ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> བསམ་སྤྱོད་ལོག་པའི་སྲོག་གླུད་དམར་གཏོ་གཅོད་པའི་གཏམ་གནམ་ལྕགས་འཁོར་ལོ།
བསམ་སྤྱོད་ལོག་པའི་སྲོག་གླུད་དམར་གཏོ་གཅོད་པའི་གཏམ་གནམ་ལྕགས་འཁོར་ལོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

ཐར་བའི་ལམ་སྟོན་མ་རིག་མུན་སེལ་སྒྲོན། །དཔོན་གསས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུག་ལྔའི་བདུད་བཅོམ་ཉོན་མོངས་ནད་སེལ་སྨན། །ཡི་དམ་ཞི་ཁྲོའི་ཚོགས་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་སངས་རྒྱས་བསྟན་པ་སྲུང་། །མཁའ་འགྲོ་སྐྱོང་མ་དམ་ཅན་མ་ལུས་མཆོད། །གང་ཞིག་གངས་ཅན་ལྗོངས་ཀྱི་འགྲོ་བ་གང་། །གང་ལ་གང་གིས་ཕན་གནོད་མི་ཤེས་མི། །མི་དགེ་མི་རུང་ལས་ལ་ཞུགས་ནས་སུ། །སུ་དང་སུ་ཡིས་མི་འགྱུར་བློ་རྒོད་རྣམས། །བདག་འདྲས་དགེ་བའི་ལུང་བསྟན་ནུས་མིན་ཏེ། །འོན་ཀྱང་བསམ་པ་བཟང་བོའི་སྒོ་ནས་ནི། །སྲོག་གླུད་དམར་གཏོ་མུ་སྟེགས་ལས་སྤྱོད་འདི། མི་རུང་ངེས་པའི་བཀའ་ལུང་སྒྲོག་འདིར་ཉོན། །ཚེ་ལོ་བརྒྱ་བའི་འགྲོ་ཀུན་འདྲེན་པའི་དཔལ། །ཐམས་ཅད་མཁྱེན་པའི་གཤེན་རབ་མི་བོ་ཡིས། །འགྲོ་བ་བཀྲིད་དྲང་དོན་དུ་གསུངས་པའི་བོན། །རྒྱ་ཆེ་མཐའ་ཡས་བསམ་གྱིས་མི་ཁྱབ་པ། །འགྲོ་རྣམས་ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །ཕྱི་མར་ཐར་བ་བདེ་ཆེན་ལམ་བགྲོད་པའི། །ཐབས་མཆོག་དེ་ལས་གཞན་གང་བསྟན་པ་མེད། །དེ་ཡང་བསྟན་ལུགས་འཇུག་སྒོ་གྲངས་མང་ཡང་། །ཐེག་པ་རིམ་དགུ་སྒོ་བཞི་མཛོད་དང་ལྔ། །ཕྱི་ནང་གསང་བ་གསུམ་ལ་མ་འདུས་མེད། །དེ་དག་གང་གི་སྒོ་རུ་འཇུག་ན་ཡང་། །ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སྙིང་རྗེའི་གཞི་བཟུང་དགེ་བཅུའི་ལམ་བགྲོད་ནས། །འབྲས་བུ་དོན་གཉིས་མཐར་ཕྱིན་ཁོ་ན་ལས། །གཅིག་གསོ་གཅིག་བསད་རང་ཕན་གཞན་གནོད་ལས། །ནང་བ་སངས་རྒྱས་ལུགས་ལ་མེད་ངེས་ཀྱི། །གལ་ཏེ་ཡོད་ན་དེ་ཉིད་མུ་སྟེགས་སོ། །དེས་ན་གངས་ཅན་སྲིན་པོ་གདོང་དམར་ཡུལ། །གཡུང་དྲུང་བོན་དར་དམ་པའི་ཆོས་རྒྱས་ཀྱང་། །རང་གི་གཤིས་ངན་ཞོར་ལ་ཤོར་བ་ཡིས། །སྲོག་གླུད་གཏོང་ཞིང་དམར་གཏོ་འདི་སྐྱུག་བྲོ། །ཁྱད་པར་མཐའ་འཁོབ་ཡུལ་ཕྲན་ཕལ་ཆེར་དུ། །མ་རིག་སེམས་ཅན་ལས་ངན་ལོག་པ་ཡིས། །རྒྱལ་བའི་བཀའ་ལ་བློ་ཡིས་བཅོས་མ་བྱེད། །བདེན་པའི་བོན་ལ་ཐེ་ཚོམ་ཡིད་གཉིས་ཟ། །དགེ་བའི་ལུང་ལ་མི་དགེའི་ཁ་ཚར་འདོགས། །དག་པའི་ཞིང་ལ་མ་དག་གཤེ་སྐུར་འདེབས། །གསང་སྔགས་གཉན་པོ་གྲོང་ནག་གསེབ་ཏུ་སྒྲུབ། །དམ་རྫས་ཤ་ཁྲག་སྲོག་གཅོད་ལས་ལ་བརྩོན། །མཆོད་རྫས་མི་གཙང་སྨ་སྨེ་ཉམས་གྲིབ་འབགས། །འཐོར་གསས་བདར་གསས་སྲིད་པའི་ལྷ་རྒོད་དང་། །འཇིག་རྟེན་དཔལ་མགོན་ཡུལ་ལྷ་གཙང་རིགས་རྣམས། །ཐབ་གཞོབ་གསུར་གྱིས་མནོལ་ཏེ་འཁྲུག་དང་གཡེལ། །མ་རུང་རྒྱལ་འགོང་བེ་ཐེལ་གྲོང་རྒྱུག་འདྲེས། །ཟ་ཁ་ལྡང་ཞིང་ནད་མུག་མཚོག་འཁྲུག་གཡོ། །གང་དག་སེམས་ཅན་སྐྱེ་བ་ཐོག་མེད་ནས། །མ་རིག་མ་རྟོགས་འཁྲུལ་བའི་ལས་དབང་གིས། །སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བཞི་ལ། །ཐར་དུས་མེད་པར་ཡང་ཡང་འབོགས་པ་ཡིས། །ལན་ཆགས་བདའ་དེད་ན་ཚ་སྡུག་བསྔལ་གྱིས། །མི་བཟོད་གྱུར་ཚེ་རང་གི་སྒོ་ནོར་ལ། །དོན་མེད་ལན་ཆགས་སྲོག་ཕྲལ་དེད་ནུས་སུ། །དབང་མེད་བཟུང་བཀྱིགས་སྲོག་རྩ་དམར་འདྲེན་བྱེད། །ལས་ངན་མུ་སྟེགས་བོན་ཆོས་ལ་བརྫུས་ནས། །གཟེངས་བསྟོད་མགྲིན་འགྱུར་ལུས་ཀྱིས་སྟབས་སྒྱུར་རྣམས། །ཐིག་ནག་དམྱལ་བ་ཚེ་གཞུག་འདིར་མྱོང་བ། །ཤེས་སམ་གོ་འམ་ཀྱི་ཧུད་ཅི་འདྲ་བྱེད། །སྔོན་གྱི་སྡིག་ཆེན་མི་དགུའི་དཔེ་བཞིན་དུ། །མི་ཕུང་བདག་བརླག་མཁན་རྣམས་ཅི་འདྲ་བསམ། །དེ་ལྡོག་སྐྱེས་བུ་དད་པ་སྙིང་རྗེ་ཅན། །ཡོད་ན་ལས་ངན་དེ་ལ་མ་འཇུག་ཅིག །ཤིན་ཏུ་ཡ་ང་རབ་ཏུ་སྐྱི་རེ་འཇིགས། །ཅིའི་ཕྱིར་ཞེ་ན་ལུང་ལས་འདི་སྐད་དེ། །སྔོན་ཚེ་སྟག་གཟིག་འོལ་མོའི་གླིང་ཆེན་ན། །སངས་རྒྱས་སྟོན་པ་གཤེན་རབ་ཞལ་བཞུགས་དུས། །སྡིག་དོ་བདུད་ཀྱི་ཆོ་འཕྲུལ་ལས་གྱུར་བས། །ཡུལ་ནི་ཕྲ་མོ་ཁྲི་འོད་བྱ་བ་ན། །རྒྱལ་བུ་ཁྲི་ཤང་སྔོན་གྱི་ལས་དབང་གི། །ནད་ཀྱིས་གདུངས་ཏེ་ཤི་ལ་ཐུག་པའི་ཚེ། །ཕ་མས་གཅེས་ནས་གཏོ་དཔྱད་ཅི་བྱས་ཀྱང་། །མ་ཕན་ཐབས་རྡུགས་བྱེད་རྒྱུ་མ་རྙེད་དུས། །ལས་ངན་མོ་མ་སྡིག་ང་སྡིག་ལུམ་གྱིས། །སྲོག་གླུད་གཏང་ན་ཕན་ནོ་སྨྲས་པ་ལ། །ཟ་འདོད་བོན་པོ་གྱིམ་ཤིམ་གོང་གོང་སྦྲན། །སྲོག་གཅོད་ཤན་པ་ཧ་དྷ་ནག་པོ་ལ། །བྲན་ཕྲུག་ཁྲི་ཤེས་བསད་བཅོལ་གླུད་དུ་བཏང་། །ཁྱིམ་དུ་ཕྱིན་ཚེ་རྒྱལ་བུ་ནད་པ་ཤི། །མོ་བོན་སྐྱེངས་ཏེ་རྒྱལ་མཁར་རྩེ་ནས་ལྕེབས། །དེ་ལས་དེ་གྱུར་རྒྱལ་བུའི་ཕ་མ་དང་། །བྲན་གྱི་ཕ་མ་ཤན་པ་ཀུན་ཤི་བསད། །སྡིག་ཆེན་མི་དགུ་རོ་དགུ་བྱུང་བའོ། །ད་དུང་དེ་རྣམས་ཤི་བས་མ་ཆོག་པར། །ཤི་མ་ཐག་ནས་དམྱལ་བའི་གནས་སུ་སྐྱེས། །མོ་མཁན་དམྱལ་བ་ཡང་ཤི་ཡང་སོས་ན། །མི་ལུས་དྲེད་མོ་མགོ་ཅན་ཞིག་ཏུ་གྱུར། །མ་མཐོང་མཐོང་སྐད་སྨྲས་པའི་རྣམ་སྨིན་གྱིས། །མིག་གཉིས་སྦྲུལ་ནག་སྡོང་བོ་ཙམ་གྱིས་བཟའ། །བསམ་པ་ལོག་པ་བཏང་བའི་རྣམ་སྨིན་གྱིས། །སྙིང་ལ་སྡིག་པ་ར་ཙ་མགོ་དགུས་བཟའ། །འདོད་ཆགས་ཞེན་པ་ཆེ་བའི་རྣམ་སྨིན་གྱིས། །གསང་གནས་འབྲས་བུ་སྦལ་བ་ནག་པོས་བཟའ། །ཟ་འདོད་ཁེ་སྐེམས་དྲག་པའི་རྣམ་སྨིན་གྱིས། །མི་ལུས་དྲེད་མགོ་རྐང་ལག་ལྕགས་སྒྲོག་སྡོམས། །ཡང་ཤི་ཡང་སོས་སྡུག་བསྔལ་སྐྱི་རེ་འཇིགས། །དེ་ལྟར་སྲོག་གླུད་དམར་གཏོ་དགོས་སྨྲ་བའི། །མོ་བ་ལྷ་པྲ་མངོན་ཤེས་ཅན་གྱི་རིགས། །མགོ་སར་ལྷུང་ཚེ་ལུས་དེ་ལེན་དགོས་པར། །རྒྱལ་བའི་གསུང་ཡིན་བསླུ་མེད་སྙིང་རེ་རྗེ། །དེ་ནས་གཏོ་མཁན་དམྱལ་བ་ཐིག་ནག་ཏུ། །སྦྲུལ་ནག་མགོ་གསུམ་པ་ཡི་ལུས་སུ་གྱུར། །བསམ་སྦྱོར་མ་དག་ལས་ངན་རྣམ་སྨིན་གྱིས། ། །མགོ་གཅིག་སོག་ལེ་དམར་ནག་དག་གིས་འདྲ། །མགོ་གཅིག་ཐོ་བ་ཐུ་ལུམ་དག་གིས་བརྡུང་། །མགོ་གཅིག་རལ་གྲི་ཆུ་གྲི་དག་གིས་བཅད། །རྐེད་པ་བརྒྱ་ཤོང་ཟང་གི་ནང་དུ་འཚོད། །མཇུག་མ་འབར་བའི་མེ་ལ་རབ་ཏུ་བསྲེག །སྡུག་བསྔལ་ཚད་ལ་གཞལ་དུ་མ་མཆིས་སོ། །དེར་མཐུན་སྲོག་གཅོད་ཤ་ཁྲག་ལ་སྲེད་པའི། །གཏོ་མཁན་སྔགས་ནག་བོན་ཆོས་ལ་བརྫུས་ནས། །གྲོང་ཆོག་ཁ་བོན་འདྲེ་བརྡུང་འདྲེ་འབོད་རྣམས། །གནས་དེར་ཕྱིན་ནས་ལུས་དེ་བླང་ཙ་ན། །སྡུག་བསྔལ་དེ་དག་བཟོད་སྙམ་ཨ་ཙ་མ། །གཞན་ཡང་ལས་ངན་སྲོག་གླུད་འདོད་བྱེད་པར། །མོས་པའི་ཡོན་བདག་རྣམས་ཀྱང་དེ་བཞིན་དུ། །དམྱལ་བ་ཆུ་བུར་ཅན་དང་ཤལ་མ་རིར། །སྐྱེ་བ་བཀའ་ལུང་ལས་གསུངས་མི་བདེན་ནམ། །ཨེ་མ་མ་རིག་སེམས་ཅན་ལས་ངན་འགའ། །རང་བློ་བདུད་ཀྱིས་བསྒྱུར་བ་མ་ཤེས་པར། །འདི་ལ་མོས་ཤིང་ཁ་འཛིན་བྱེད་ནུས་སུ། །སྔོན་གྱི་དཔེ་ཡིན་གཞི་བདག་ལ་ཡང་དགོས། །འདྲེ་གདོན་ལ་ཡང་ཚེ་བརྗེ་སྲོག་བརྗེ་བཟང་། །དུད་འགྲོ་བསད་ལ་སྡིག་མེད་ཚོགས་སུ་འགྲོ། །གསང་སྔགས་བསྒྲུབ་པའི་དམ་རྫས་ཤ་ཁྲག་ཡིན། །དེ་འདྲ་བཤད་མཁན་ཆུང་ལས་ཆེན་པོ་མང་། །སྐྱེ་བོ་ལས་ནི་དགེ་བཤེས་རྣམས་ཀྱིས་ཐུ། །རྨོངས་པ་རྣམས་ལ་མཁས་པས་གླེང་འདུག་སྟེ། །དེ་དག་བདུད་ཀྱི་ཆོ་འཕྲུལ་མངོན་སུམ་པ། །ཕྱྭ་བདུད་གཤེན་ཆུང་ཀོ་བོ་བྱ་བ་དང་། །ང་མིན་ཆོས་པོའི་རྗེས་སུ་འབྲང་མཁན་ཡིན། །སྔོན་ནས་དཔེར་ན་རྒྱལ་བ་གཤེན་རབ་དུས། །སྡིག་ཆེན་མི་དགུ་དམྱལ་བར་ལྷུང་གལ་ཅི། །གཞི་བདག་མཉེས་ན་གཙང་རིགས་དཔལ་མགོན་ལ། །དཀར་གཏོར་གསེར་སྐྱེམས་དགོས་པ་ཅི་ཡི་དོན། །ཚེ་སྲོག་བརྗེ་སྤོར་ཡོད་ན་བརྗེ་གླུད་དུ། །བྲན་ཕྲུག་མ་སོང་ཤི་བ་དེ་ཅི་བྱུང་། །སེམས་ཅན་བསད་ལ་སྡིག་པ་མེད་གྱུར་ན། །སྲོག་གཅོད་སྡོམ་པ་སུ་ཡི་དོན་དུ་གསུངས། །སྡིག་བྱས་དགེ་བའི་ཚོགས་སུ་འགྲོ་ལགས་ན། །མུ་སྟེགས་སྤྱོད་པ་ཕྱིན་ལོག་ཡིན་གལ་གང་། །གསང་སྔགས་དམ་རྫས་ཤ་ཁྲག་དངོས་ཡིན་ན། །དམར་མཆོད་སྦྱང་སྤེལ་བྱིན་རླབས་བྱེད་དགོས་ཅི། །དེ་དག་མ་ཡིན་ངེས་པའི་བཀའ་ལུང་ནི། །ཕྱི་ལྟར་མདོ་ལས་བཤད་པ་གོང་ལྟར་ལ། །ནང་ལྟར་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །ཡི་དམ་རྒྱ་མཚོ་དག་ལས་འདི་སྐད་གསུངས། །དྲག་པོ་སྔགས་ཀྱི་གཤེན་པོ་རྣམས། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་ཕྱིར། །དམར་ཚོགས་ལྷ་ལ་འབུལ་བ་དང་། །ལས་མཁན་དམར་ལ་དབབ་པའི་དུས། །དམར་ཚོགས་གཙང་སྨེ་མ་བྱེད་ན། །རྩི་དུག་འདྲེས་པའི་སྦྱོར་བ་འདྲ། །དེ་ཡི་སྐྱོན་ཡོན་བསྟན་པ་ནི། །སྲོག་དབུགས་བསྔོས་པའི་དམར་ཚོགས་དང་། །མི་གཙང་རྐུ་འཕྲོག་ཡོ་བྱད་རྣམས། །ཡི་དམ་ལྷ་ལ་ཕུལ་གྱུར་ཀྱང་། །སྡིག་པོ་ཆེ་ལ་ལྷ་མི་འཁོར། །ཞེས་བྱ་སྟེ། ལྷ་མིའི་བར་དུ་སྡིག་པས་དབྱེན་གཅུག་ནས། །བསྐལ་པར་བསྒྲུབ་ཀྱང་དེ་ནི་མི་འགྲུབ་བོ། །ལས་མཁན་དབལ་མོ་ཤ་ཟན་མ་རྣམས་དང་། །སྲིད་པའི་སྡེ་བརྒྱད་གང་ལ་ཕུལ་ན་ཡང་། །ཉམས་པ་ཅན་དང་མི་འཁོར་སྲུང་མ་མེད། །ཅེས་བྱ་སྟེ། ཉེས་ལེགས་སྟངས་འཛིན་དམ་ཅན་ཚོགས་རྣམས་ཀྱིས། །གད་མོ་བཞད་ཅིང་རྒྱང་གླུ་ལེན་ནས་སུ། །རི་རབ་ངོས་གཟིགས་འགྲུབ་པའི་དུས་མེད་དོ། །སྡེ་བརྒྱད་དྲག་བྱེད་རྣམས་ལ་བསྔོས་ན་ཡང་། །ཆུང་སྲོག་ཆེས་རློམ་ལས་མཐའ་སྐབས་ངན་པས། །ལོག་ལྟ་རྒྱུད་སྐྱེས་བཀྲ་མི་ཤིས་པ་བྱུང་། །དེ་བས་ཟིལ་གནོན་དབང་སྡུད་ཨར་ལ་གཏད། །རང་རྒྱུད་སྲོག་ལ་མི་བརློམ་ཐ་ཚིག་བསྒོ། །བསྙེན་སྒྲུབ་ཚོགས་ཀྱི་མཆོད་པར་ཕུལ་ན་ཡང་། །སྡིག་པའི་ས་བོན་བཏབ་པ་དེ་ལ་ནི། །དགེ་བའི་ལོ་ཏོག་སྨིན་པར་མི་འགྱུར་ཏེ། །བསྙེན་སྒྲུབ་དགེ་སྦྱོར་ཆུད་ཟོས་སུ་འགྲོའོ། །ཚེ་འགུགས་ནོར་བསྒྲུབ་ལྟ་བུར་ཕུལ་བ་ན། །སྡིག་པའི་སྣོད་དུ་བྱིན་རླབས་བཅུད་མི་འདུ། །ཁྱད་པར་སྲོག་ལན་སྲོག་ལ་བསྐོར་ནས་སུ། །ཚེ་ཐུང་ནད་མང་དཀོར་ནོར་འཆི་བར་〔འཛད་པར〕འགྱུར། །སྲུང་བའི་དུས་སུ་སྡིག་འདྲེས་མཆོད་ཕུལ་ན། །ཡེ་ཤེས་ཏིང་འཛིན་སྲ་བརྟན་གུར་ཁང་ལ། །སྡིག་པའི་རྨང་གཞི་བྱེ་མ་གཏིང་བས་འཇིག །ཟློག་པའི་དུས་སུ་སྡིག་འདྲེས་མཆོད་ཕུལ་ན། །ཟློག་བྱེད་ཡེ་ཤེས་རྣོན་པོའི་མཚོན་ཆ་ལ། །སྡིག་ཉམས་ཉོན་མོངས་ཞ་ཉེའི་སོ་བཏགས་འདྲ། །བསྒྲལ་བའི་དུས་ཀྱང་སྡིག་འདྲེས་དམ་རྫས་དེས། །དྲག་པོའི་ལས་བྱེད་ཤན་པ་ཕོ་མོ་རྣམས། །ཕ་རོལ་སྲོག་ལ་རྦོད་ཅིང་མངག་པའི་ཚེ། །རང་རྒྱུད་སྲོག་དབུགས་དེ་ཡིས་ཁ་འཚངས་ནས། །ལས་ལ་འགྱངས་ཏེ་ཁྱི་མགོ་གཟན་སྐོར་འདྲ། །འཆི་བསླུ་བགེགས་བསྐྲད་དུས་སུ་དེ་བསྔོས་ན། །ཤི་བདུད་བགེགས་ཀྱང་སྔོན་གྱི་ལན་ཆགས་དེ། །ལན་ཆགས་སྟེང་དུ་ལན་ཆགས་ཡང་བསྣོན་པ། །དུག་གིས་ནད་ལ་དུག་འཐུང་བ་དང་འདྲ། །དགེ་བའི་ལས་སྤྱོད་གང་ལ་བསྔོས་ན་ཡང་། །སྙིང་རྗེའི་རླན་བྲལ་ས་ལ་བྱང་ཆུབ་ཀྱི། །ས་བོན་བཏབ་ཀྱང་མི་སྨིན་ཐར་ལམ་བཀག །དེ་ལྟར་སྲོག་གཅོད་མཆོད་པ་སུས་བྱེད་པ། །དེ་ནི་མུ་སྟེགས་ལས་སུ་གོལ་བ་སྟེ། །གོལ་བའི་འབྲས་བུ་དམྱལ་བར་ལྷུང་བའོ། །ཞེས་གསུངས་སོ། །གསང་བ་བླ་མེད་རྫོགས་ཆེན་ཡང་རྩེ་ལས། །ཆད་ལྟས་སྲོག་གཅོད་ལ་འབག་མི་རུང་སྟེ། །བསད་ན་ཆོག་པ་རེ་རེའི་རྩ་བ་ན། །མ་བསད་ན་ནི་དགའ་བ་རེ་རེ་ཡོད། །དེ་ནི་ཀུན་ཏུ་བཟང་བོ་བྱམས་པ་ཡིན། །ཞེས་གསུངས་སོ། །བདག་ཅག་གི་སྟོན་པས། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། །གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་། །ཞེས་དང་། ཆབ་དཀར་སྔགས་ལ་བསྙེན་བསྒྲུབ་ཟབ་མོའི་གཞི། །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྙིང་རྗེས་བཟུང་། །ཞེས་དང་། ཆབ་ནག་རྒྱུ་ཡི་བོན་ལ་སྤྱོད་པ་ཡང་། །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་བཅད། །ཅེས་དང་། ཤ་ཟན་དྲི་དང་ལྡན་པའི་ཤིན་ཏུ་དྲི་ང་བས། །གཙང་མའི་ལྷ་རིགས་རྣམས་ཀྱང་མི་འཁོར་འབྲོས་པར་འགྱུར། །བདུད་རིགས་སྲིན་པོ་རྣམས་ནི་དད་ཅིང་འཁོར་བར་འགྱུར། །ཞེས་གསུངས་སོ། །གབ་པ་ལས། ལ་ལ་བསད་ནས་ལ་ལ་གསོ་བ་ནི། །ཁྲ་དང་སྤྱང་ཀིའི་ལས་དང་མཚུངས་པའོ། །ཞེས་དང་། ཞེ་སྡང་གདུག་པས་དགྲ་བགེགས་འདུལ་བ་ཤེས་བྱ་ལོག་པར་འཁྲུལ། །ཞེས་དང་། འཁོར་བའི་ལུས་བླངས་འཁོར་བའི་བཙོན་ར་ན། །འཁོར་བའི་སྲོག་གཅོད་འཁོར་བའི་ལྷ་འདྲེར་མཆོད། །འཁྲུལ་བ་དེས་ཀྱང་མཉམ་པའི་དོན་ལ་འགྲིབས། །ཞེས་གསུངས་སོ། །ཡང་ལུང་དྲུག་ལས། ཚིག་གི་ཐ་སྙད་ལ་ཞུགས་ནས། །སྤྱོད་པ་བརླང་བོ་ཆེ་བྱེད་པ། །དེ་ནི་སྲིན་པོ་མི་རྐུན་ཡིན། །ཞེས་གསུངས་སོ། །ཡང་སྟོང་རྒྱུང་དྲུང་མུའི་གཏོར་མའི་གལ་བྱང་ལས། གཞན་ལ་གནོད་འཚེ་མི་བྱེད་སོ་ཐར་སྡོམ། །གལ་ཏེ་སེམས་ཅན་དག་ལ་གནོད་གྱུར་ན། །བདེར་གཤེགས་རྒྱལ་བ་མཆོད་པས་མཉེས་མི་འགྱུར། །ཞེས་སོ། །ཡང་རྒྱུ་འབྲས་མདོ་ལས་འདི་སྐད་དེ། རྔམ་པའི་ཤ་ཁྲག་སྲེད་ཕྱིར་དུ། །སྲིན་པོའི་ཚུལ་ཅན་ལོག་སྤྱོད་ན། །དམྱལ་བ་བཤའ་གཏུབ་གནས་སུ་སྐྱེ། །ཞེས་དང་། མུ་སྟེགས་ལོག་པའི་ལས་སྤྱད་ན། །རུ་དྲ་ནག་པོ་བདུད་དུ་སྐྱེ། །ཞེས་དང་། རང་ཕན་འདོད་ལོག་བསད་བཅོལ་ན། །རལ་གྲི་འཁོར་ལོས་ཡན་ལག་གཏུབ། །ཞེས་དང་། སྲོག་གཅོད་ལ་བསྔགས་སྦྱོར་སྡེབ་བརྩམས། །གཅོད་པ་མཚམས་མེད་དག་ལ་ཉེ། །རལ་གྲིའི་ནགས་ཚལ་གླིང་དུ་སྦྱོང་། །ཞེས་སོ། །ཡང་འདུལ་ཁྲིམས་རྩ་བའི་མདོ་ལས་ཀྱང་། །གཅིག་གསོད་གཅིག་གསོ་བྱ་བའི་བོན། །དེ་ཉིད་ཕན་ཀྱང་སྤང་བར་བྱ། །ཞེས་སོ། ཡང་རིགས་དྲུག་ཐར་ལམ་མདོ་ལས་ཀྱང་། མ་ཉེས་སེམས་ཅན་སྲོག་ལ་འཚེ་བ་ཡིས། །དམྱལ་བ་ཁྲི་མུན་གནས་སུ་ལན་ཆགས་སྙགས། །ཞེས་དང་། དམར་ལ་དད་པས་གཤིན་རྗེའི་ལུས་སུ་སྐྱེ། །སྲོག་ལ་མ་འཛེམས་དམྱལ་བ་ཁྲག་མཚོའི་ནང་དུ་སྐྱེ། །སྙིང་རྗེ་མེད་པས་དམྱལ་བ་སྟག་གི་མགོ་ཅན་དུ་སྐྱེ། །སྨེ་ཤ་ཟོས་པས་དམྱལ་བ་ར་ལུག་གི་མགོ་ཅན་དུ་སྐྱེ། ཐར་ཆ་ལོག་པས་དམྱལ་བ་ལྕགས་ཚེབ་ཀྱིས་བཏུལ་བར་སྐྱེ། མར་གླུད་ནོངས་པས་དམྱལ་བ་ཁྱི་མགོ་ཅན་དུ་སྐྱེ། །སྲོག་གླུད་དོར་བས་ཟ་བྱེད་སྲིན་པོའི་མགོ་ཅན་དུ་སྐྱེ། །སྲོག་ཆགས་མང་བོའི་ཤུགས་དྲག་བླང་བས་ལས་མཁན་ཡི་དྭགས་མགོ་བརྒྱ་ཅན་དུ་སྐྱེ། དེ་ལྟར་བསྐལ་བ་ཆེན་པོ་ཉི་ཤུ་ལ་ཐར་མེད་གསུངས་སོ། །ཡང་དྲི་མེད་ལྟུང་བཤགས་ལས། མ་མཐོང་ལྷ་དང་འདྲེ་རུ་བཟུང་བ་དང་། །མི་འགྲོ་ཡོན་དང་ཡས་སུ་བསྟན་པ་དང་། །སྡིག་པ་ལུང་སྟོན་གཞེན་འདེབས་བྱས་པ་དང་། །ཞེས་དང་། གསང་སྔགས་ངན་སྔགས་ལྟར་དུ་བསྒྲུབ་པ་དང་། །མུ་སྟེགས་ཕྱིན་ཅི་ལོག་མཐུ་སྒྲུབ་པ་དང་། །ཞེས་དང་། ཉེས་མེད་སེམས་ཅན་སྲོག་ལ་འཚེ་བ་དང་། །གཙང་སྨེ་མ་ཕྱེད་ལྷ་འདྲེ་བསྲེས་པ་དང་། །ཞེས་དང་། ཡོ་བྱད་རྒྱུ་ལ་སྡིག་ལྷད་འདྲེས་པ་དང་། །ཞེས་སོགས་རྒྱུ་བོན་བཞི་ཡི་ཉམས་འགལ་ཏེ། །ཡང་དམེ་ཤས་གཏོར་མ་གཏང་བ་དང་། །མི་གཙང་ལས་རྣམས་ཅི་བགྱིས་པས། །གཙང་རིགས་བཀའ་སྐྱོང་མཐུར་བ་སོགས་བཤད་དོ། །ཡང་སྡིག་པ་མི་དགེ་བཅུ་ཡི་ནང་། །སྲོག་གཅོད་ལས་འདི་དམྱལ་བའི་ལོ་མ་འདྲ། །ལོ་མ་བྱུང་ན་དེ་ཡི་སྡོང་བོ་དང་། །ཡལ་ག་མེ་ཏོག་འབྲས་བུ་སྨིན་པ་བཞིན། །སྲོག་གཅོད་པོ་དེ་ཅིས་ཀྱང་དམྱལ་བ་རུ། །མི་སྐྱེ་འདོད་ཀྱང་དབང་མེད་ལས་ཀྱིས་འཕེན། །སྲོག་གཅོད་རྣམ་སྨིན་ཚེ་འདིར་ཡང་འབྱུང་སྟེ། །སྔོན་ཚེ་མི་ལོ་ཉིས་ཁྲི་བ་ཡི་དུས། །སྲིད་པ་ཐ་མ་རྒྱའུ་ཐེང་གེ་ཡིས། །རི་ཤ་ལུང་ཁྲག་བསྐྱིལ་བའི་ཉེས་སྐྱོན་གྱིས། །ཀླུ་ཁྲོས་སྐྱིན་འདང་ཆུ་ཡི་བསྐལ་བ་བྱུང་། །ས་ལ་རི་སུལ་ལ་ལུང་དེ་ནས་དེད། །མི་ལ་སྐྱིད་སྡུག་ཚོར་བ་དེ་ནས་བྱུང་། །ཡང་རྒྱལ་བོ་འོད་ལྡན་དུང་སྐྱོང་བྱ་བ་དེས། །སྲོག་གཅོད་ཤ་ཁྲག་དམར་མཆོད་ཀྱིས། །སྲིད་པའི་ལྷ་རྒོད་གཙང་རིགས་གཉན་པོ་རྣམས། །མིང་ནས་ཕྱུང་ཞིང་མཆོད་པར་བྱས་པ་ཡིས། །ལྷ་སྲིན་སྡེ་བརྒྱད་འཁྲུག་ཅིང་ནད་ཀྱིས་ཟིན། །རྒྱལ་ཁམས་མ་ལུས་མི་བདེ་སྡུག་བསྔལ་མྱོང་། །དེ་ལྟར་གོང་བཤད་རྒྱལ་བུ་ཁྲི་ཤང་ཡང་། །སྐྱེ་བ་སྔོན་གྱི་སྲོག་གཅོད་རྣམ་པར་སྨིན། །ཚེ་ཐུང་བཤོལ་ཐབས་མེད་ཀྱང་བཤོལ་འདོད་པས། །སྡིག་ཆེན་མི་དགུ་དམག་མི་སུམ་སྟོང་གི། །སྲོག་གི་ལྡམ་པོར་གྱུར་བ་དེ་ཡིན་ནོ། །ལར་ཡང་སྲོག་ལན་སྲོག་མིན་མི་འཁོར་ཏེ། །དེ་ཡང་གཅིག་ལ་བརྒྱ་ཡི་བུན་འགྱུར་བརྩི། །འཕགས་པས་འགྲོ་དོན་དགོངས་ནས་སྲོག་གཅོད་ཀྱང་། །རྣམ་སྨིན་ཡོད་པར་གསུངས་ཏེ་ཐ་མལ་བས། །རང་དོན་ཁོ་ནར་རྣམ་སྨིན་ལོས་སོ་ཡོད། །དེ་ལྟར་སྲོག་གཅོད་ཉེས་པ་བརྗོད་མི་ལོང་། །འོ་ན་འདི་འདྲའི་དཔེ་སྲོལ་ཅི་ཡི་ཕྱིར། །ཞེ་ན་སྔོན་གྱི་བདུད་སྲིན་སྨོན་ལམ་དུ། །དུས་ངན་བསྐལ་ངན་མི་ཡི་ལས་ངན་གྱིས། །རྐྱེན་ལ་བརྟེན་ནས་ཡོངས་སུ་སྨིན་པ་སྟེ། །ལོ་རྒྱུས་རོང་སྟོན་ཤེས་བྱ་ཀུན་རིག་གིས། །བོན་ཆོས་ཤན་འབྱེད་ལུང་ལས་འདི་སྐད་གསུངས། །རྒྱུ་བོན་གནས་སྐབས་བདེན་པ་བཞིའི། །ནང་ནས་བོན་མིན་ལྷད་ཡོད་དེ། །ཁྱབ་པ་གཤེན་ཆུང་གོ་བོར་སྤྲུལ། །སེམས་ཅན་མང་བོའི་སྲོག་བཅད་ནས། །དོན་སྙིང་སྨད་ལྔས་ལྷ་གསོལ་ན། །འཇིག་རྟེན་ཕན་བདེ་འབྱུང་ཞེས་ཀྱི། །ལུང་སྟོན་བོན་དུ་རྫུས་བྱས་པ། །བསྣུབས་ཀྱང་སྨོན་ལམ་དུས་མཐར་དར། །གསུངས་སོ། །ཡང་མུ་སྟེགས་ཀུན་ཏུ་རྒྱུ་བའི་བུ། །ཞེས་པས། སེམས་ཅན་སྡུག་བསྔལ་ཆད་མི་འགྱུར། །གཏོ་རུ་ཐབ་གཞོབ་སློ་དམར་བྱེད། །དུས་མཐར་དེ་འདྲ་བསྐལ་ངན་འབྱུང་། །ཞེས་སོ། །ཡང་ཚེ་དབང་རིག་འཛིན་གྱི་ཞལ་ནས་ཀྱང་། སྔགས་ངན་ར་གསོད་རྔ་ཁུར་སྣང་མཐོ་ཚེ། །སྲིན་པོ་མངོན་རྒྱུག་སེམས་ཅན་གསོན་མ་འཛོམ་〔འཛིན〕། །བཀའ་ལུང་ཚུལ་བཞིན་མི་བྱེད་ལོག་རྫུན་སྨྲ། །མཆོད་རྫས་མི་གཙང་བ་ཡིས་རྫས་སུ་བྱེད། །སེམས་ཅན་སྲོག་བཅད་ཡི་དམ་གསོལ་ཁ་བྱེད། །དེ་ཡིས་སྟོབས་ཀྱིས་ལྷ་རིགས་འཁོར་མི་འགྱུར། །བཀའ་སྐྱོང་སྲུང་མ་མཐུ་རྩལ་ཤིན་ཏུ་ཆུང་། །དེ་འདྲའི་རིགས་སུ་གྱུར་བའི་རུ་དྲ་བདུད། །དེ་དང་གང་འབྲེལ་ཐིག་ནག་གནས་སུ་སྦྱང་། །གཏན་དུ་ཐར་མེད་ལས་ངན་ཡོན་བདག་རྣམས་ཨང་། །ཅེས་གསུངས་སོ། །ཡང་ཤི་ལོག་ཨོ་རྒྱན་བསྟན་འཛིན་འདས་ལོག་ལས། གྲོང་ཆོག་དམར་གཏོ་བྱེད་པ་དང་། །ཤི་བོའི་དགེ་བསྔོར་བཤའ་བ་དང་། །བག་མ་གཏོང་ལེན་བཤའ་བ་དང་། །ལྟད་མོ་ཚོགས་སར་བཤའ་བ་དང་། །བླ་མ་དཔོན་པོ་མི་ཆེན་ལ། །ཆེད་དུ་བསྔོས་ནས་བཤའ་བ་དང་། །དེ་རྣམས་སྲོག་གཅོད་གཞན་ལས་ཀྱང་། །སྡིག་པ་བརྒྱ་འགྱུར་ཆེ་བར་འདུག །ཁྱད་པར་དམར་གཏོ་བྱེད་པ་འདི། །ཡེ་ཤེས་ལྷ་ལ་གཏོ་བླང་བཏབ། །རྒྱལ་བའི་དཀྱིལ་འཁོར་མནོལ་དུ་བཅུག །མཆོད་རྫས་མི་གཙང་སྨེ་བ་ཡིས། །གཙང་རིགས་ལྷ་རྣམས་དགུང་དུ་འབྲོས། །འགོ་བའི་ལྷ་སྲུང་ཐུགས་ཀྱང་དམེ། །དེ་འདྲའི་ལས་ལ་གང་འབགས་པ། །དམྱལ་བ་ཐིག་ནག་གནས་སུ་སྐྱེས། །རལ་གྲི་ལོ་མའི་ནགས་ཚལ་ནང་། །ཤ་ཚལ་ཁྲག་ཐིག་བྱེད་ཅིང་སྣང་། །ཞེས་སོ། །དེ་ལྟར་དུས་ཚོད་བཟང་བོ་ལ། །སེམས་ཅན་སྲོག་གཅོད་མཆོད་སྦྱིན་བྱེད། །སྔ་ཕྱིའི་དགེ་བ་བསྔོ་བ་སོགས། །གཡུང་དྲུང་བོན་དུ་མིང་བཏགས་ནས། །སེམས་ཅན་ལོག་པར་ཁྲིད་པ་ཡོད། །མུ་སྟེགས་ལོག་བོན་དེ་ལ་ཟེར། །ཅེས་སོ། །གཤེན་ཆུང་གོ་བོའི་བོན་སྐོར་རྣམས། །སྟོན་པ་གཤེན་རབ་མི་བོ་དེས། །ལྕགས་ཀྱི་བར་བུའི་ནང་དུ་བཅུག །ཆུ་བོ་གང་གཱའི་ནང་འཕངས་ཀྱང་། །ཕྱྭ་བདུད་སྨོན་ལམ་དོས་དྲགས་པས། །མེ་ཉག་ལྡོང་གི་ཡུལ་དུ་བྱུང་། །དེ་ཕྱིར་མདོ་སྨད་དར་བ་ཡིན། །ཞེས་དང་ཡང་། མུ་སྟེགས་སེར་སྐྱའི་རིགས་གྱུར་བའི། །བྲམ་ཟེ་པྲ་ལྟས་མཁན་ཞེས་ཀྱིས། །ལུག་གི་སོག་པར་མོ་འདེབས་པས། །རྣོ་མཐོང་ཆེ་ལ་སྡིག་ལུང་འབོག །མེ་ཉག་སོག་མོ་ཞེས་བྱ་བ། །དེ་ཡི་རྩ་ནས་བྱུང་བའོ། །ཞེས་གསུངས་སོ། དེ་བཞིན་ཆོས་ལའང་ཆོས་མིན་མང་། །ཤཱཀྱ་ཐུབ་པ་ཞལ་བཞུགས་དུས། །བདུད་རྒྱལ་ང་མིན་ཆོས་པོ་ཡིས། །སློབ་མ་བསད་ཅིང་ཟོས་ནས་སུ། །ཕུང་བོ་ལྷག་མེད་སངས་རྒྱས་ཞེས། །དེ་འདྲའི་བསྟན་པ་ལོག་ཆོས་རྣམས། །ཤག་ཐུབ་མྱ་ངན་འདས་རྗེས་སུ། །མི་ལོ་བརྒྱ་དང་རྩ་གཅིག་ལ། །ཆོས་ཀྱི་བསྡུ་བ་མ་བྱུང་བས། །སྐབས་དེར་མུ་སྟེགས་ལོག་ཆོས་དར། །དེ་ལས་དེ་འཕེལ་ཆོས་རྒྱུད་ལ། །མུ་སྟེགས་འདྲེས་པའི་ལུང་འགའ་ཡོད། །དེ་ཡི་རྐྱེན་གྱིས་དེང་དུས་ན། །ཆོས་པ་མུ་སྟེགས་ལུགས་འཆང་མང་། །དུས་ངན་བསྐལ་བར་དར་ཚུལ་ནི། །སྤྲུལ་སྐུ་བློ་ལྡན་སྙིང་བོ་ཡིས། །མ་འོང་ལུང་བསྟན་དག་ལས་སུ། །བླ་ཆེན་དྲན་པའི་ཞལ་ན་རེ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གཏོ་རུ་སློ་དམར་སྲོག་བོར་བྱེད། །སྔོན་གྱི་བཀའ་དང་ལུང་གང་ལས། །ཉེས་པ་བཤད་པ་ཐམས་ཅད་བརྗོད་མི་ལོང་། །འདིར་ནི་ཕྱོགས་ཙམ་བརྗོད་དྲན་གསོ་བ་དང་། །མ་རིག་སེམས་ཅན་ཡིད་ཆེས་ཕྱིར་དུའོ། །འོ་ན་གསང་སྔགས་དྲག་སྔགས་རྒྱུད་ལུང་ལས། །དམ་རྫས་ཤ་ཁྲག་རུས་པ་དངོས་གསུངས་པ། །ཅི་ཡིན་སྙམ་པའི་ཐེ་ཚོམ་མཁན་རྣམས་ཉོན། །གསང་སྔགས་ཚིག་གི་ལྡེམ་དགོངས་ཐད་དྲང་འགའ། །འུ་ཅག་སོ་སོ་སྐྱེ་བོས་མི་བྱེད་དེ། །དེ་ཕྱིར་གསང་སྔགས་གསང་བར་བཤད་པ་ཡིན། །གསང་སྔགས་དགོངས་དོན་སྦྱོར་སྒྲོལ་རོལ་པ་རྣམས། །ས་ནོན་གྲུབ་ཐོབ་འཕགས་མཆོག་མ་གཏོགས་པས། །ཐ་མལ་དམུ་ལོང་སྐྱེ་བོས་ག་ལ་སྟེ། །དེས་ན་བྱིས་སྦས་སྤུ་གྲི་རྩེ་བ་དང་། །ཧ་ལ་འབར་བ་ལྟོ་རུ་བཟའ་བ་འདྲ། །ཨི་བདེན་མི་བདེན་གསང་སྔགས་རོལ་བ་ཡི། །སྐོང་བཤགས་ནང་ན་འདི་ལྟར་གསུངས་ཡོད་དེ། །གསང་བའི་ནང་དབང་མ་མནོས་པར། །ཤ་ཆེན་ལང་ལིང་སྤུངས་པ་དེ། །རང་གི་ཕུང་བོ་ཞིག་ལ་ཉེ། །ཤིན་ཏུ་གནོང་ངོ་རབ་ཏུ་འགྱོད། །གསང་བའི་ནང་དབང་མ་མནོས་པར། །རས་ཆེན་གཡང་གཞི་སྤྱོད་པ་དེ། །གཏི་མུག་མུན་པར་འཐུམ་ལ་ཉེ། །ཤིན་ཏུ་གནོང་ངོ་རབ་ཏུ་འགྱོད། །གསང་བའི་ནང་དབང་མ་མནོས་པར། །ཚིལ་ཆེན་དུད་པ་སྤྱོད་པ་དེ། །རང་གི་ཕུང་བོ་བསྲེག་ལ་ཉེ། །ཤིན་ཏུ་གནོང་ངོ་རབ་ཏུ་འགྱོད། །གསང་བའི་ནང་དབང་མ་མནོས་པར། །དམར་ཆེན་གཏོར་མ་སྤུངས་པ་དེ། །ཕུང་བོ་དམྱལ་བ་ལྟུང་ལ་ཉེ། །ཤིན་ཏུ་གནོང་ངོ་རབ་ཏུ་འགྱོད། །ཅེས་གསུངས་སོ། དེ་ལྟར་བཀའ་ལུང་བདེན་པ་བསྒྲུབས་རྗེས་སུ། །རང་གི་རིག་པས་དཔྱད་ཀྱང་སྲོག་གཏོ་འདི། །མི་འཐད་ངེས་པར་གོ་བ་འདི་ལྟར་སྟེ། །ཡི་དམ་ལྷ་ཚོགས་སྲོག་གིས་མཉེས་གྱུར་ན། །མུ་སྟེགས་ལྷ་འདྲེ་དེ་ལ་ཁྱད་མ་བྱུང་། །བདེར་གཤེགས་ཐུགས་རྗེས་འགྲོ་དྲུག་མཉམ་པ་ལ། །མི་དང་ནོར་ལ་ཕྱོགས་རིས་ག་ལ་ཡོད། །མི་ལ་ཕན་འདོགས་དུད་འགྲོ་བསད་ཅིང་བཟའ། །དེ་ནི་ཤིན་ཏུ་མི་བདེན་རྫུན་དུ་གོ། །དབལ་མོ་ཕོ་ཉ་ཤ་ཟ་ཁྲག་འཐུང་རྣམས། །གདུལ་དཀའ་བདུད་སྲིན་མ་རུང་ལོག་པའི་སྡེ། །ཞི་བས་མི་ཐུལ་དྲག་པོས་ཚར་གཅོད་ཕྱིར། །རྔམ་པའི་ཤ་དང་གདུང་བའི་སྙིང་ཁྲག་དང་། །གདུག་པའི་ཙིརྟ་དམར་གྱི་གཏོར་མ་རྣམས། །དགོས་པར་བཤད་ལ་འདིར་ལྟར་བྱ་དགོས་ཏེ། །མཆོག་ཆེན་སངས་རྒྱས་གླིང་བའི་སྙན་རྒྱུད་བཀའ། །སེང་གདོང་སྦྱིན་སྲེག་དུག་མདའ་འབར་བ་ལས། །ཤ་ཁྲག་དོན་སྣོད་མངོན་སུམ་མི་དགོས་ཤིང་། །དོན་སྣོད་ལྔ་ལས་བསྐྲུན་པའི་དམ་རྫས་ཀྱིས། །རིལ་བུ་ཕྱེ་མ་གང་རུང་མར་ཁུ་དང་། །འབྲུ་སྣ་ལ་བསྲེས་འབུལ་བ་འཐད་དོ་གསུངས། །གཞན་ཡང་མདོ་ལུགས་རྒྱལ་བ་རྒྱ་མཚོ་སོགས། །འགའ་ཡི་མར་སྦྱིན་སྐབས་སུ་འདི་སྐད་དོ། །རང་རེས་སྲོག་མ་བཅད་པའི་ཤ་སྣ་དང་། །ཁྲག་སྣ་སྤུ་ཚོན་མང་དུ་བསགས་གསུངས་སོ། །དེ་ལྟར་དམ་རྫས་འབུལ་བར་མ་ནུས་ཀྱང་། །ཤི་བའི་ཤ་དང་ཚོང་འདུས་མི་ལག་བརྒྱུད། །གསོད་གཅོད་བསམ་སྦྱོར་སྔོན་དུ་མ་སོང་བའི། །གཙང་མའི་ཤ་ཁྲག་དེ་ཉིད་ཚགས་བྱས་ནས། །དགོས་དུས་སྤྱད་པ་བླ་མ་རྣམས་ཀྱིས་གསུངས། །དེ་ཡང་ཤ་ཁྲག་རུས་གསུམ་དུག་གསུམ་རྟེན། །དཔེར་ན་ལིང་ག་འབྲི་དུས་དགྲ་བོ་ཡི། །དྲི་མ་དགོས་པ་དེ་ལྟར་མ་གཏོགས་པས། །དམར་ལ་དགའ་དང་མང་ནས་འགྲངས་དགོས་མིན། །ཆགས་སྡང་གདུག་པ་རྩད་ནས་བཅད་པའི་ཕྱིར། །རྔམ་དགུའི་སྟག་ཤ་གདུང་བའི་སྙིང་ཁྲག་དང་། །གདུག་པའི་ཙིརྟ་གསུངས་རྣམས་དཔེ་ཡིན་ལ། །དོན་མིན་གལ་ཏེ་ཡིན་ན་དེ་སུས་འབྱོར། །དེ་ལྟར་ངེས་པ་སྔགས་རྣམས་ཡོངས་ལས་གསལ། །གཞན་ཡང་གསང་སྔགས་གསང་བའི་དམ་ཚིག་ལ། །དུག་ལྔ་མི་སྤང་ཞེས་དང་སྲོག་གཅོད་དང་། །ལོག་གཡེམ་མ་བྱིན་ལེན་དང་རྫུན་སོགས་ལ། །སྤྱོད་དགོས་གསུངས་པ་གནང་བཀག་གཉིས་གཉིས་ཡོད། །དེ་ནི་མཁས་མིན་བླུན་པོས་དཔྱད་བྱ་མིན། །དེ་བཞིན་སྣང་གཤེན་ལ་སོགས་རྒྱུ་བོན་བཞི། །གང་ལ་ཤ་ཁྲག་དགོས་པ་བཤད་ན་ནི། །དེ་དང་མཚུངས་པར་སྤྱད་ན་རྒྱལ་བའི་བཀའ། །དེ་ལས་ལོག་པ་བྱེད་ན་མུ་སྟེགས་སོ། །སྔོན་ཚེ་བོད་དུ་བོན་གྱི་བསྟན་པ་ཡང་། །སྣུབ་པའི་རྐྱེན་ནི་རྒྱུ་ཡི་བོན་བཞི་ལ། །བདུད་ལུང་འདྲེས་པ་འཆོལ་བར་སྤྱད་པ་དང་། །ཁྱད་པར་ཤ་བ་རུ་རྒྱས་བཙན་མདོས་ལ། །ཤ་བ་གསོན་མ་བཟུང་ནས་བསད་པ་ཡིས། །རྒྱལ་པོ་ཐུགས་ལོག་བོན་རྣམས་བསྣུབས་པ་ཡིན། །དེ་ལྟར་དེང་སང་དུས་ཀྱི་ཐ་མ་ལ། །གསང་སྔགས་ཟེར་ཞིང་སྲོག་གཅོད་མང་བཞིན་དུ། །བོན་ཆོས་བསྟན་པ་མར་མར་འགྲིབ་ནས་འགྲོ། །དེས་ན་ཕྲན་གྱིས་སྨྲས་པའི་ཡིག་ཕྲན་འདི། །དང་དུ་བླང་ན་དགོས་པའི་དུས་ཤིག་ཡོད། །འདི་ན་མི་རིང་མ་འོང་དུས་ཤིག་ན། །གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ། །དར་བའི་དུས་དེར་རྐྱེན་གྱི་རླན་འདི་ཡིས། །ཐར་བའི་འབྲས་བུ་ཡོངས་སུ་སྨིན་པར་བྱའོ། །ཨ་ཧོ་རྒྱལ་བ་འཕགས་པའི་བཀའ་ལུང་ཀུན། །སྡིག་པ་སྤང་ཕྱིར་གསུང་བ་མ་ཡིན་པས། །རང་སྒེར་ཕན་བྱ་ཞིག་ནི་གར་ཡོད་ཀྱང་། །དམིགས་བསལ་འདི་ནི་ཐར་ལམ་གསལ་སྒྲོན་ཡིན། །འདིས་མཚོན་དམྱལ་བའི་དོང་ནས་ཡར་བྲོས་ལ། །མཐོ་རིས་སྐས་ལ་འཛེག་དང་སྐལ་ལྡན་རྣམས། །འཁོར་བའི་དགྲ་ལས་ཐར་ནས་བདེ་ཆེན་གྱི། །གནས་སུ་ཕྱིན་པ་དེ་ནི་གོར་མ་ཆག །ཕྲན་གྱི་ལྷག་བསམ་ཏིལ་དཀར་འབྲས་བུ་འདི། །དད་ལྡན་ཞིང་སར་སྨོན་ལམ་རྐྱེན་སད་ནས། །གཅིག་ལས་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་འཕེལ། །དགེ་མེད་དབུལ་ཕོངས་མཛོད་ཀྱིས་འཚེངས་གྱུར་ཅིག །

      ཅེས་པ་ས་མོ་ཡོས་བུའི་ལོའི་ཟླ་༣ཚེས་༢༥་ལ། སྣང་ཞིག་རིན་པོ་ཆེ་ཤེས་རབ་བློ་གྲོས་ཀྱིས་གསུང་བསྐུལ་མཛད་ཚེ་རང་གིས་ཀྱང་འདི་ལྟར་དགོས་ངེས་ཀྱི་བསམ་པས་ཀུན་ནས་སློང་སྟེ། །སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བཀོད་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ནས་འགྲོ་རྣམས་མ་ལུས་ཐར་བའི་ལམ་ལ་འཁོར་པར་གྱུར་ཅིག །

༼མུ་ཁྲི་བཙན་པོ༽སྤྱི་དེབ་བཞི་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག