ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> ལྷོ་གཏེར་ལུགས་ཀྱི་སླར་འགྱུར་སྡེ།
ལྷོ་གཏེར་ལུགས་ཀྱི་སླར་འགྱུར་སྡེ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་གྲགས་པ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      སྤྱིར་བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་མཛད་འཕྲིན་རླབས་པོ་ཆེ་འདི་ཆེས་རྒྱ་ཆེ་ཞིང་གྲངས་མང་ཡང་བསྡུས་ན་སྣོད་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟོས་ཏེ། བོན་སྒོ་བཞི་མཛོད་ལྔ་རུ་མ་འདུས་པ་མེད་ལ། དེ་ཡང་སྣོད་ཐ་མ་གསུམ་ལ་ལྟོས་ཏེ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་གསུངས་བ་དང་། འབྲིང་གསུམ་ལ་ལྟོས་ཏེ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་དང་། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་གཉིས་དང་། སྣོད་རབ་ལ་ལྟོས་ཏེ། དཔོན་གསས་མན་ངག་ལུང་གི་བོན་དང་། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་གཉིས་གསུངས་པ་ཡིན་ལ། གཞུང་དེ་དག་གི་ངོ་བོ་ཐེག་པ་དང་སྦྱར་ཏེ་སྡེ་གསུམ་དུ་ཕྱེས་པ་ནི། སླ་འགྱུར་གྱི་སྡེ་དང་། གཉིས་ཀ་མ་ཡིན་པའི་སྡེ་དང་། དཀའ་བཅད་ཀྱི་སྡེ་དང་གསུམ་ཡིན་ནོ། །

དང་པོ་སླ་འགྱུར་གྱི་སྡེ།

       སླ་འགྱུར་གྱི་སྡེ་ལ། ཕྱྭ་སྣང་འཕྲུལ་སྲིད་བཞི་བསྟན་ཀྱང་དེ་དག་ནི་གཙོ་བོ་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་ཐེག་པ་ཞིག་ཡིན་ལ། བསྐལ་བ་དུ་མར་སྦྱངས་པས་མོས་སྤྱོད་ཀྱིས་ས་བཞི་ཐོབ་པའི་རྒྱུ་ཞིག་ཀྱང་ཡིན།

༼དང་པོ་ཕྱྭ་གཤེན་གྱི་ཐེག་པ།༽

      ཕྱྭ་གཤེན་གྱི་ཐེག་པ་ཞེས་པ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་པ་གཉིས་ཀྱི་སྲས་སུ་སྐུ་འཁུངས་ཏེ། གཤེན་ལོ་རེ་ལ་ཐེག་པ་རེ་རེའི་དོན་བསྟན་ཞིང་། མི་ལོ་བརྒྱ་སྟེ་གཤེན་ལོ་གཅིག་བཞེས་སྐབས་ཐེག་པའི་དང་པོ་ཕྱྭ་གཤེན་གསུངས། ཐེག་པ་དེ་ཡང་གཙོ་བ་པྲ་ལྟས་དང་གཏོ་ཡི་སྒོ་ནས་སྣང་བ་ལྷ་འདྲེ་བདེ་སྡུག་ཏུ་རྟོགས་པས་ཉེས་སེལ་ལེགས་སྤེལ་བྱེད་པའི་ཐེག་པའི་ཞིག་ཏུ་འདོད་ཅིང་། འཇིག་རྟེན་འདིར་ཕན་བདེ་སྒྲུབ་པ་དང་། ཐེག་པ་དེའི་མཐོ་རིས་ལྷ་ཡི་གོ་འཕང་ཐོབ་བྱེད་ཀྱི་འཇུག་སྒོ་ཡང་བཞི་རུ་ངེས་ལ། འཇུག་སྒོ་བཞི་ནི། མོ་རྩིས་གཏོ་དཔྱད་བཞི་སྟེ། འབྱུང་བཞི་འཁྲུག་པས་ཕྱི་ནང་གི་གདོན་རིགས་སམ་བཟང་ངན་བརྟག་བྱེད་ཀྱི་མོ་དང་། སྣང་མཐོང་ལེགས་ཉེས་ཀྱི་ཆ་རྣམས་གཞལ་བྱེད་ཀྱི་རྩིས་དང་། འདུ་བ་རྣམ་བཞིའི་ནད་རྣམས་གསོ་བྱེད་ཀྱི་གཏོ་དང་། འཆི་བར་གྱུར་བ་ལ་དཔྱད་ཐབས་ཉིས་ཁྲི་གཅིག་སྟོང་གིས་བསླུ་བ་སོགས་སྤྱིའི་འཇུག་སྒོ་བཞི་ཡིན་ཏེ། མདོ་ལས། པྲ་ལྟས་མོ་དང་སྣང་མཐོང་རྩིས། ན་གསོ་གཏོགདང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ་ཞེས་གསུངས་པ་དང་། དེ་ལྟར་སྤྱིའི་འཇུག་སྒོ་བཞི་ལ་ནང་གསེས་སུའང་། པྲ་ལྟས་མོ་ལ་བརྟགས་ཐབས་བཞི་དང་། སྣང་མཐོང་ལེགས་ཉེས་ཀྱི་ཆ་རྣམས་གཞལ་ཚུལ་བཞི། ནད་རིགས་སུམ་བརྒྱ་དྲུག་ཅུ་བཅོས་ཐབས་ཀྱི་གཏོ་སྒོ་བཞི། འཆི་བསླུ་སྨན་གྱིས་དཔྱད་ཚུལ་རྣམ་བཞི་བཅས་འཇུག་སྒོ་རྒྱ་ཆེ་ཞིང་། དེ་དག་གི་ཉིང་དགོས་ནི། ལྟ་སྤྱོད་གཉིས་སུ་ངེས་ལ། ལྟ་བ་ནི། སྣང་བ་ཡུལ་ཤེས་ལ་ལྷ་འདྲེ་བདེ་སྡུག་ཏུ་རྟོགས་ཤིང་། ནད་ལ་སྦྱང་དུ་ཡོད་པར་རྟོགས་ལ། གདོན་ལ་བཟློག་ཅིང་བསྒྱུར་དུ་ཡོད་པར་རྟོགས་པ་ནི། ཕྱྭ་གཤེན་པའི་ལྟ་བ་ཡང་དག་ཏུ་འདོད་པ་ཡིན་ལ། སྤྱོད་པའི་ལས་ནི། ནད་གདོན་རྐྱེན་ངན་གྱི་ཚོགས་རྣམས་ཇི་ལྟར་དུ་འདུག་པ་དེ། ནད་རིགས་ལ་རྩ་དང་ཆུ་ཡི་སྒོ་ནས་བརྟགས་ཤིང་། གདོན་ལ་མོ་དང་མཐོང་གི་སྒོ་ནས་བརྟགས་ཏེ། གདོན་ལས་གྱུར་རྣམས་གཏོ་རིགས་ཀྱིས་ཕན་པར་བྱེད་པ་ནི། སྤྱོད་པ་ཡང་དག་ཏུ་འདོད་དོ། ། དེ་ལྟར་ལྟ་སྤྱོད་ཡང་དག་གིས་བཏེགས་པའི་ཡོན་ཏན་ནི། ཐེག་པ་དེའི་འཇུག་སྒོའི་ལམ་སོགས་ལ་བརྟེན་ནས། ཁམས་གསུམ་འཁོར་བའི་ས་ལས་གྲོལ། ཚོགས་མོས་སྤྱོད་སོགས་ཡར་བརྒལ་ནས་ས་བཅུ་རིམ་གྱིས་བསྒྲོད་དེ་སྐུ་གསུམ་མངོན་དུ་ཐོབ་པ་ཡོད་དེ། མདོ་ལས། རྒྱུ་ཡི་བོན་བཞིས་བསྐལ་པ་དུ་མར་སྦྱང་པས་མོས་སྤྱོད་ཀྱི་ས་བཞི་ཐོབ་ལ་ཞེས་གསུངས་པའི་ཕྱིར། དེ་ཡང་གཙོ་བོ་འཇིག་རྟེན་འདིར་བདེ་བ་ལྡན་པ་དང་། གནས་སྐབས་སུ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་ནི། ཐེག་པ་འདིའི་ཡོན་ཏན་དུ་ཡང་ངེས་སོ། །

༼གཉིས་པ་སྣང་གཤེན་གྱི་ཐེག་པ།༽

       སྣང་གཤེན་གྱི་ཐེག་པ་ཞེས་པ་ནི། སྟོན་པ་གཤེན་ལོ་གཉིས་བཞེས་པའི་སྐབས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ནུབ་ཕྱོགས་སུ། གྲོང་ཁྱེར་ཆེན་པོ་མོ་མཚར་ལྟད་མོ་ཅན་ལ་ཞབས་ཀྱིས་བཅགས་ཤིང་གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་གསུངས་པའི་ཐེག་པ་དེ་ལ་ཟེར་ཞིང་། ཐེག་པ་དེ་ནི། གཙོ་བོ་གྱེར་སྒོ་བཞི་དང་སྐད་གཅོང་དགུའི་སྒོ་ནས་ལྷ་འདྲེ་ལ་ཡོན་གླུད་དུ་ཕུལ་བར་བྱེད་པའི་གཏོ་རིགས་ལ་འཇུག་པའི་བོན་སྒོ་ཞིག་ཡིན་ལ། དེ་དག་གིས་གཏང་རག་ཀྱང་ཞེ་གཉིས་ཀྱི་སྒོ་ནས་འཇུག་པ་མདོ་ལས་གསུངས་ཤིང་། དང་པོ་གྱེར་སྒོ་བཞི་ནི། ཆབ་ནག་ཆུ་བོ་སེལ་གྱི་སྒོ་དང་། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེས་ཀླུད་ཀྱི་སྒོ། དཔོན་གསས་ཕྱྭ་གཉན་གཏོ་ཏི་སྒོ་དང་བཞི་ཡིན་ནོ། ། དང་པོ་ཆབ་ནག་ཆུ་བོ་སེལ་གྱི་སྒོ་ནི། ཆབ་ནག་ཆུ་བོ་གཞུང་བཞི་གང་རུང་གིས་སྒོ་ནས་འཇུག་པ་ལ་ཟེར་ཞིང་། གཙོ་བོ་དབུལ་འཕོངས་དང་། མི་རྒྱུད་ཀྱི་རྨང་ངམ་རྩ་བ་ཆད་པ། ལྷ་ཀླུ་མནོལ་བ། ཤིན་ཏུ་གེགས་ཉེན་རྩུབ་བ་སྨེ་མནོལ་མི་གཙང་འབག་པ། མི་མཐུན་པྲ་ལྟས་ངན་པ་སོགས་སེལ་བའི་གཞུང་དག་བཤད་པར་མ་ཟད། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཆུང་བ་དང་། བྱེ་བྲག་ཏུ་ཕ་རོལ་བའི་དགྲ་དང་སྐྱེ་འགྲོ་སེམས་ཅན་གྱི་དབང་རླུང་རྒུད་པ། གཡུལ་སོའམ། དགྲ་ཁ་ཚུར་ལ་ལང་བའི་རིགས་རྣམས་སེལ་བའི་སྒོ་ཞིག་ཀྱང་ཡིན་ཏེ། མདོ་ལས་འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། སྡུག་བསྔལ་ཉོན་མོངས་གདུང་བ་དང་། ཀག་ཉེན་ཕྲག་རྡོག་རྩུབ་པ་དང་། བསྟན་པ་དར་རྒྱས་ཆུང་བ་དང་། ཕ་རོལ་དགྲ་རུ་ལང་བ་དང་། རླུང་རྟ་དབང་ཐང་རྒུད་པ་དང་། གཡུལ་སོ་ཚུར་ལ་ལང་བ་དང་། སྒྲ་བླ་ཝེར་མའི་དཔའ་ཁྲོམ་བཀུག ཅེས་ལུང་གིས་ཟིན་ནོ། །གཉིས་པ་ཆབ་དཀར་འདྲེ་དང་སྲི་ཡི་སྒོ་ཞེས་པ་ནི། གཙོ་བོ་ཐབས་དང་ཐུགས་རྗེ་མ་འགག་པའི་སྒོ་ནས་འདྲེ་དགུ་སྐྱེས་འདེབས་སྲི་བཅུ་ཐུར་མནན་གང་རུང་བྱེད་པའི་འཇིག་རྟེན་པའི་ཐེག་པ་ཞིག་ཏུ་འདོད་ལ། འདྲེ་དགུ་ནི། དམའ་བའི་འདྲེ་དང་། མེད་པའི་འབྲེས་དབུལ་བའི་འདྲེ། རྨང་བའི་འདྲེ། སྟོང་བའི་འདྲེ། འཇིག་རྟེན་པའི་ཐེག་ཞིག་ཏུ་འདོད་ལ། འདྲེ་དགུ་ནི། དམའ་བའི་འདྲེ་དང་། མེད་པའི་འབྲེས་དབུལ་བའི་འདྲེ། རྨང་བའི་འདྲེ། འཇིག་རྟེན་པའི་ཐེག་པ་ཞིག་ཏུ་འདོད་ལ། འདྲེ་དགུ་ནི། དམའ་བའི་འདྲེ་དང་། མེད་པའི་འབྲེས་དབུལ་བའི་འདྲེ། རྨང་བའི་འདྲེ། སྟོང་བའི་འདྲེ། འཇིག་པའི་འདྲེ། ཉེས་པའི་འདྲེ། སྡུག་པའི་འཕྲེལ་འགྲིབ་པའི་འདྲེ་དང་དགུའོ། སྲི་བཅུ་ནི། ཆེ་སྲི། ཆུང་སྲི། དར་སྲི། རྒན་སྲི། གཞོན་སྲི། ཕོ་སྲི། མེ་སྲི། དུར་སྲི། བྱིས་སྲི། བྱུར་སྲི་དང་བཅུའོ། ། གསུམ་པ་འཕན་ཡུལ་མཉམ་བརྗེས་གླུད་ཀྱི་སྒོ་ནི། གཙོ་བོ་ཕོ་གླུད་མོ་གླུད་གསུམ་གྱི་གཏོ་རིགས་ལ་འཇུག་ཀྱང་། མཉམ་བརྗེས་ཀྱི་གླུད་བཏང་ནས་བླ་འགུགས་ཤིང་ཕྱྭ་གཡང་སྐྱབས་པའི་ཐེག་པ་ཞིག་ཡིན་ལ། བཞི་པ་དཔོན་གསས་ཕྱྭ་གཉེན་གཏོ་ཡི་སྒོ་ཞེས་པ་ནི། མཁའ་ཀློང་དབྱིངས་ཀྱི་ལྷ་གསས་དབལ་མོ་སྲུང་མ་ས་བདག་དང་བཅས་པ་གང་རུང་མཆོད་པར་ཞུགས་པའི་ཆབ་ནག་གྱེར་སྒོ་བཞི་པས་ཁྱད་པར་དུ་བྱས་པའི་ཐེག་སྒོ་ཞིག་ཀྱང་ཡིན། དེ་ལྟར་གྱེར་སྒོ་བཞི་ཡི་གཏོ་རིགས་བརྡ་སྤྲོད་བྱེད་ཀྱི་སྐད་གཅོང་དགུ་ནི། གཡུ་འབྲུག་ངར་སྐད། ཁྱུང་མོའི་འཚེར་སྐད། ངང་མོ་བུའི་སྟོན་སྐད། རྨ་བྱའི་སྒྲོ་སྐད། ཁུ་བྱུག་གསུང་སྐད། ལྕོ་གའི་འགྱུར་སྐད། ཁྱུང་མོའི་འཚེར་སྐད། ངང་མོ་བུའི་སྟོན་སྐད། རྨ་བྱའི་སྒྲོ་སྐད། ཁུ་བྱུག་གསུང་སྐད། ནེ་ཙོའི་གཙོང་སྐད། ཕོ་རོག་ལྟོ་སྐད། སྟག་སྦྲང་གཅོང་སྐད་དང་དགུ་ཡི་སྒོ་ནས་དྲངས་ཤིང་། ལྟ་བ་ནི། སྣང་གཤེན་སེམས་ལ་སྐྱེ་ཤིར་རྟོགས་ལ། ལུས་སེམས་བདག་གཅིག་པས་ལུས་སྐྱེས་ན་སེམས་ཀྱང་སྐྱེ་བར་འདོད་ལ། ལུས་ཤི་ན་སེམས་ཀྱང་ཤི་བར་རྟོགས་ཏེ། བགེགས་ཀྱིས་ཟ་ཞིང་འཆི་བ་ལ་ལྷ་གསོལ་བར་བྱེད་པས་དེ་ལས་སྐྱོབས་ཤིང་གླུད་གཏོང་བས་ཕན་པར་རྟོགས་པ་ནི། ལྟ་བ་རུ་འདོད་དེ། སྤྱོད་པའི་ལས་ནི། སྣང་སྲིད་སྣོད་བཅུད་དུ་གཟིགས་པའི་ལྷ་འདྲེ་དག་ཕན་གནོད་གཉིས་སུ་ཕྱེས་ཏེ། ཕན་པའི་ལྷ་ཕུགས་སུ་གསོལ་ཏེ་མགོན་སྐྱབས་མཛད་པ་དང་། བར་དུ་བགེགས་ལ་གླུད་ཕུལ་ཞིང་རྫོང་བཏབ་པས། ནད་རིགས་ཀྱི་འཕྲོ་བཅད། ཐ་མར་སྒོ་རུ་སྲི་མནན་པས། སྲི་ཅན་གཞུང་དུ་སྒྲུབ་པ་ནི་སྤྱོད་པའི་ལས་སོ། ། དེ་ལྟར་ལྟ་སྤྱོད་ཡང་དག་ཉམས་སུ་བླངས་བའི་ཡོན་ཏན་དངོས་ནི། རྣམ་སྦྱང་གཟུང་རྟོག་གི་གཉེན་པོར་གྱུར་བའི་མོས་སྤྱོད་རྩེ་མོ་ཐོབ་པ་ཡིན་ཞིང་། མོས་སྤྱོད་ལས་ཡར་རྒལ་མི་ནུས་ཏེ། འཇིག་རྟེན་པའི་ཐེག་པ་ཡིན་པའི་ཕྱིར།

༼གསུམ་པ་འཕྲུལ་གཤེན་གྱི་ཐེག་པ།༽

       འཇིག་རྟེན་གནས་ཀྱི་ཐེག་པ་འཕྲུལ་གཤེན་ཞེས་བྱ་བ་ནི། སྟོན་པ་སངས་རྒྱས་མཆོག་གཤེན་ལོ་གསུམ་སྟེ། མི་ལོ་གསུམ་བརྒྱ་བཞེས་སྐབས་གྲོང་ཁྱེར་ཆེན་པོ་ལང་ལིང་དུ་གསུངས་པ། གཙོ་བོ་གཉེན་པོས་དགྲ་བགེགས་འདུལ་ཏེ་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་ཐོག་སེར་དང་ཆོ་འཕྲུལ་ལྟས་ངན་ལ་སོགས་པ་བསྒྱུར་བའི་ཐེག་པ་ཞིག་ལ་ཟེར་ཞིང་། སྤྱིར་ཐབས་དང་རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་འཇུག་སྟེ། གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བའི་ཐབས་སུ། བདུད་དང་སྲིན་པོ་སོགས་ཡོད་པའི་གནས་གང་དག་ཏུ་དམིགས་ཤ་མིན་པ་སྔགས་ལས་བཤད་པའི་དམ་རྫས་ཤ་ཁྲག་དང་ཡོ་བྱད་གང་དགོས་བསགས་ནས་དེ་དག་བྲན་དུ་བཀོལ་བའི་ཕྱིར་དུ་འཇུག་ཅིང་། སྤྱོད་པའི་ལས་ནི། བསྒྲལ་བའི་ཞིང་བཅུར་གྱུར་བའི་བསྟན་པ་ལ་མ་ཉེས་པ་རྣམས་ལ་མཐུ་བྱེད་པ་ཀེག་སོགས་སྤངས་བར་འདོད་ནའང་། བསྟན་པ་ལ་གནོད་པའི་དགྲ་བགེགས་བདུད་སྲིན་གྱི་རིགས་ནི། རྫུ་འཕྲུལ་བཅུ་གསུམ་གྱིས་སྒོ་ནས་སྲུང་བཟློག་བསད་གསུམ་གྱི་ལས་ལ་འཇུག་སྟེ། དགྲ་བགེགས་རྣམས་བསྒྲལ་ཞིང་གནས་སྤར་བར་བྱེད་པ་དེ་ཡིན་ཞིང་། རྫུ་འཕྲུལ་བཅུ་གསུམ་ནི། བསད་པའི་རྫུ་འཕྲུལ། གསོ་བའི་རྫུ་འཕྲུལ། དབབ་པའི་རྫུ་འཕྲུལ། གཅད་པའི་རྫུ་འཕྲུལ། གཟིར་བའི་རྫུ་འཕྲུལ། བསྡུད་པའི་རྫུ་འཕྲུལ། བསྲེག་པའི་རྫུ་འཕྲུལ། གཞན་དོན་ལ་དམིགས་པའི་རྫུ་འཕྲུལ། རང་དོན་ལ་དམིགས་པའི་རྫུ་འཕྲུལ་དང་བཅུ་གསུམ་ཡིན་པ་དང་། ལྟ་བ་ནི། རྗེ་ཁོལ་ལྟ་བུའི་དཔེ་དང་མཚུངས་བར་འདོད་དེ། སྒྲུབ་པ་པོ་བདག་ཉིད་ནི་གཙོ་བོའམ་རྗེ་དང་། དབལ་མོ་དང་ལས་མཁན་རྣམས་བྲན་དང་འབྲངས་ལྟ་བུ་རྟོགས་པའི་ལྟ་བ་རུ་འདོད་ཅིང་། ཐེག་པ་འདིའི་ལྟ་སྤྱོད་ཟུང་དུ་འབྲེལ་བའི་ནུས་མཐུ་ལ་བརྟེན་ནས་སྐྱེས་བུ་བཏགས་འཛིན་རྟོག་པའི་གཉེན་པོར་གྱུར་བའི་མོས་སྤྱོད་བཟོད་པ་ཐོབ་ཏེ། འགྲོ་དྲུག་སེམས་ཅན་རྣམས་ཉོན་མོངས་ཀྱི་ཐ་རམ་ལས་གྲོལ་ཞིང་། སྤྱིར་སྒོས་ཀྱི་སྡུག་བསྔལ་ལས་ཐར། མཐར་ཐུག་བླ་མེད་ཀྱི་འབྲས་བུ་ཐོབ་ན་དགའ་བའི་དགའ་བ་ཚད་མེད་པར་སྒོམ་པའི་ཐེག་པ་ཞིག་ཡིན་ནོ། །

༼བཞི་པ་སྲིད་གཤེན་གྱི་ཐེག་པ།༽

      སྲིད་གཤེན་གྱི་ཐེག་པ་ཞེས་བྱ་བ་ནི། སྟོན་པ་གཤེན་ལོ་བཞི་བཞེས་པའི་དུས་སུ་གྲོང་ཁྱེར་ཆེན་པོ་ལང་ལིང་གི་དབུས་དཀྱིལ་ན། གཏན་ལ་ཕབས་སྟེ་གསས་མཁར་ཁོ་མ་རུ་རིང་དུ་སྐོས་བཞག་གནང་པའི་ཐེག་པ་དེ་ལ་ཟེར་ཞིང་། ཐེག་པ་དེ་ནི་བླ་ཡིད་སེམས་གསུམ་དུ་བརྟག་ཏེ། ཤི་ཐབས་དང་འདུར་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཙོ་བོར་འཇུག་པའི་རྒྱུ་ཐེག་ཞིག་ཀྱང་ཡིན་ལ། འཇུག་སྒོ་ཡང་། ཤི་ཐབས་བརྒྱད་ཅུ་རྩ་གཅིག འདུར་སྒོ་བཞི། འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་འཇུག་ཅིང་། ཤི་ཐབས་བརྒྱད་ཅུ་རྩ་གཅིག་ནི། ཚ་གྲང་གི་སྒོ་ནས་ནད་ཀྱི་འཆི་བ་ཉི་ཤུ། གདོན་བགེགས་ཀྱིས་སྒོ་ནས་གློ་བུར་དུ་འཆི་བ་ཉི་ཤུ། འཐབ་རྩོད་ཀྱིས་སྒོ་ནས་མཚོན་ཆས་འཆི་བ་ཉི་ཤུ། འབྱུང་བའི་སྒོ་ནས་རྐྱེན་གྱིས་འཆི་བ་ཉི་ཤུ། ཚེ་ཟད་ཀྱིས་འཆི་བ་གཅིག་སྟེ། བརྒྱད་ཅུ་རྩ་གཅིག་དང་། འདུར་ཐབས་སུམ་བརྒྱ་དྲུག་ཅུ་ནི། ཤི་རབས་དང་ཆོ་འབྲང་ལ་མི་འདྲ་བ་བརྒྱ་ཉི་ཤུ། དེ་འདུར་བའི་ཁོགས་ལ་མི་འདྲ་བ་བརྒྱ་ཉི་ཤུ། འདུར་སྒོ་དེ་ལས་བྱུང་བའི་འདུར་བོན་མི་འདྲ་བ་བརྒྱ་ཉི་ཤུ། བཅས་སྡོམ་པའི་སུམ་བརྒྱ་དྲུག་ཅུ་རུ་ངེས་ཤིང་། དེ་དག་གི་ཐབས་ལམ་མ་ནོར་བའི་སྒོ་ནས་འཇུག་པ་དང་། ལྟ་བ་ནི། རྨི་ལམ་དང་དཔེ་མཚུངས་པར་འདོད་དེ། གཉིད་ལོག་པའི་དུས་ན་ལུས་མལ་ནས་མ་འགལ་ཀྱང་། ཡིད་སེམས་ཡུལ་ལ་འཕྲོ་བ་བཞིན་དུ། ཚེ་འདས་ཀྱི་ལུས་སེམས་གཉིས་ཁ་བྲལ་ནས་བླ་ཡིད་སེམས་གསུམ་འཁོར་བར་འཁུམས་ཤིང་སྡུག་བསྔལ་ཉམས་སུ་མྱོང་བར་རྟོགས་པ་ནི་ལྟ་བུ་རུ་ངེས་ཤིང་། སྤྱོད་པའི་ལས་ནི། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་རྒྱུ་དྲུག་ཏུ་འཁྱམས་པ་ལ། འདྲེན་པའི་ཐབས་ལ་མཁས་པར་བྱེད་དེ། བླ་གཤེད་པོས་འཁྱེར་བ་དེ་ཡང་འགུགས་པའི་ཐབས་སུ་གཏོར་མ་བཏང་བ་དང་། དབྱེན་ཁམས་ལ་ཡང་ལན་ཆགས་གླུད་གཏོར་གཏོང་ལ། ཡིད་མ་ཡེང་བའི་སྒོ་ནས་འགུགས་པར་བྱ་ཞིང་། སེམས་དེའི་རྗེས་སུ་འབྲང་སྟེ། འཁོར་བ་ལས་དྲང་ཕྱིར་དུ་གཤེན་པོའི་ཐབས་དང་འདུར་གསས་ཀྱི་ཐུགས་རྗེ་ལ་བརྟེན་ནས་འགྲོ་བ་དྲུག་གི་ས་བོན། དུ་པྲི་རྣྲི་ཨཱོྃ་ཨ་སོགས་རིམ་གྱིས་བཅོམ་སྟེ་བག་ཆགས་སྦྱོང་བ་དང་། ཡུལ་མཁར་བང་མཛོད་སོགས་ལོངས་སྤྱོད་སྣ་ཚོགས་འཛིན་ཞེན་ཆགས་མེད་ཀྱི་སྒོ་ནས་གཏད་ཡར་སོགས་བྱེད་པ་ནི། སྤྱོད་པ་ཡབ་དག་ཏུ་འདོད་ལ། སྐབས་འདིར་བླ་ཡིད་སེམས་གསུམ་གྱི་དོན་ནི། གབ་པ་ལས། ཀུན་གཞི་ལ་བག་ཆགས་བསགས་པས་བླ། དེའི་རྗེས་སུ་འབྲེལ་བས་སེམས། དེ་ལ་བདེ་སྡུག་སྣ་ཚོགས་སུ་རྒྱུ་བས་ཡིད་ཅེས་གསུངས་སོ། །ལྟ་སྤྱོད་དེ་དག་གིས་བཏེགས་པའི་འབྲས་བུ་ནི། གང་ཟག་རྫས་འཛིན་རྟོག་པའི་གཉེན་པོར་གྱུར་བ་མོས་སྤྱོད་བོན་མཆོག་ཐོབ་སྟེ། བདག་ཕྱོགས་མེད་པར་བཏང་སྙོམས་ཚད་མེད་དུ་འཇུག་གོ། དེ་ལྟར་སླ་འགྱུར་གྱི་སྡེ་ལ་དབྱེ་བའི་ཐཻག་པ་བཞི་ནི་མོས་སྤྱོད་བོན་མཆོག་ལས་བརྒལ་མི་ནུས་པས་འཇིག་རྟེན་གྱི་ཐེག་པའམ་རྒྱུ་ཡི་བོན་བཞི་ཡང་ཟེར།

༼བོན་སྒོ༽སྤྱི་དེབ་དགུ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག