ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> བོན་པོ་ལེ་གུ༼ལེའུ༽་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད།
བོན་པོ་ལེ་གུ༼ལེའུ༽་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྔོན་འཛིན་ངག་དབང་རྒྱ་མཚོ།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

       མདོ་སྨད་ལྷོ་རྒྱུད་ཀྱི་འཕན་ཆུ་དང་ཐེ་ཆུའི་རྒྱུད་ཀྱི་དམངས་ཁྲོད་དུ་ཡོད་པའི་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་ལེ་གུའི༼ལེའུ༽་རྒྱུ་མཚན་མདོར་བསྡུས་ཙམ་ཞིག་བདག་གིས་ཀྲུང་གོའི་བོད་རིག་པའི་དུས་དེབ་སྟེང་དུ་བཀོད་ཡོད་ཀྱང་། ཕྱིས་སུ་དེ་སྐོར་གྱི་དཔྱད་གཞི་ཡིག་ཆ་མང་ཙམ་རྙེད་ཟིན་པས་ལེ་གུའི་མིང་ཐོབ་ཚུལ་ལ་ཆེ་ལོང་ཙམ་དཔྱད་པ་ཡིན། སྲིད་པའི་བོན་པོ་ལེའུ་སྐོར་ལ་སྔོན་གྱི་སྲིད་པའི་རྒྱུད་བོན་གྱི་ཡིག་ཚང་ཁྲོད་དུ་རྒྱས་པར་ཡོད་ཀྱང་། བོད་ཀྱི་དམངས་ཁྲོད་དུ་བོན་ལ་བཙོག་ལྟ་བ་དང་། གཡུང་དྲུང་བོན་གྱི་རྗེས་འཇུག་པ་དག་གིས་ཀྱང་དེ་ཐེག་པ་དམའ་མོ་རེད་ཞེས་སྣང་མེད་དུ་བཏང་བས་ད་ལྟ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད། ད་ལྟ་དམངས་ཁྲོད་དུ་བོན་པོ་ལེའུ་དག་གིས་ཉར་བའི་ཡིག་ཆ་ཁྲོད་ལས་མཐོང་རྒྱུ་ཡོད་པ་མ་གཏོགས། བོན་གྱི་ཡིག་ཆ་གཞན་ལས་ཕལ་ཆེར་མཐོང་རྒྱུ་ཤིན་ཏུ་དཀོན་ནོ། །ལེའུ་ནི་ཆབ་ནག་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་ཡིན། བྱེད་ལས་གཙོ་བོ་ནི་མོ་དང་རྩིས་བྱས་ཏེ་གདོན་དང་ནད་ངོས་འཛིན་པ། གཏོ་མདོས་གླུད་ཡས་བྱས་ནས་ཀླུ་གཉན་ས་བདག་སྐང་བ་དང་གནོད་བྱེད་ཀྱི་འདྲེ་སྲི་བཀར་བ། སྨན་དཔྱད་སོགས་ལ་བརྟེན་ནས་ནད་ཞི་བར་བྱེད་པ། བླ་བསླུ་དང་བླ་འགུགས། ཤི་ཐབས་དང་འདུར་ཐབས། མདོར་ན་ཡར་རྒན་གྱི་ལྷ་སྟེ་གནམ་གཉན་ཀླུ་སོགས་ལ་མཆོད་པ་དང༌། བར་ཁྱིམ་གྱི་ཐབས་འདོན་པ། མར་གནོད་བྱེད་ཀྱི་འདྲེ་སྲིན་ལ་གླུད་ཡས་འཕངས་ཏེ་མགོ་མནོན་པ་བཅས་ཡིན། ལེའུ་ལ་ལེ་གུ་དང་། ལྷེའུ། ལྷའུ། ལེ་བདག ལྷ་བདག་ལེའུ། ལེའུ་ལྷ་བདག ལེའུ་གུ་སོགས་འབྲི་སྲོལ་ཡོད། ལེའུ་ཆེ་ཕྱོགས་ནས་དབྱེ་ན་གཉིས་ཏེ། སྲིད་པའི་ལེའུ་དང་མགོན་པོ་ལེའུ། སྲིད་པའི་ལེའུ་ནི་བོན་གྱི་ཆོ་ག་སྤེལ་མཁན་དང༌། མགོན་པོ་ལེའུ་ནི་བན་ལུགས་ཏེ་དེང་སང་གི་རྙིང་མའི་གྲོང་སྔགས་རྣམས་ཡིན། གཞན་ཡང་མགོན་པོ་ལེའུའི་ཡིག་ཆར་དམར་མཆོད་སོགས་ཀྱི་ནང་དོན་མེད་ལ། ཕྱི་ཚུལ་གྱི་རྣམ་པའི་ཐད་ནས་མགོན་པོ་ལེའུ་ནི་གོས་དཀར་ལྕང་ལོ་ཅན་དང༌། སྲིད་པའི་ལེའུ་ནི་ཐོད་པ་ལ་དོམ་རལ་བཅིངས་པ་སོགས་ཀྱི་ཁྱད་པར་ཡོད། གཞན་ཡང་ད་དུང་ཀོང་ཙེ་ལེའུ་དང་ཨ་མྱེས་ལེའུ་སོགས་ཡོད། ལེའུའི་ཡིག་ཆའི་ནང་དོན་གཙོ་བོ་ནི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་ཡིན་ལ། ཡིག་ཆ་དེ་དག་གི་བརྗོད་བྱའི་ནང་དོན་གྱི་ཆ་ནས་བཤད་ན། སྲིད་པའི་ལྷ་རབས་གཙོས་པའི་ལྷ་མི་འདྲེ་གསུམ་གྱི་ལོ་རྒྱུས་དང་། ཀླུ་གཉན་ལ་བརྔན་བསང་། འདྲེ་སྲིའི་ཟློག་པ། མོ་རྩིས་གཏོ་དཔྱད། སེལ་དཀར་ནག ལབ་ཙེ་བསང་གཏོང་། གཏོ་མདོས་གླུད་འཕེན། བླ་བསླུ་བླ་འབོད། བྱ་རྡང་སྲུང་འཛུགས། ཕྱྭ་འབོད་གཡང་འབོད། གཞན་ཡང་སྲིད་པའི་གཟུ་བོ་རྣམ་གསུམ་ཏེ་དཔའ་བོ་གསས་རྡོ། གཟུ་བོ་དྲང་རྒན། འཕྲིན་པ་ཕ་ཝང་སོགས་ཀྱི་ནང་དོན་ཡང་འདུས་ཡོད། ལྷག་པར་དུ་དྲང་རྒན་གྱི་གཞུང་རྒྱས་པས་རྒྱ་ཉག་སོགས་སུ་ལེའུ་ཡིག་ཆ་ལ་དྲང་རྒན་ཟེར་སྲོལ་ཡོད། ཡང་ས་ཆ་ལ་ལས་ལེའུ་ཡིག་ལ་བརྔན་ཡིག་ཞེས་བཏགས་ཡོད། དེ་དག་ནི་བྱེད་ལས་བྱེ་བྲག་པ་ལས་བཏགས་པ་ཡིན་ཏེ། སྤྱི་ལ་ཁྱབ་པའི་མིང་ཞིག་མ་ཡིན་ནོ། །རྗོད་བྱེད་ཚིག་གི་ཆ་ནས་བརྡ་རྙིང་གིས་བཅིངས་པ་དང་། སྐུང་ཡིག་མང་བ། ཡུལ་སྐད་བསྲེས་པ། ཡི་གེ་ལ་ལས་ཀྱི་ཚབ་ཏུ་ཨང་ཡིག་བཀོད་པ་སོགས་གནའ་ཡིག་གི་ཁྱད་ཆོས་མངོན། ཡིག་ཆ་འདི་དག་བོན་གྱི་བཀའ་བརྟེན་སོགས་སུའང་མེད་པས། སྲིད་པ་རྒྱུད་ཀྱི་བོན་སྐོར་ལ་དཔྱད་པ་གཏོང་དགོས་ན་ངེས་པར་རྒྱུ་ཆ་འདི་དག་ལ་བརྟེན་དགོས་སོ། །

༡ བོན་གྱི་ཡིག་ཆ་ལས་ལེ་གུ་ཞེས་པའི་ཐ་སྙད་ཀྱི་བྱུང་ཁུངས་བཤད་པ།

      བོན་གྱི་ཡིག་ཆ་ལས་ལེའུ་ཞེས་པའི་ཐ་སྙད་ཀྱི་བྱུང་ཁུངས་བཤད་ཡོད་དེ། ལྷག་པར་སྲིད་པའི་བོན་པོའི་ཡིག་ཆ་ལས་མང་དུ་བྱུང་ཡོད། ང་ཚོས་བོན་གྱི་ཡིག་ཚང་ལས་དེའི་བྱུང་ཁུངས་དང་གོ་དོན་དབྱེ་ཞིབ་ཅུང་ཟད་བྱའོ། །གཡུང་དྲུང་བོན་གྱི་རྒྱུད་འབུམ༼ཀ༡༨ཤ༡༠ན༢༽ལས་རྗེ་ཡབ་བླ་བདལ་དྲུག་གི་སྲས་ཁྲི་བར་ལ་བདུན་ཚིགས་ལགས། དེའི་སྲས་བར་ལ་སྲིད་མེད་དེ། མགོ་ནག་མིའི་རྗེ་རུ་གཤེགས་པ་ཡང་སྟོན་པས་བྱིན་གྱིས་བརླབས་ཏེ་འགྲོ་དོན་དུ་བཏང་། རྗེ་དེ་གཤེགས་པའི་དུས་སུ་སྐུ་སྲུང་གི་བོན་པོ་ནམ་མཁའ་ལས་སྤྲུལ་བ་ནི་དམུ་བོན་ཐེ་ཡན་བརྒྱུད་ལས་འཚེ་མི་རྒྱལ་དུ་སྤྲུལ། ཕྱྭ་བོན་ཐེ་ལག་བརྒྱུད་ལས་གཅོ་གཤེན་ཕྱག་དཀར་སྤྲུལ་ཏེ། བོན་པོ་དེ་གཉིས་ཀྱིས་རྗེའི་ཕྱག་གཡས་དང་གཡོན་བརྟན་ན་ཡར་ལུང་སོག་ཀར་གཤེགས་པས། བོན་པོ་ལ་ལེ་གུ་ཞེས་བྱ་བའི་གཏན་ཚིགས་དང་བོ་དེ་ལྟར་ལགས་སོ། །མི་མང་བོས་བཏེགས་ཏེ་ཁྲི་ལ་བཞག་པས། རྗེའི་མཚན་ཡང་གཉའ་ཁྲི་བཙན་པོ་ལགས་སོ། །འཚེ་མི་ཡིས་དབུ་ལ་འཚེ་བཙུགས། གཅོ་བུས་ཕྱག་ཏུ་མཁར་བ་བསྐུར་ནས། བོན་ལ་བརྟེན་ནས་འོངས་པས། ལྷ་སྲས་ཐུགས་ཀྱང་བོན་ལ་ཆེས། བོན་ཀྱི་གཉེར་ཡང་རྒྱལ་བོ་ལ་གཏད་དོ། །ཞེས་པ་ཡིག་ཚང་འདི་ལས་ལེ་གུ་མིང་ཐོབ་ཚུལ་དང་རྒྱལ་བོ་གཉའ་ཁྲི་བཙན་པོ་དང་། དེའི་སྐུ་གཤེན་འཚེ་མི་རྒྱལ་དང་གཅོ་གཤེན་ཕྱག་དཀར་སོགས་འབྲེལ་བ་ཡོད་དེ། སྐབས་འདིར་ལེ་གུ་ཞེས་པ་དོན་གཉིས་སུ་གོ་ཆོག་ཏེ། སྐུ་བོན་གཉིས་རྗེའི་ཕྱག་གཡས་གཡོན་ལ་བརྟེན་པས་ལག་རྟེན་ལྟ་བུ་ཡིན་པས་མིང་དེ་ལྟར་ཐོབ་སྙམ། ལག་ལ་ལེ་གུ་དང་། ཕག་ལ་ཕེ་གུ། ཐག་ལ་ཐི་གུ། ལུག་ལ་ལུ་གུ་སོགས་སྦྱར་སྲོལ་ཡོད་པ་ལ་བལྟས་ན། ལག་པ་དང་འབྲེལ་བ་ཡོད་པས་དེ་ལྟར་བཏགས་པ་ངེས། བཙན་པོ་རྒྱལ་རབས་སྐབས་སུ་རྒྱལ་བོ་རེ་ལ་སྐུ་སྲུང་གི་བོན་པོ་རེ་ཡོད་དེ། དེས་རྒྱལ་བོ་ལ་གནོད་ཞི་བགེགས་སེལ་གྱི་རིམ་གྲོ་ཅི་རིགས་བྱ་དགོས། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་སྐུ་འཚོ་བའི་བོན་པོ་ལ་དངུལ་ཡིག་ཆུང་བ་གནང་བའི་སྲོལ་ཡོད། སྐུ་བོན་ནི་རྒྱལ་བོའི་ལག་རྟེན་ལྟ་བུ་ཡིན་པས་དེ་ལྟར་བཏགས་སོ། །ཡང་ལེ་གུ་ནི་ལེའུའི་འབྲི་ཚུལ་གཞན་ཞིག་ཡིན། སྲིད་པའི་བོན་པོའི་ཡིག་ཆ་ལས་ལེ་གུ་དང་། ལེ་ཀུ། ལེའུ། ལེ་བདག་ཅེས་འབྲི་ཚུལ་ཡོད། ལེའུ་ཞེས་པའི་གོ་དོན་ཐད་ལ་སྔོན་དུ་དཔྱད་པ་མེད་སྟབས། བདག་གིས་འབྲེལ་ཡོད་སྲིད་པའི་བོན་གྱི་ཡིག་ཆ་འཚོལ་བསྡུ་དང་དེ་ལ་མཐའ་དཔྱད་པའི་འབྲས་བུ་ནི། ལེའུ་ནི་ལྷེའུ་དང་དོན་མཐུན་ཏེ། ཕྱིས་སུ་འབྲི་བདེ་བའི་ཆེད་དུ་ལེའུ་ཞེས་བྲིས་པ་ཡིན། ལྷེའུ་ཞེས་པ་ནི་ལྷ་ཆུང་ཆུང་གི་དོན་དུ་འཇུག་ཏེ། རྟ་དང་རྟེའུ། ར་དང་རེའུ། བྱ་དང་བྱིའུ། སྤྲ་དང་སྤྲེའུ་ཅེས་པའི་དཔེ་བཞིན་ལྷ་དང་ལྷེའུ་ཞེས་བྱུང་བར་འདོད། གདོད་མའི་སྲིད་པ་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་དག་ནི་མི་ཕལ་བ་གཞན་དང་མི་འདྲ་བར་གནམ་ལས་ཆད་པའི་ལྷར་འདོད་དེ། གནམ་ལ་གནས་པའི་ལྷ་ལ་ལྷ་ཆེན་དང་སར་གནས་པའི་ལྷ་ཆུང་ཆུང་དག་ལ་ལྷེའུ་ཞེས་བཏགས་ནས། བོན་རྣམས་དང་ལྷ་དག་རྒྱུད་གཅིག་པར་འདོད་པས་སོ། །སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན༼ཤ༡༥༥བ༩༽སྐུ་ལ་རི་རྫིང་མགོན་བུ། ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ། སྐུ་སྲུང་ལྷའི་རིན་ཆེན་བདུན། ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ་། །ཡང་དེ་ལས་༼ཤ༡༥༦བ༩༽སྐྱེས་ལྷེའུ་རིན་ཆེན་མཆེད་བདུན་གྱིས་སྐུ་སྲུང་། དུང་དཀར་ཚིག་མཛོད་ལས། བླ་བདལ་དྲུག་གི་སྲས་ལས་མིང་གི་སྔོན་དུ་ལྷེའུ་ཞེས་སྦྱར་ཡོད་པ་ལ་དཔྱད་ན། ལྷེའུ་ཞེས་པ་ལྷ་ཆུང་ཆུང་གི་དོན་དུ་གོ་བ་གསལ། དེ་ལས་བོན་པོ་ལེའུ་དང་སྔོན་གྱི་སྲིད་པའི་ལྷ་རབས་འབྲེལ་བ་ངེས་ཅན་ཡོད། དེ་གྲོང་བོན་དག་གིས་སྲིད་པའི་ཐོ་ཡིག་བཤད་པའི་སྲོལ་ཡོད་པ་དག་ལས་ཀྱང་མཚོན་ཐུབ། བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ལས། ལྷེའུ་ཞེས་པའི་མཚན་དུ་བརྡ་རྙིང་སྟེ་དཔོན་གསས་ཞེས་གསུངས། དཔེར་ན། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ལུང་དང་ལྷེའུ་རྗེ་དག་ལ་བརྟེན་བྱས་ནས། ཚིག་གི་སྒྲོ་འདོགས་ཆོད་དང་དོན་དག་ཆོད་ཞེས་པ་ལྟ་བུའོ། །ལྷེའུ་ནི་བརྡ་རྙིང་སྟེ་དཔོན་གསས་ཀྱི་དོན་དུ་འཇུག་པ་དང༌། དཔོན་གསས་ནི་དབང་ལུང་མན་ངག་ཐམས་ཅད་ཀྱི་རྒྱུད་པ་འཛིན་ཅིང་བསྟན་པའི་བདག་པོར་གྱུར་པས་དཔོན། ཡོན་ཏན་གྱི་གཞི་ཆེ་བས་གང་ཟག་གཞན་གྱི་དཔེ་ཟླར་མི་འོས་ཤིང་དམ་པའི་གནས་སུ་གྱུར་པས་གསས་ཞེས་ལེགས་བཤད་མཛོད་ཀྱི་མཇུག་མཆན་དུ་གསལ་བ་བཞིན། དཔོན་གསས་ནི་བོན་གྱི་བླ་མའི་དོན་དུ་འཇུག་ལ། གསས་ནི་ལྷའི་དོན་དུ་འཇུག་པས། ལྷ་ཁང་ལ་གསས་ཁང་ཞེས་པའི་མིང་དེ་རྒྱུན་འབྱམས་སུ་སོང་ཡོད་པ་ལྟར་རོ། །བོན་པོ་དག་ནི་ལྷ་དང་མཉམ་ཏེ་དྲེད་མགོ་ནག་གི་སྐྱབས་བཅོལ་ས་ཡིན་ཕྱིར་དེ་ལྟར་བཏགས་པའོ། །ལེགས་བཤད་རིན་པོ་ཆེ་གཏེར་མཛོད་༼ཤ༢༠༩༽ལས། སྲིད་རྒྱུད་ཀྱི་ལུང་ཞིག་དྲངས་ཡོད་པ་ལས། དེར་རྒྱལ་པོས་ལོ་ཙ་བཏང་ནས་རྒྱ་གར་ནས་སློབ་དཔོན་པདྨ་སཾ་བྷ་བ་དང་། ཨིནྟྲ་བྷོ་ངྷི་ཆོས་དང་བཅས་པ་གདན་དྲངས་ཏེ་བོན་གྱི་རབ་བྱུང་ལྔ་བརྒྱ་དུས་གཅིག་ཏུ་བན་དེར་བསྒྱུར། མཚོའི་རྔའི་གནས་ཀྱང་ཆོས་སུ་ཕྱུངས། དུས་དེར་མ་ཞི་ཕྲོམ་པ་ན་རེ། དུས་ཀྱི་མཐའ་འདི་ལྟ་བུ་ཤར། སྔོན་གྱི་ལེའུ་བོན་པོ་ནི་སྤངས། ལོག་སྤྱོད་སྤྱད་པས་རྒྱལ་ཁམས་འཁྲུགས། རྗེ་འབངས་ཕུང་བ་འོང་ངོ་ཟེར། བཙན་པོ་རྒྱལ་རབས་སྐབས་ནས་ལེའུ་བོན་པོ་ཞེས་པའི་ཐ་སྙད་ཡོད་པ་མངོན། སྐབས་དེའི་བོན་པོ་ལ་ལེའུ་བོན་པོ་ཞེས་བྲིས་ཡོད་པ་ལ་ལྟོས་ན་བཅན་པོ་སྐབས་སུ་བོན་པོ་ལ་ལེའུ་ཞེས་པའི་འབོད་སྲོལ་ཡོད། ལེའུ་ཞེས་པའི་ཐ་སྙད་དེ་བརྡ་རྙིང་བ་ཞིག་ཡིན་ཚུལ་གསལ་བོ་ཤེས་ཐུབ། དེ་ཡང་གཡུང་དྲུང་བོན་གྱི་བཀའ་བརྟེན་ཁྲོད་དུ་བཞུགས་པའི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་༼༡༧༧༠ལོར་འཁྲུངས༽གྱིས་བརྩམས་པའི་བབ་བཟོ་ལུང་བ་སྤྱི་ཡི་མོ་པྲ་ལས། གཞན་ཡང་སྣང་སྲིད་ཞི་བ་ལེའུ་བརྔན་སེལ། ལ་བཙས་ཁ་བསྟོད། ཀླུ་མཆོག་བུམ་གཏེར་དར་ཅོག་ལ་འབད། སྰཙྪ་སྟོང་འདེབས་ཝ་བསང་མནོལ་བསང་། དེ་རྣམས་ཡང་དག་པ་རེ་གྲུབ་ན་ད་ཕྱིན་ཆད་དུས་བདེ་མལ་འཇམ་བསྐལ་བ་ཡར་འཕེལ་འོང་བ་གནང་། དེ་ལས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་སྐབས་སུ་འཕན་ཆུ་རྒྱུད་དུ་བོན་པོ་ལེའུ་ཡོད་རུང་། ཕྱིས་སུ་སྐྱང་སྤྲུལ་དང་གཡུང་དྲུང་ཉི་མ་སོགས་ཀྱིས་ལེའུ་ཡིག་ཁྲོད་ཀྱི་ཤུགས་མགོན་གསོལ་མཆོད། བྱ་རྡང་སོགས་དམར་མཆོད་དང་འབྲེལ་བའི་ཡིག་ཆ་ལ་དག་ཐེར་མང་ཙམ་མཛད། དེའི་སྟབས་ཀྱིས་བོན་པོ་ལེའུ་ད་ལྟ་མིང་གི་ལྷག་མ་ཙམ་དུ་གྱུར་བ་རེད། ལུང་དེ་ལས་ད་དུང་ལེའུའི་བྱེད་ལས་གཙོ་བོ་བརྔན་དང་སེལ་སོགས་ཡིན་པ་ཤེས་ཐུབ། དེ་དང་ཆ་འདྲ་བ་ཞིག་ནི་དེང་དུས་ཀྱི་མཁས་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་༼༡༩༣༥ལོར་འཁྲུངས༽གྱིས་མཛད་པའི་སྒུར་བའི་སྐྱང་ཚང་དགོན་རྣམ་རྒྱལ་ཀུན་གྲགས་གླིང་གི་བྱུང་བ་བརྗོད་པ་དབྱར་རྔའི་སྒྲ་དབྱངས་ཞེས་པ་ལས། བོད་ཟླ་གཉིས་པའི་ཚེས་དགུ་ནས་བཅུ་བཞིའི་བར་དུ་སྒུར་སྐྱང་ཚང་གི་གཏོ་སྲུང་དུས་ཆེན་ཡིན། སྲིད་བའི་ལེའུ་ལྷ་བདག་ཅེས་ལྷ་ཤེས་གྲོང་བོན་ཞིག་གིས་ཀླུ་གཉན་གསོལ་མཆོད་ཀྱི་གཏོ་ཡི་ཆོ་ག་དང༌། ནང་ཆེན་ལ་བླ་བསླུ་དང་བླ་འགུག་དང༌། གྲོང་སྡེའི་དམག་མི་ལ་སྲུང་འཛུགས་བྱ་དགོས་ཞེས་དང་། ལེ་གུའམ་ལེའུ་ནི་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་གྱི་གང་ཟག་ཞིག་ཡིན་པ་གོང་གི་སྒྲུབ་བྱེད་ལས་ར་སྤྲོད་ཐུབ། ད་ལྟ་སྒུར་སྐྱང་དུ་ལེའུ་ཟེར་ན་བླ་རྒན་གཅིག་གཉིས་མ་གཏོགས་ཤེས་མཁན་ཉུང་། ལེའུ་རྒྱུད་ཆད་ནས་ལོ་མང་ཙམ་འགོར་བྱུང་། ཡིན་ཡང་ལེའུའི་ཡིག་ཆ་ད་དུང་དམངས་ཁྲོད་དུ་ཐ་ཐོར་དུ་ཡོད།

༢ ཆབ་ནག་སྲིད་པའི་བོན་གྱི་ཡིག་ཆ་ལས་ལེའུའི་ཐ་སྙད་བྱུང་ཚུལ།
༼༡༽ལེའུ་ནི་སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་ཡིན།

      སྲིད་པའི་བོན་གྱི་ཡིག་ཆ་ལས་ལེའུ་ཞེས་པའི་ཐ་སྙད་མང་ཙམ་བྱུང་ཡོད་ལ། དེ་དག་ལས་ལེའུ་ནི་སྲིད་པའི་བོན་གྱི་ཆོ་ག་སྤེལ་བའི་གང་ཟག་དང་རྒྱུ་སྦྱོར་གྱི་ཡོན་བདག་ཏེ་དོན་གཉིས་ལ་གོ །དཔེར་ན། ཆང་ཕུད་བདུད་རྩི་ཆུ་རྒྱུན་འཕྲིན་ལས་ཀུན་བསྒྲུབས་དགོས་འདོད་ཀུན་འབྱུང་ལས་དྲང་མཁན་གྱི་སུམ་བརྒྱ་དྲུག་ཅུ་སྦྲངས། སྦྲང་རྒྱལ་ཟིལ་མས་དབུ་མཛད་པའི། ལྷའི་སྦྲང་བུ་སུམ་བརྒྱ་དྲུག་ཅུ། ལེའུ་ལུང་ཆེན་འཕྱོ་བས་དབུ་མཛད་པའི། གསང་བ་བོན་གྱི་སུམ་བརྒྱ་དྲུག་ཅུ། ཅངས་སེ་ལྕམ་བྲལ་གྱིས་ད་བུ་མཛད་པའི། ཅངས་སེ་སྡེར་འཛིན་གྱི་སུམ་བརྒྱ་དྲུག་ཅུ། དྲིངས་སེ་མི་མགོན་དཀར་པོའི་དབུ་མཛད་པའི། གཉན་དྲིངས་སེ་སུམ་བརྒྱ་དྲུག་ཅུ། ཞེས་པ་འདི་ལས་ལེའུ་ལུང་ཆེན་ནི་གསང་བ་བོན་གྱི་དབུ་མཛད་པ་མཁན་ཡིན་པ་གསལ་བོ་ཤེས་པ་དང་། ཡང་དེ་ལས་འཕྲག་ལྷའི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ། ཨཱ་བོན་གྱི་འཕྲག་ལྷ། ཡེ་བོན་གྱི་འཕྲག་ལྷ། ཕྱྭ་བོན་གྱི་འཕྲག་ལྷ། དམུ་བོན་གྱི་འཕྲག་ལྷ། སེལ་བོན་གྱི་འཕྲག་ལྷ། རྡོར་བོན་གྱི་འཕྲག་ལྷ། ལེ་ཀུ་ཕྱི་གྱེར་གྱི་འཕྲག་ལྷ། ཞེས་ཨཱ་བོན་དང་། ཡེ་བོན། ཕྱྭ་བོན། དམུ་བོན། སེལ་བོན། རྡོར་བོན། ལེ་ཀུ་ཞེས་བོན་པོ་བྱེ་བྲག་གཅིག་ཡིན་པ་གསལ། མཁར་སྨེའུ་བསམ་གཏན་རྒྱ་མཚོས་རྩོམ་སྒྲིག་གནང་བའི་ཁུ་བྱུག་སྔོན་མོའི་གསུང་སྙན་ལས། མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ༼ཤ༤བ༣༽ལས། བོན་གྱི་མཐུ་ལ་བྱོན། གཤེན་གྱི་མགོན་ལ་བྱོན། ལེའུ་གུའི་སྐྱབས་སུ་བྱོན། ཚེའི་མཐུད་ལ་བྱོན། བྱོན་ནོ་དཔལ་བྱོན་མཛད། ཞེས་པ་འདི་ལས་ལེའུ་ཞེས་པའི་ཐ་སྙད་དེ་བོན་དང་གཤེན་བཅས་མི་འདྲ་བ། ལེའུ་གུ་ཞེས་ཟུར་དུ་བཀར་ནས་བྲིས་ཡོད་པ་ལ་བལྟས་ན། དེ་གསུམ་གྱི་བྱེད་ལས་སོ་སོ་ཡིན་པ་གསལ། ཡང་དེ་ལས་༼ཤ༥ཉ༡༨༽ལྷ་ལ་རྟེན་བཙུགས་པས། ལྷའི་སྐུ་རྟེན་མཛོད། གསས་ཀྱི་འགྱིང་རྟེན་མཛོད། ལེའུ་གུའི་ཚེ་རྟེན་མཛོད། དེ་ལས་ལྷའི་སྐུ་རྟེན་དང་གསས་ཀྱི་འགྱིང་རྟེན། ལེའུ་གུའི་ཚེ་རྟེན་ཞེས་ལྷ་གསས་ལེའུ་གུ་ཞེས་སོ་སོར་དབྱེ་ནས་བྲིས་ཡོད་པ་ལ་ལྟོས་ན། ལེའུ་གུ་ནི་ལྷ་གསས་དང་བྱེད་ལས་ཆ་འདྲ་བ་ཞིག་ཡིན་པ་གསལ་ལོ། །མཐུ་ཆེནཝེར་མའི་བོན་གྱིས༼གྱི༽་འཕྲག་ལྷ་སྲིད་པ་རྒྱུད་ཀྱིས༼ཀྱི༽་སྒྲ་བླ་རྣམས་ཀྱིས༼ཀྱི༽་གསོལ་མཆོད་ལས་དེ་རིང་འཕན་གྲགས་བཙན་ཕྱུག་གྲོང་ཁྱེར་འདིར། ལེ་ཀུའི་ལྷ་གསས་སྤྱན་འདྲེན་ནོ། །ནང་མིའི་མི་ལ་གནོད་པའི་འདྲེ་འདུལ་ན། ཐམས་ཅད་དཔུང་ནི་ལྷ་ལ་འཚལ། ལེ་ཀུའི་ལྷ་གསས་གནམ་ལེ༼ལས༽་བཞེངས། གཤེན་༼བོན༽བདག་གིས་དཔུང་དབྱངས་ཏེ། གནམ་གྱིས༼གྱི༽་གཡུ་འབྲུག་གྲགས་པ་འདྲ། ཞེས་དང་། ཡང་དེ་ལས། དེ་རིང་ལེ་ཀུའི་ལྷ་བདག་གིས། །ལྷ་གསས་གཉེན་པོ་སྤྱན་འདྲེན་ནོ། །མ་ཐོག་མྱུར་དུ་གཤེགས་སུ་གསོལ། །ཞེས་དང་། ལེ་ཀུ་བདག་དང་ཡོན་བདག་འཁོར་བཅས་ལ། མགོན་སྐྱབས་མཛོད་ལ་དངོས་གྲུབ་སྩོལ། བཙན་ཕྱུགས་འཕན་སུམ་འཛོམས་པ་དང༌། དབང་ཐང་རིག༼རིགས༽་རྒྱུད་རྒྱས་པར་མཛོད། ཞེས་ལེ་ཀུ་བདག་དང་ཡོན་བདག་སོ་སོར་བྱས་ནས་ཡོད། སྐབས་འདི་དག་ཏུ་ལེའུ་ནི་བོན་གྱི་ཆོ་ག་སྤེལ་མཁན་ལ་གོ་དགོས་སོ། །མདོ་སྨད་འཕན་ཆུ་དང་ཐེ་ཆུ་སོགས་སུ་དམངས་ཁྲོད་ཀྱི་གྲོང་བོན་དག་ལ་ད་ལྟའང་ལེའུའམ། ལེའུ་སྔགས་པ་ཞེས་ལེའུའི་མིང་དེ་རྒྱུན་འབྱམས་སུ་ཡོད། འཕན་ཆུ་དང་ཐེ་བོའི་ཡུལ་སྐད་དུ་ལོ་བོའམ། ལེ་བོ་ཞེས་འབོད། བྱེ་བྲག་ཏུ་ལེ་རྒན་དང་ལེ་ཕྲུག་ཞེས་འབོད་པའང་ཡོད། ཡང་མཐུ་ཆེན་ཝེར་མའི་རྒྱུད་ཀྱིས་སྲིད་པ་རྒྱུད་ཀྱིས་སྒྲ་བླའི་མདའ་བརྔན་ལས་མདའ་འདི་དར་ན་གཡང་ལྷ་དར། མདའ་འདི་དར་ན་ལྷ་སྲུངས་དར། ལེ་ཀུ་ཡོན་བདག་དར་བར་ཤོག །སྔོན་སྲིད་པ་ཡེ་སྨོན་རྒྱལ་བོའི་སྐུ་རིང་ལ། མ་ལ་བུ་གཅིག་བཙས་ཙམ་ན། ཕོ་ལྷའི་ངོ་སོའི་མདའ་གཅིག་བཙུགས། ཕོ་སྲོག་མདའ་ལ་བརྟེན་པར་མཛོད། བར་བ་ཡབ་བླ་བདེ་དྲུག་སྐུ་རིང་ལ། མ་ལ་བུ་གཅིག་བཙས་ཙམ་ན། ཕོ་ལྷའི་ངོ་སོ་མདའ་གཅིག་བཙུགས། ཕོ་སྲོག་མདའ་ལ་བརྟེན་པར་མཛོད། ཐ་མ་རྒྱའུ་ཐེང་གྷེའི་སྐུ་རིང་ལ། མ་ལ་བུ་གཅིག་བཙས་ཙམ་ན། ཕོ་ལྷའི་ངོ་སོ་མདའ་གཅིག་བཙུགས། ཕོ་སྲོག་མདའ་ལ་བརྟེན་པར་མཛོད། ལེ་ཀུ་ཡོན་བདག་རྣམས་ཀྱི་སྐུ་རིང་ལ། མ་ལ་བུ་གཅིག་བཙས་ཙམ་ན། ཕོ་ལྷའི་ངོ་སོ་མདའ་གཅིག་བཙུགས། ཕོ་སྲོག་མདའ་ལ་བརྟེན་པར་མཛོད། ཞེས་ལས་ཡོན་བདག་དང་ལེ་གུ་སོ་སོར་ཕྱེ་ཡོད། ལེ་ཀུ་དང་ཡོན་བདག་གཉིས་ཀྱི་འབྲེལ་བ་ནི་མཆོད་པ་དང་ཡོན་བདག་གཉིས་ཀྱི་འབྲེལ་བ་ཡིན། ཡོན་བདག་གིས་རྒྱུ་སྦྱོར་ནས་ལེ་ཀུས་སྐུ་རིམ་བྱེད་པ་ཡིན། །

༼༢༽ ལེའུ་ཞེས་པ་ཡོན་བདག་གི་དོན་དུ་འཇུག་ཚུལ་བཤད་པ།

      ལེའུ་ཞེས་པའི་ཐ་སྙད་དེ་ཡོན་བདག་གི་དོན་དུ་འཇུག་ཚུལ་ནི། མདོ་དྲི་མེད་གཟི་བརྗིད་ལས་བསྒྲལ་བའི་ཞིང་དུ་གྱུར་བ་ནི། བླ་མའི་སྐུ་དགྲ་དང༌། སྒྲུབ་གཤེན་གྱི་སྒོས་དགྲ་བསྟན་པ་ལ་ཁྱད་གསོད་བྱེད་མཁན། བཀའ་དང་དམ་ལས་འགལ་མཁན་སོགས་ཞིང་རྣམ་པ་བཅུ་ཚང་བ་དེ་རིགས་ཡིན་ལ། དེའི་ཆར་གཏོགས་གཟིར་པར་འོས་པ་སློབ་བུ་དམ་ལོག་མཁན། ལེའུ་ལྟ་ལོག་མཁན། ཞེས་ལེའུ་ལྟ་ལོག་མཁན་དང་ལེའུ་ལྷ་ལོག་མཁན་ནི་ཡོན་བདག་མཆོད་པ་ལ་ངོ་ལོག་བྱེད་པའི་དོན་ཏེ། ཡོན་བདག་མཆོད་པ་ལ་ངོ་ལོག་བྱེད་མཁན་བསྒྲལ་བའི་ཞིང་དུ་བཞག་པ་ཡིན། སྐབས་འདིར་ལེའུ་ནི་ཡོན་བདག་ལ་གོ །གཞན་ཡང་བོན་གྱི་ཡིག་ཆ་གཞན་ལས་བཅོལ་བའི་ལེའུ་ལྷ་ལོག་མཁན་ལྟ་བུ། སྲིད་པའི་བོན་གྱི་ཡིག་ཆ་ཝེར་མ་དཔའ་བརྔན་ལས། གཉན་བོན་བདག་གི་སྒྲ་བླ་ཡིན། ལེའུ་ཡོན་གྱི་བདག་པོ་ཡིན་ཞེས་དང༌། ཀོང་ཙེ་གཏོ་སྒྱུར་ལས། ཀོང་ཙེ་མ་བྱོན་སྔོན་རོལ་དུ། ལེའུ་ཡོན་གྱི་བདག་པོའོ། །ཞེས་དང་། མཐུ་ཆེན་ཝེར་མ་ལྷ་ཚོགས་སྒྲ་བླའི་བསྐོར་ཆེན་བཅོ་བརྒྱད་ཡུལ་ས་གཉན་གྱིས་སྡེ་ཚོགས་རྣམས་ཀྱིས་ཆོ་ག་གཞུངས་བཅོས་བྱ་སྡང་འབུམ་རྩིས་ལས་བདག་ཅག་སྔགས་ཀྱི་མཁན་པོ་དང༌། རྒྱུ་སྦྱོར་ལེ་ཀུ་ཡོན་གྱི་བདག་པོའི། ཡུལ་གྱིས་འཁོར་བསྲུངས་བྱེས་གྱིས༼ཀྱི༽་རྐྱེན་ཟློགས་ཤིག ཞེས་པ་འདི་ལས་སྔགས་ཀྱིས་མཁན་པོ་དང༌ལེ་ཀུ་ཡོན་གྱི་བདག་པོ་སོ་སོར་ཕྱེ་ཡོད། ལེ་ཀུ་ལྷ་བདག་ནི་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་གྱི་སྔགས་ཀྱི་མཁན་པོ་དང་། ལེ་ཀུ་ནི་རྒྱུ་སྦྱོར་མཁན་ཡོན་བདག་ཡིན། ལེ་ཀུ་ཆོ་ག་སྤེལ་མཁན་གྱི་གང་ཟག་ལའང་འཇུག སྲིད་པ་རྒྱུད་ཀྱིས་སྒྲ་བླའི་ཚེ་རྫིའི་ལྷ་ཚོགས་རྣམས་ལ་གསོལ་མཆོད་ལས་དེ་རིང་ལེ་ཀུ་ལྷ་བདག་གིས། སྲིད་པའི་ཚེ་རྫི་སྲོག་སྐྱབས་བརྔན་པ་ལ། ལྷའི་གྲལ་དུ་མི་འཚོས་ཅིག གཡང་གི་གྲལ་དུ་ནོར་འཚོས་ཅིག ལེ་ཀུའི་སྤྱི་བོར་སྲུང་བཙུག་ཅིག ཞེས་པ་འདི་ལས་ལེ་ཀུ་ལྷ་བདག་གིས་ལེ་ཀུའི་སྤྱི་བོར་སྲུང་བཙུག་པ་ལ་དཔྱད་ན། ལེ་ཀུ་དང་ལྷ་བདག་ལེ་ཀུ་གཉིས་ཁྱད་པར་ཡོད་པ་གསལ། སྲུང་འཛུགས་ས་ལེ་གུ་སྟེ་ཡོན་བདག་དང་། སྲུང་འཛུགས་མཁན་ལྷ་བདག་ལེའུ་ཡིན། ལེའུ་ཞེས་པའི་ཐ་སྙད་དེ་སྔགས་མཁན་དང་ཡོན་བདག་གཉིས་ལ་འཇུག་གོ། །

༣ ཇུ་ཐིག་མོ་ཡིག་ལས་ལེའུ་ཞེས་པའི་ཐ་སྙད་བྱུང་ཚུལ་བཤད་པ།
༼༡༽ ཇུ་ཐིག་མོ་ཡིག་ལས་ལེའུ་དང་མདུད་གྲངས་དགུ་དང་འབྲེལ་བ་ཡོད་པ་སྐོར་བཤད་པ།

      ལེའུ་ཞེས་པའི་ཐ་སྙད་འདི་ཇུ་ཐིག་གི་མོ་ཡིག་ལས་མང་དུ་བྱུང་ཡོད། དེ་ཡང་འཇུ་མི་ཕམ་གྱིས་མཛད་པའི་སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེའི་གཞུང་གཅིག་པུར་ལས་ལེའུ་སྐོར་མང་ཙམ་དྲངས་ཡོད་དེ། གཤམ་ནས་བདག་གིས་གཞུང་ཡོངས་ལས་ལེའུ་སྐོར་གྱི་ལུང་འདྲེན་དག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། གཞུང་དེའི་༼ཤ༦བ༦༽ལས་དགུ་འདི་ལེའུ་ཞང་བོ་དང༌། ཁུ་བོ་བོན་གྱི་གླང་རི་ཡིན། གཡུང་དྲུང་བོན་གྱི་གདན་ཁྲི་ཡིན། གཤེན་རབ་ཕྱག་ཤིང་བཙུགས་ས་ཡིན། སྤྲེལ་ལོ་བ་ཡི་ལོ་ཁྱིམ་ཡིན། །སྤྲེལ་ལོ་ཁྱི་ཟླ་ཕག་གི་དུས། །བླ་གཟའ་ཉི་མ་སྤར་ཁ་དྭ། ཞེས་སོགས་དང༌། དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ(P༨༦༧)ལས། ལེའུ་ལྷ་ཞེས་པ་ནི་ཆུང་ངུའི་དུས་ནས་སྐྱོང་བའི་ལྷ་ཟེར་བ་དང་ཡང་ན་ལེའུ་ཞེས་པ་བོན་གྱི་བརྡ་ལ་དགུའི་མིང་ཡིན་པས་མི་རབས་དགུ་བརྒྱུད་པའི་ལྷ་ཡིན་ཟེར། ཇུ་ཐིག་གི་གཞུང་དུ་ལེའུ་འདི་མདུད་པ་དགུ་ལ་བབས་ཏེ། ལེའུ་འདི་ནི་ཇུ་ཐིག་གི་གཞུང་དུ་བོན་དང་འབྲེལ་བའི་བརྡ་ཞིག་ཡིན། རྣོ་མཐོང་མོ་ལྷའི་རྒྱལ་བོ་ལས། དགུ་འདི་བཟང་དགུ་རང་ལ་ཚང་ས། ངན་དགུ་དགྲ་ལ་བསྒྱུར་ས། གཉན་སྡོང་གཉིས་ཀྱི་ཟམ་སོ། །ཉི་མ་ནུབ་ཀྱི་དགྲ་ས། གཉན་བོན་པོ་གཉིས་ཀྱི་ས་མལ། སྟོན་པ་གཤེན་རབ་བཞུགས་ཁྲི། བོན་དར་བྱེད་དགྲ་ལྷའི་གནས་མལ། གཤེན་རབ་ཕྱག་ཤིང་བཙུགས་ས། ལྷ་གཞི་གསས་མཁར་བརྟོད་ས། ལེའུ་གཏོ་བྱེད་ཀྱི་ས་མལ། ཞེས་དང་།༼ཤ༥༣ན༢༽བརྒྱད་ཕ་དང་བནྡེ་ལྟ་དང་ཕྱེ། དགུ་ལྷ་བདག་ལེའུ་ལྷ་དང་ཕྱེ། ཞེས་དང་། ཡང་༼ཤ༨༧བ༡༽དགུ་མོ་ཐོན་ལེའུའི་སྨྲ་ལྕེ་དར། །བརྒྱག་ན་བོན་གྱི་སྟག་རལ་གྱོན། སྒོ་བརྒྱག་ངན་རིགས་བབ་པ་ན། རི་སྐེད་ཆུ་མིག་ནགས་ཚལ་ཅན། །ཕ་བོང་གད་པ་ཙག་ཙིག་ཏུ། སྔགས་པས་གཏད་མནན་ཡོད་པ་ཡིན། ནོར་གོད་ཞོ་ཆང་ཉེས་སོགས་འོང༌། དེ་ལ་བཟློག་པ་རིམ་གྲོ་བྱ། ཞེས་དང༌། ཡང་༼ཤ༩༠ན༦༽དགུ་ལེའུས་ལྟ་ལོག་བྱས་པ་ཡིན། ཅི་ལ་བཏབ་ཅིང་ངན་པ་ལ། ཤི་རྒབ་གཅོད་པའི་མོ་ལ་བཟང༌། འདུར་བོན་སྒོ་ལ་བུད་པ་ཡིན། བནྡེས་བོན་ལ་དམོད་ན་བཟང༌། །ཤ་འཁོན་འདུམ་ན་རང་འདུམ་ཡིན། ཞེས་དང་། ཡང་༼ཤ༡༥༣ན༦༽དགུ་ལེའུའི་ཕྱ་ཐག་ཆད་པ་སྟེ། མོ་མ་སྨན་བོན་བྱེད་ལ་ངན། ཞེས་དང༌། ཡང་༼ཤ༡༦༥ན༡༽དགུ་ལ་བྱ་རལ་སྐྱ་བོ་ན། ནུབ་ཕྱོགས་དགྲ་འདྲེ་ཕར་ལ་གྱུ། འོན་ཀྱང་ལེའུ་ཞང་བོར་ངན། གདོན་དང་བྱད་དང་དམ་སྲི་གནོད། ཅེས་དང༌། ཡང་༼ཤ༡༧༢ན༢༽་དགུ་སྨན་པའི་རང་མཚང་བསྟན་པ་ཡིན། བཟང་དྲུག་དུག་ཏུ་སོང་བ་ཡིན། །དུག་ལ་བོན་པོས་ལྕེ་བལྡག་བྱས། ལེའུ་དང་ནི་ཞང་བོར་ངན། ཞེས་དང༌། ཡང་༼ཤ༡༩༢ན༦༽དགུ་ལེའུ་ཞང་ནོར་ལ་བཙན་ཁ་གནོད། ཅེས་དང༌། ཡང་༼ཤ༢༨༦བ༣༽བརྒྱད་དགུ་བཅུ་ཡིས་ནུབ་ཕྱོགས་དང༌། ལེ་གུ་ཞང་བོའི་ལན་ཆགས་དཔྱད། ཅེས་དང༌། ཡང་༼ཤ༢༩༩ན༢༽བདུན་འདི་ཕ་སྤུན་བརྒྱད་གཟའ་དཔོན། དགུ་ནི་ཞང་བོ་ལེའུ་དང༌། ཞེས་དང༌། ཡང་༼ཤ༢༩༩ན༦༽དགུ་ཡི་སད་རྔ་གྱེར་རྒྱུང་དེ། ལེའུ་ལྷ་དང་བསྡོང་བའི་རྫིའུ་ཡིན། ཞེས་དང༌། ཡང་༼ཤ༣༠༠ན༡༽དགུ་ཡི་སད་སྔ་གྱེར་རྒྱུང་དེ། སྲུང་མ་མ་འཆུག་ལེ་གུའི་ལྷ། ཞེས་དང༌། ཡང་༼ཤ༣༧༢ན༡༽དགུ་བ་ལེའུ་མ་འགྱོད་གཏོ་སེལ་ཡག ཞེས་དང༌།༼ཤ༦༨ན༥༽བརྒྱད་མཐུ་བོ་ཆེ་ལ་དམ་ལོག་དང༌། དབང་བོ་ཆེ་ལ་བློ་ནོར་འབྱུང༌། དགུ་ཞང་བོས་ཚ་བོ་བསད་པའམ། ལེའུས་དམ་ལོག་བྱེད་པའི་ངོ༌། བཅུ་ཆེན་མས་ཆུན་མ་གསོད་པའམ། ཡང་ན་གཡུང་དྲུང་དུར་དུ་འཆི། ཞེས་པ་ལས་ལེའུ་དང་ཇུ་ཐིག་གི་མདུད་གྲངས་དགུ་དང་འབྲེལ་བ་ཡོད། ངུན་མུ་ལེ་གཡུང་དྲུང་འོད་དཀར་གྱི་ཇུ་ཐིག་གི་སྐོར་ནས་འབྱུང་བའི་ལེའུའི་མིང་གིས་ཟིན་པའི་ཚིག་གི་སྐོར་ཕལ་ཆེ་བ་ཕྱོགས་གཅིག་ཏུ་བཏུས་ཏེ་དཔྱད་པར་བྱ་སྟེ། གཞན་ལེའུའི་ཐ་སྙད་མ་བྱུང་ཡང་བབ་ལེའུའི་ཕྱོགས་དང་འབྲེལ་བའི་རིགས་ད་དུང་མང་དག་འདུག་མོད་འདིར་གོང་ནས་འབྱུང་བ་ལྟར་མཚོན་བྱེད་ཙམ་རྣམ་རྟོག་འཕྲོ་བའི་ས་བོན་དུ་བཀོད་ཟིན་པ་ལྟར་རོ། །སྤྱིར་འདིར་བྲིས་པ་འདི་དག་གིས་ལེའུའི་ཐ་སྙད་འདི་ཙམ་གཞུང་འདིར་འབྱུང་ངོ་ཞེས་སྟོན་པ་མ་གཏོགས་དོན་ཆེན་པོ་གཞན་བྱེད་མི་ནུས་ལ། གལ་ཏེ་དགུ་ཚན་འདི་སྙེད་ཅིག་ཡོད་པ་ཀུན་གཞི་གང་ལ་སྦྱར་བའི་སྒོ་ནས་གསལ་བར་འཆད་འདོད་ན་ནི། འདིར་དགུ་ཞེས་འབྱུང་བ་ཇུ་ཐིག་གི་རྩ་བའི་མདུད་པ་སུམ་ཅུ་སོ་གསུམ་ཡོད་ལ་མདུད་པ་དེ་རྣམས་འབབ་སའི་གནས་བཅུ་གསུམ་ཡོད་པས་དེ་རྣམས་གནས་བཅུ་གསུམ་ལ་འཐབ་པ་སོགས་ཀྱིས་མདུད་རྫོང་སུམ་བརྒྱ་དྲུག་ཅུ་དང་ཁྲི་འབུམ་བྱེ་བ་ས་ཡར་འཕྲོ་བར་འགྱུར་བ་ལས་དཔེར་ན་ཐིག་གུ་ཤོ་རྡེའུ་ལྟ་བུ་བབས་ས་ཤོ་མིག་ལྟ་བུའི་བབས་ས་དགུ་བ་འདི་ལེའུ་ཞང་བོ་དང་ཁུ་བོ་བོན་པོ་སོགས་དང་འབྲེལ་བ་ཤ་སྟག་ཡིན་པས་དགུ་འདི་ལེའུ་ཞང་བོ་སོགས་ཀྱི་ཚིག་དགུ་ཚན་དེ་སྙེད་ཅིག་བྱུང་བ་ཡིན་ནོ། །

༼༢༽ཇུ་ཐིག་མོ་ཡིག་ལས་ལེའུའི་བྱེད་ལས་གཙོ་བོ་གཏོ་སྲུང་གི་སྐོར་བསྟན་པ།

       རྣོ་མཐོང་མོ་ལྷའི་རྒྱལ་བོ་ལས་ལེའུ་གཏོ་བྱེད་ཀྱི་ས་མལ། ཕྱི་མ་ནང་གི་ཟམ་སོ། །བདུད་མུན་པ་མགོ་དགུའི་སོ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་རྫོང་མཁར། སོ་བ་མི་དགུ་སྐོང་ས། སྒྲིབ་ཤིང་རིམ་དགུ་བཙུགས་ས། ཁེ་ལེ་མོན་གྱི་ལ་སོ། །སྔ་དྲོ་བཏབ་ན་རང་ས། ཕྱི་དྲོ་བཏབ་ན་དགྲ་ས། དགྲ་ཟུན་ལ་བཙས་ཐུན་མོང༌། ཕྱི་སའི་ནང་ནས་རང་ས། ཞང་བོའི་གླང་རི། སྤྲེལ་ལོའི་ལོ་མལ་ཡིན་པས་སྐབས་དང་བསྟུན་པར་བབ་ལུག་དགོས། ཞེས་པ་ལས་གཏོ་བྱེད་ཀྱི་ས་མལ་ཞེས་པ་དེ་སྐབས་འདིར་ཆོ་ག་སྤེལ་མཁན་དང་ཡོན་བདག་གང་རུང་ལ་གོ་བ་དང་། ལེའུའི་བྱེད་ལས་གཙོ་བོ་གཏོ་ཡིན་པའང་གསལ། ཡང་༼ཤ༧༡ན༢༽དགུ་བོན་གྱི་གསས་མཁར་བྲག་ལ་བཙུགས། ལེའུ་ལྷ་ཡིས་སྲུང་བར་བྱེད། གཙུག་ལག་ཆེན་སྒོག་པོ་ནས། གདོན་དུ་དམ་སྲི་གཉིས་བསྡོངས་གནོད། ཡང་དག་བརྒྱག་གཅིག་བཅས་པ་ན། དམ་སྲིའི་ཁ་དེ་ཐག་པས་བཅིང༌། གཏོ་ཅི་བྱས་ལམ་དུ་འགྲོ་ངོ་ཡིན། ཞེས་དང༌། ཡང་༼ཤ༡༢༦ན༢༽དགུ་ལེའུའི་སྲུང་མདའ་བྲག་ལ་ཟུག ཡབ་ལྷ་གཤེན་གྱི་མཐུ་སྟོབས་ཀྱིས། དགྲ་འདྲེ་བྱུར་གསུམ་དབང་དུ་བསྡུས། །བོན་པོས་སྲིའུ་གསོ་ན་བཟང༌། །ལུང་བ་ཕུ་རུང་ཙམ་ཞིག་ན། སྐད་དུང་དཀར་ཙམ་ཞིག་འདོན་པས་བཟང༌། ཅི་བཏབ་ཅི་ལ་བཟང་ན་ཡང༌། ཟག་ལ་བྲན་གཡོག་དུར་ངོ་ཡིན། གདོན་སྔགས་བོན་ཕྱི་ལ་ཐེའུ་རང་འབྲང༌། ཞེས་དང༌། ཡང་༼ཤ༦༣བ༦༽ཀྱེ་བ་རི་ལ་ཤ་རྐྱང་འཁོར། ད་རོག་མི་ལ་ཀླུ་གཡང་འཁོར། དམུ་དབལ་ལེའུའི་སྲུང་མདའ་ཚུགས། ཞེས་དང་། ཡང་༼ཤ༣༨༤ན༥༽་འདི་རྣམས་གང་དང་གང་བབས་ཀྱང༌། ལེའུའི་སྲུང་མདའ་བྲག་ལ་ཟུག གནམ་ས་བར་གྱི་གདུག་པ་ཅན། གཤེན་རབ་སྟོན་པས་ཐུལ་བ་ཡིན། ལེའུས་སྲུང་མདའ་ཚུགས་དང་། ལེའུ་ལྷ་ཡིས་སྲུང་སོགས་ཞེས་པ་དེ་ལས་ལེའུའི་བྱེད་ལས་གཙོ་བོ་ཞིག་ཏེ་སྲུང་མདའ་ཚུགས་རྒྱུ་དང་། སྲུང་མར་བསྐུད་རྒྱུ་སོགས་མཚོན་ལ། དེ་ཡང་དམངས་ཁྲོད་གླུ་དབྱངས་ལས། ཆུ་བྱ་ཀླད་དཀར་སྲུང་དམར་ཅན། སྐུད་མྱི་ལེའུ་སུ་ཡིན་ཤོད་ལས་ཀྱང་མཚོན། སྲིད་པའི་ལེའུ་ད་ལྟའང་ཆུང་བྱིས་པའི་ཐོད་ལ་སྲུང་དམར་བསྐུད་རྒྱུ་དང་། ཕོ་གསར་དམག་ལ་འགྲོ་བའི་སྐབས་སུ་སྲུང་བཙུགས་ནས་སྐུ་སྲུང་བ་སོགས་ཀྱི་ལས་གཉེར་བཞིན་ཡོད།

༼༣༽ ཇུ་ཐིག་མོ་ཡིག་ལས་ལེའུ་ནི་ཆོ་ག་སྤེལ་བའི་གང་ཟག་ཡིན་པའི་སྐོར་བསྟན་པ།

      ཡང་༼ཤ༡༤༦བ༦༽གཅིག་ལ་དམུ་དབལ་རིགས་བབ་ནས། བཅུ་གཅིག་ཐང་ལེ་སྣ་དམར་ན། །ལེའུའི་བོན་པོའི་ལྷ་མཁོན་གྱིས། །སྨོན་ལམ་ལོག་པ་བཏབ་པས་ཕུང༌། གཏོ་ལ་རྔ་གཤང་ལྷ་ཆ་ཡི། དུམ་བུས་མེ་ལ་ཞི་སྦྱིན་བྱ། ཞེས་དང་། ཡང་༼ཤ༡༩༨ན༥༽ཉ་ར་ཁྱི་ཐོད་མཁར་ནང་ནས། །སྨོན་སྲས་ལེའུ་དུང་དཀར་བསད། ཅེས་སོགས་དང༌། ཡང་༼ཤ༢༡༠བ༢༽དུས་དང་བསྐལ་བ་དེ་ཙམ་ན། ལྷའུ་ལོད་པོའི་ཞལ་ན་རེ། སྨོན་པས་ངམ་ལ་དམག་འདྲེན་ན། དགྲ་ལྷ་ཡུལ་༼གཡུལ༽་སྲུང་མ་བསྐོས་ན། དགྲ་ལྷ་འཁྱམས་པའི་ཉེན་ཡོད་གསུངས། ཡེ་གཤེན་དབང་རྫོགས་ཞལ་ན་རེ། དགྲ་ལྷ་གཡུལ་སྲུང་དམག་བསྐོས་སྐད། ལྷའུ་ལོད་པོའི་ཞལ་ན་རེ། ཁས་དྲག་བསེའུ་ར་༼རྭ༽་གཅིག་ལ། དགྲ་ལྷ་རྣམས་ཀྱི་བླ་རྟེན་ཡོད། ཅེས་དང༌། ཡང་༼ཤ༢༡༡ན༣༽བུ་ལ་དབྱིག་ལྔ་སོང་བ་དེ། སངས་རྒྱས་རྒྱལ་བ་རིགས་ལྔ་ཡིན། རྩེ་ལ་ལེའུས་འཇུས་པ་དེ། ལྷ་ཁང་མགོ་ཡི་གསེར་འབྲུ་ཡིན། གཡས་གཡོན་གཉིས་ཀྱི་ལེའུ་དེ། །ཁྱུང་ཆེན་ཕོ་མོ་རྣམ་གཉིས་ཡིན། ནང་གི་ལེའུ་གཉིས་པོ་དེ། ནང་གི་ཇོ་ཤག་༼ ཤཱཀ ༽རྣམ་གཉིས་ཡིན། ཞེས་འབྱུང༌། རྩ་བའི་ས་བཅད་དང་བོ་མདུད་རྫོང་སྡེ་ཚན་ལེགས་པར་རྫོགས་སོ། །ཡང་༼ཤ༣༧༢ན༣༽སྨན་པ་ལེའུའི་ས་རུ་ནི། ཧྲང་ཟེ་གསལ་ངོ་བབས་ན་བཟང༌། ཕྱི་སར་འདན་པ་འཇམ་པོ་བཟང༌། ཞེས་འབྱུང༌། ལེའུའི་བོན་པོ་དང་། ལྷའུ་ལོད་པོ། ལེའུ་སོགས་ནི་སྲིད་པའི་བོན་གྱི་ཆོ་ག་སྤེལ་བའི་གང་ཟག་ལ་གོ། །

      གཞན་ཡང་སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་༼ཤ༧ན༢༽ ལེའུ་མདུན་ངོ་མ་ཕོག་དགོས། །སྐྱེར་གསུམ་སྒོ་བརྒྱག་བབ་ན་ཕོག མཐུན་གཉིས་བར་གྱི་ཕུང་སྲི་ནི། ཕུང་བར་བྱ་རལ་བབ་ན་ཡིན། ཅེས་དང༌། ཡང་དེ་ལས་༼ཤ༧བ༣༽དེ་སོགས་ངན་པ་བབ་གྱུར་ན། ལེའུ་ཞང་བོའི་ཕྱོགས་ལ་ངན། གཡུང་དྲུང་བོན་དང་འགྲས་པའི་མོ། །ཞེས་དང༌། ཡང་༼ཤ༧བ༦༽སྐྱམ་རིགས་དྭངས་མ་བཟང་ན་ཡང༌། སྐྱམ་ནག་ལེའུ་མི་རུང་ངོ༌། །ཞེས་དང༌། ཡང་༼ཤ༨བ༥༽གཞན་ཡང་སོ་བ་རྣམ་པ་ལྔ། །རྐང་སྤར་མཚུན་གྱི་སོ་བ་ཡིན། སད་ཁམས་ལྷ་ཡི་སོ་བ་ཡིན། །བྱོད་ཕུར་ལྷ་ཡི་སོ་བ་ཡིན། །ད་རོག་ཕྱུག་གི་སོ་བ་ཡིན། ཀྱེ་བ་ལེའུ་སོ་བ་ཡིན། ཞེས་དང༌། ཡང་༼ཤ༢༠བ༦༽ལྷག་པར་ལྷ་བོན་མོ་ཁ་གནག ལེའུའི་ལྷ་རབ་མོ་ཁ་ནོག ཅེས་དང་། ཡང་༼ཤ༡༣༢ན༣༽སྐྱམ་ནག་སེ་སྟོང་དམེ་ཡི་གྱོད་རྡོ་བབ། མ་ཟེ་ལེའུའི་དམོད་མོ་ལོག ཚོལ་ཚེ་བུ་བརྒྱག་རྒྱལ་བོའི་རྒྱལ་སྲིད་ཟིན། སྐྱམ་བརྒྱག་རྒྱལ་བུ་གནངས་དང་འཕྲད། ཅེས་ལེའུའི་མིང་མང་དུ་བྱུང་ཡོད་དོ། །

༤ དམངས་ཁྲོད་ཀྱི་བཤད་རྒྱུད་དང་གླུ་ཤགས་ལས་ལེའུའི་ཐ་སྙད་སྐོར་བཤད་པ།

          མདོ་སྨད་ལྷོ་རྒྱུད་དང་ཤར་རྒྱུད་ཀྱི་དམངས་ཁྲོད་དུ་སྲིད་པའི་བོན་པོ་ལེའུ་རེ་གཉིས་ད་ལྟ་ཡོད་རུང་། གྲོང་བོན་གྱི་ཚུལ་དུ་བསྡད་པས་རིག་གནས་ཆུ་ཚད་ཞན་པས་འདོན་པ་ཙམ་མ་གཏོགས་ལེའུ་སྐོར་གྱི་རྒྱུ་མཚན་མི་ཤེས། དམངས་ཁྲོད་ཀྱི་མི་རྒན་ཁ་ཤས་སྲིད་པའི་ཐོ་ཡིག་བཤད་ཤེས་པས་ལེའུ་དང་འབྲེལ་བའི་གཏམ་སྣ་ཚོགས་ཡོད་པ་དཔེར་ན། མཐེ་བོའི་དམངས་ཁྲོད་ངག་རྒྱུད་རྩོམ་རིག་ཕྱོགས་བསྡུས་ཁྲོད་ཀྱི་སྲིད་པའི་ཐོ་ཡིག་ལས། ༼ཤ༢༢༢བ༽སྔོན་སྲིད་པ་ཡེ་སྨོན་རྒྱལ་བོའི་སྐུ་རིང་ལ། ལེའུ་གནམ་བོན་གསེར་མགོ་བོས་ནས། ལྷ་ཁང་བརྒྱ་དང་བརྒྱད་བཞེངས་བཞག་ཡོད། ཞེས་པ་འདི་ལས་སྲིད་པ་ཡེ་སྨོན་རྒྱལ་བོ་དང་ལེའུ་གནམ་བོན་གསེར་མགོ་དང་འབྲེལ་བའི་རྒྱུ་མཚན་འཆད་རྒྱུ་ཡོད། ༼ཤ༢༣༤བ༡༧༽གཡས་སུ་བོན་པོ་སྟག་རིས་ཅན། གཡོན་དུ་བོན་པོ་གཟིག་རིས་ཅན། བར་གྱི་ལེའུ་དོམ་ར་ཅན། ལེའུ་དོམ་ར་ཅན་ཞེས་ལེའུའི་ཆ་བྱད་ནི་མགོ་དོམ་ར། རྒྱབ་རུས་ཤུན། ལག་སིལ་སྙན་ཡིན་པ་བསྟན་བྱུང་། ཡང་དམངས་ཁྲོད་ཀྱི་གླུ་ཤགས་སྲིད་པའི་ཆང་གླུ་སོགས་སུའང་བླ་མ་ཞིག་གིས་ཚེ་སྒྲུབ་གཅིག སྔགས་པ་ཞིག་གིས་ཚེ་འགུགས་གཅིག ལེའུ་ཞིག་གིས་བླ་འགུགས་གཅིག་ཅེས་དང་། འདི་ལས་བླ་མ་དང་སྔགས་པ། ལེའུ་བཅས་ཀྱི་བྱེད་ལས་སོ་སོ་ཡིན་པ་གསལ་ལོ། །ཡང་གླུ་ཤགས་ལས་ཆུ་བྱ་ཀླད་དཀར་སྲུང་དམར་ཅན། སྐུད་མྱི་ལེའུ་སུ་ཡིན་ཤོད་ཅེས་དང་། འདི་ལས་ལེའུའི་བྱེད་ལས་གཙོ་བོ་ཞིག་ནི་སྲུང་དམར་སྐུད་རྒྱུ་ཡིན། དམངས་ཁྲོད་དུ་བྱིས་པ་སྐྱེས་པ་ཙམ་གྱིས་ལེའུ་མདུན་དུ་བསྐྱལ་ནས་སྲུང་དམར་སྐུད་རྒྱུའི་སྲོལ་ཡོད་པ། གཏོའི་སྐབས་སུ་དམག་སྐོར་རྒྱག་མཁན་ལ་སྲུང་འཛུགས་རྒྱུའི་སྲོལ་ཡོད།

          མདོར་ན་ལེའུ་ཞེས་པའི་ཐ་སྙད་འདི་བོན་གྱི་ཡིག་ཆ་དང་ཇུ་ཐིག་གཞུང་ལས་ལས་མང་བོ་བྱུང་ཡོད་པ་དང་། ལེའུ་ནི་སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་ཡིན་སྟེ། ད་ལྟའང་བོད་ཀྱི་མཐའ་འཁོད་ཡུལ་དུ་གནས་བཞིན་ཡོད། དེའི་ཉམས་སུ་ལེན་པའི་ཡིག་ཆ་ལ་ལེའུ་པོ་ཏི་དང་། བརྔན་ཡིག དྲང་རྒན་སོགས་མིང་ཅི་རིགས་ཡོད། ལེའུའི་གོ་དོན་ནི་ལྷེའུ་སྟེ་ལྷ་ཆུང་ཆུང་གི་དོན་དུ་འཇུག སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་དག་གིས་རང་ཉིད་ལ་ལྷེའུ་ཞེས་གང་ཟག་སྤྱིར་བཏང་བ་དང་ཁྱད་པར་ཕྱེ་བ་ཡིན། ལེའུ་མཚམས་རེ་ཡོན་བདག་གི་དོན་དུའང་འཇུག ལེའུ་ཇུ་ཐིག་གཞུང་དུ་མདུད་གྲངས་དགུ་ལ་འཇུག་སོགས་ཐ་སྙད་གཅིག་དོན་དུ་མར་འཇུག་གོ །
དཔྱད་གཞི་ཡིག་ཆ།

༡ སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ། སྡེ་དགེ་ཤིང་པར།

༢ སྲིད་པའི་བོན་གྱི་ཡིག་ཆ་ཕྱོགས་བསྒྲིགས། ངག་དབང་རྒྱ་མཚོས་བསྒྲིགས།

༣ གཡུང་དྲུང་བོན་གྱི་རྒྱུད་འབུམ། ཤིང་པར་མ།

༤ མདོ་དྲི་མེད་གཟི་བརྗིད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་།

༥ སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ། ལག་བྲིས་མ།

༦ མཛོད་དགེ་རྫོང་གི་དགོན་པ་ཁག་གི་ལོ་རྒྱུས། རྔ་བ་ཁུལ་མཛོད་དགེ་རྫོང་སྲིད་གྲོས་ཀྱིས་བསྒྲིགས།

༧ལེགས་བཤད་རིན་པོ་ཆེ་གཏེར་མཛོད།

༨ལྡེའུ་ཆོས་འབྱུང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག