོན་བསྡུ་དངོས་བཞི། གཏོར་མ་མགྲོན་སོ་སོར་དངོས་པོ་ཕུལ་བ་སྦྱིན་པ། མགྲོན་རྣམས་ལ་བསྟོད་པ་བརྗོད་པ་སྙན་པར་སྨྲ་བ། དེ་དག་ལ་ཕྲིན་ལས་ཞུ་ཞིང་ལས་བཅོལ་བ་དོན་སྤྱོད་པ། དེ་དག་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པ་དོན་མཐུན་ནོ། །གཏོར་མའི་ཕན་ཡོན་སྡོམ་པ་གསུམ། དེ་ཡང་སེམས་ཅན་ལ་གནོད་པ་མེད་པར་བཏང་བས་སོ་ཐར་གྱི་སྡོམ་པ་དང༌། དེ་དག་ལ་ཕན་པའི་ཕྱིར་བཏང་བས་བྱང་སེམས་ཀྱི་སྡོམ་པ། ཡིད་དམ་སྒོམ་བཟླས་བྱས་པས་སྔགས་སྡོམ་ཚང་བ་ཡིན་ནོ། །གཏོར་མའི་ཕན་ཡོན་བར་ཆད་དང་བྲལ་བ། གཏོར་མ་བཏང་བས་ཚེ་འདིའི་ཚེ་བསོད་ཁ་རྗེ་དབང་ཐང་ཐམས་ཅད་རྒྱས་ཤིང༌། བར་ཆད་བདུད་བཞི་འཇོམས་པ་དང༌། བཅས་ལྟུང་གི་ཆག་ཉམས་བྱང་ཞིང་ས་ལམ་གྱི་རྟོགས་པ་མཐར་ཕྱིན་པ་ལའང་གཏོར་མ་འདི་ཁྱད་པ་འཕགས་པ་ཡིན།