ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> རྒྱུ་ཐེག་བཞིས་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤན་ཞུགས་སྐོར་གླེང་བ།
རྒྱུ་ཐེག་བཞིས་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤན་ཞུགས་སྐོར་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ནོར་བུ་ཚེ་རིང༌།] [ཟླ་ཚེས། 10-08-22] [ཀློག་གྲངས། ]

      དེ་ཡང་བོད་ཀྱི་ལོ་རྒྱུས་མེ་ལོང་ལས་མཁྱེན་གསལ་ལྟར། སྤྱི་ལོའི་དུས་རབས་བདུན་པའི་སྔོན་གྱི་ལོ་སྟོང་ཕྲག་དུ་མར་བོད་མིའི་བསམ་བློ་འདུ་ཤེས་དང་སྲིད་དབང་གི་ཚལ་ཡངས་པོ་འདིར་ཡུག་གཅིག་ཏུ་མངའ་དབང་བསྒྱུར་བ་ནི་གདོད་མའི་ཆོས་ལུགས་བོན་བྱ་བ་འདི་ཡིན་ལ། དེར་མ་ཟད་བོན་ཞེས་པའི་གྲུབ་མཐའ་འདི་དང་དེའི་ཤན་ཞུགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་འཕེལ་འགྲིབ་ཅི་རིགས་བརྒྱུད་དེ་དེང་གི་དུས་བར་རྒྱལ་པོའི་བཀའ་བཙན་པོས་བསྣུབས་ཀྱང་མ་ནུབ་ལ་ཕྱི་འབྱུང་གྲུབ་མཐའ་སྣ་ཚོགས་ཀྱིས་ཚབ་བྱེད་དུ་མ་སོང་བར་གཞིགས་ན། ཇི་སྐད་དུ་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས།  “མི་རེའི་ཁོང་ན་མི་མཐུན་ཚད་མ་རེ། །དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ། །”ཞེས་གསུངས་པ་ལྟར་བོན་ཞེས་པ་འདིར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་བརླང་རི་འདྲ་བ་ཙམ་མཆིས་པ་གོར་མ་ཆག་པས། འདིར་གླེང་འདོད་པའང་སྤྱིར་བོད་ཀྱི་བསྐལ་བ་ཡ་ཐོག་ཏུ་བོན་རིགས་མི་འདྲ་བ་སྣ་ཚོགས་བྱུང་ནས་སྤྱི་ཚོགས་ལ་དངོས་བརྒྱུད་གང་རུང་ནས་ཚད་དང་རིམ་པ་མི་འདྲ་བའི་སྒོ་ནས་ཤན་ཞུགས་ཐེབས་ཡོད་ནའང་དེ་དག་ལས་ཀྱང་སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་པའི་གཡུང་དྲུང་གི་བོན་དང་ཁྱད་པར་དུ་དེའི་ནང་གསེས་སུ་གྱུར་པའི་ཐེག་པ་འོག་མ་བཞི་ནི་མཐོ་མགོ་ནག་མི་ཡི་རྒྱལ་བོ་དང་དམའ་སྐྱ་སེར་འབངས་མི་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པར་གཞུང་ལུགས་སྲོག་གི་རི་རབ་བརླིང་ཞིང་དངོས་ཡོད་འཚོ་བ་དང་དམ་དུ་འབྲེལ་ཡོད་པས། གངས་ཅན་གྱི་ལྗོངས་འདིར་དར་བ་ཉིད་ནས་ལོ་སྟོང་ཕྲག་དུ་མའི་རིང་བོད་མིའི་སེམས་ཀྱི་ཆུ་གཏེར་ཡངས་པོར་གཟེགས་མ་ཐིམ་པ་ལྟར་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་ཐམས་ཅད་ལ་ཤུགས་རྐྱེན་གཏིང་ཟབ་ཏུ་ཐེབས་ཤིང་དུས་སྐབས་དེར་སྤྱི་ཚོགས་སུ་ནུས་པ་མི་དམན་པ་ཐོན་ཡོད་པས་འདིར་དེ་སྐོར་རགས་ཙམ་གླེང་ན།

གཅིག  བསམ་བློའི་འཛིན་སྟངས་ཀྱི་ཐད་དུ་ཤན་ཞུགས་ཚུལ།

      དེ་ཡང་རྒྱལ་ཕྲན་བཅུ་གཉིས་སམ་དེ་སྔོན་ཙམ་ནས་ཐོན་སྐྱེད་ནུས་པ་དམའ་བ་དང་རང་བྱུང་ཁམས་ངོས་ཟིན་གྱི་གོ་རྟོགས་ཤིན་ཏུ་ཕྲ་སྟབས། མི་རྣམས་ཕྱི་རོལ་གྱི་སྣང་ཚུལ་མང་པོ་བློས་མི་བཟོད་ཅིང་དཔག་དཀའ་བར་བརྟེན་སེམས་ངོར་འཇིགས་སྣང་སྐྱེས་ཤིང༌། སྣོད་བཅུད་གཉིས་ལ་མངའ་དབང་བསྒྱུར་བའི་མིའི་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ཤིག་ཡོད་པར་འདོད་པ་སྟེ། མཐོ་སྔོ་བསང་གི་ནམ་མཁར“ལྷ”དང་བར་མཐོ་ཞིང་རྔམ་བརྗིད་ལྡན་པའི་རི་བོར“གཉན”དང་དམའ་རྒྱ་མཚོ་དང་རྩི་ཤིང་ལ“ཀླུ”སོགས་གནས་ཡོད་པར་འདོད་པའི་བསམ་བློའི་བག་ཆགས་འདི་གཡུང་དྲུང་གི་བོན་མ་དར་གོང་ནས་གནའ་མིའི་རྒྱུད་ལ་ཁྱབ་བརྡལ་དང་གཏིང་ཚུགས་སུ་མཆིས་ཡོད་པ་མ་ཟད། གདོད་མའི་ཆོས་ལུགས“བཙན་བོན”དང“བདུད་བོན”“ཁྱབ་བོན”སོགས་ཀྱང་རྐྱེན་དེ་ལས་བྱུང་བ་གདོན་མི་ཟ་ཞིང༌། འདི་དག་ཐམས་ཅད་ཀྱིས་དམར་མཆོད་བྱེད་པ་ཡིན་སྟབས། གཡུང་དྲུང་བོན་གྱི་ལོ་རྒྱུས་དེབ་ཐེར་དང་དཔེ་ཆ་དག་ལས་དུས་སྐབས་དེར“བོད་མཐའ་འཁོབ་ཀྱི་ཡུལ”དང་“མུན་པའི་ཡུལ”“ཤ་ཟན་སྲིན་པོ་གདོང་དམར་བོད་ཀྱི་ཡུལ”ཞེས་བརྗོད་པའང་དོན་ལ་གནས་ཤིང༌། དཔེར་ན《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》{1}གཏེར་མ་ལས་འབྱུང་བ་ལྟར། བོན་ལུགས་འདི་དག་གིས་ལོ་རེའི་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞིར་ཤ་ཡུ་མོ་དང་གཡག་ལུག་ར་གསུམ་སོགས་སྟོང་ཕྲག་དུ་མ་དུས་གཅིག་ཏུ་བསད་ནས་དམར་མཆོད་བྱེད་པའི་སྲོལ་ཡོད་པ་ལྟ་བུ་དེས་མི་རྣམས་ཀྱི་བསམ་བློ་གདུག་རྩུབ་ཀྱི་ཁྲག་གིས་བརྫིས་ཡོད་པ་མ་ཟད་དཔལ་འབྱོར་གྱི་ཕྱོགས་སུ་གནོད་པ་ཆེན་པོ་སྐྱེལ་ཡོད་པའང་ཤུགས་སུ་རྟོགས་ནུས་སོ། །དེ་ཡང་ཚང་མས་མཁྱེན་གསལ་ལྟར་འདུ་ཤེས་ཀྱི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་ཀྱང་དེར་གཞུང་ལུགས་ཡོད་མེད་ལ་མི་ལྟོས་པར་མི་མང་ཤོས་ཀྱི་འདོད་བློ་སྐོང་ཐུབ་པའམ་དུས་སྐབས་དེའི་གནས་བབ་དང་མཐུན་པ་ཞིག་ཡིན་ཚེ་མི་རྣམས་ཀྱི་བློ་ཁ་བསྒྱུར་བ་ཡིན་པས། ད་ལྟ་རྨོངས་དད་དང་གདུག་རྩུབ་ཏུ་བསམ་པའི་གདོད་མའི་བོན་ལུགས་དེ་དག་ཀྱང་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལས་མ་བྱུང་བ་མི་སྲིད་དེ། འདིའི་སྐོར་གཞན་ནས་དེང་རབས་ལོ་རྒྱུས་ཞིབ་འཇུག་གི་འབྲས་བུ་དག་ལས་ཤིན་ཏུ་གསལ་པས་བསྐྱར་ཟློས་ཀྱི་ངལ་བ་ལྷུར་ལེན་མི་དགོས་སོ། །མདོར་ན་གདོད་མའི་བསྐལ་བ་དེའི་སྐབས་སུ་འཚོ་བའི་མི་རྣམས་ཀྱིས་སྣོད་བཅུད་ཐམས་ཅད“ལྷས”བདག་དུ་བཟུང་ཡོད་པར་འདོད་དེ། མཁས་པ་ལྡེའུ་མཛད་པའི《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》{2}ལས་གསུངས་པ་ལྟར“ཆར་བབས་པའི་གྲངས་ལས་མང་བའི་ལྷ”སྣ་ཚོགས་མཆིས་ཏེ། དཔེར་ན་མཐོ་ལ་རྩས་ཀྱི་ལྷ། རྨ་གྲུ་རྩས་ཀྱི་ལྷ། ཡུལ་གྱི་ཡུལ་ལྷ། མཁར་གྱི་རྩེ་ལྷ། ཕྱི་ལྷ་དང་ནང་ལྷ། སྒོ་ལྷ་དང༌། གཞན་ཡང་རྟ་ལྷ། གཡག་ལྷ། བ་ལྷ། ལུག་ལྷ་སོགས་སྒོ་ཕྱུགས་ཀྱི་ལྷ་དང་ཐབ་ལྷ། ཆང་ལྷ། ཁང་ལྷ་སོགས་ལྷ་མང་ལ་དད་པ་བྱེད་པ་ནི་རང་རེ་གདོད་མའི་བོད་ཙམ་མ་ཡིན་པར་མི་རིགས་གཞན་ལའང་མཆིས་ཏེ། དཔེར་ན་རྒྱ་རིགས་ཀྱིས་ད་ལྟའང་དམངས་ཁྲོད་ནས་ལོ་རེའི་བོད་ཟླའི་ཚེས་ཉེར་གསུམ་ཉིན“ཐབ་ལྷ”མཆོད་པའི་སྲོལ་མ་ཉམས་པར་མཆིས་པ་ལྟ་བུའོ། །དེས་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་དེའི་གོང་ཙམ་དག་ཏུ་གནའ་རབས་ཀྱི་བོད་མི་རྣམས་ཀྱིས་མགོ་ནག་མིས་རང་བྱུང་ཁམས་བཅོས་བསྒྱུར་དང་རང་གི་ལས་དབང་སྐྱིད་སྡུག་གང་བྱུང་རང་ལ་ནུས་པ་སྤུ་ཙམ་མེད་པར་བསམ་ཞིང༌། བོད་ལ་དམར་མཆོད་ཀྱི་ལས་བྱེད་པའི་བོན་ལུགས་ཀྱང་སྣ་ཚོགས་ཤིག་དར་ཡོད་སྟབས། སྟོན་པ་གཤེན་རབ་ཐོག་དང་པོར་བོད་ལ་ཕེབས་སྐབས་སུའང“བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་ཅན་རིགས་འཁོར་དུ་བཅད་པར་དགོངས་ནས”ཞེས་སོགས་བྱུང་བ་དང༌། བོད་དུ་ཕེབས་ནས་ཀྱང་བོད་ཀྱི་བོན་རིགས་མང་པོ་དེ་རྣམས་ཀྱིས་སྔོན་ནས་གོམས་པའི་རང་རང་གི་ལྟ་བ་དང་མི་མཐུན་པའི་གཡུང་དྲུང་བོན་གྱི་སྟོན་པར་འགོག་རྒོལ་ཀྱི་འཐབ་རྩོད་དྲག་པོ་ལན་མང་དུ་ཀོང་པོ་ཡུལ་ཏེ་དེང་གི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ངོས་ཉང་ཆུའི་སྟོད་རྒྱུད་དུ་བྱས་ཚུལ《མདོ་གཟེར་མིག》ལས། “དེ་ནས་སྟོན་པ་ཡང་རྟའི་རྗེས་སུ་གཙང་པོ་ལ་པད་མའི་གདན་བཏིང་ནས། ཀོང་པོ་རོང་ནགས་སུ་གཤེགས་སོ། །དེར་ཀོང་པོའི་རོང་ནག་སྒོར། བདུད་ཀྱི་གྱད་པོ་ཆེས། གཤེན་གྱི་ལམ་བཀག་ནས༌། བདུད་རི་ནག་པོས་བཅད”ཞེས་པ་ནས“སྟོན་པ་དེ་ནས་མར་གཤེགས་ནས། བདུད་མི་ནག་པོས་མ་ཐུབ་པས། མངོན་སུམ་ཉིད་དུ་བདུད་དམག་བྱུང༌། བདུད་རྗེ་ཁྱབ་པ་ལག་རིང་དང༌། ཀོང་རྗེ་དཀར་པོ་གདུག་པ་ཅན། ཕྱི་མའི་དམག་ཚ་ཞགས་མང་པོ་རྣམས་ཀོང་འཕྲང་རོང་ནག་རུབ་མོ་ན། ཡར་ལ་རྒྱུག་ནི་མ་ནུས་པར། ཀུ་དང་ཆ་ཡིས་འདེབས་ཀྱི་སྣང༌། ”ཞེས་གནའ་བོའི་བོད་ཀྱི་བོན་པོ་རྣམས་ཀྱིས་རང་གི་གྲུབ་མཐའ་སྲུང་སྐྱོབ་ཀྱི་སླད་དུ་གློ་བུར་དུ་བྱུང་བའི་ཞང་ཞུང་གི་གཡུང་དྲུང་བོན་ལ་ལྗགས་རྩོད་ཙམ་མ་ཡིན་པར་དམག་ཚོགས་བསྡུས་ཏེ་དྲག་པོའི་གཡུལ་བཤམས་ཚུལ་གསལ་བོར་མཚོན་ལ། གནའ་དེང་གི་བར་བསམ་བློ་གསར་བ་ཞིག་དང་ལེན་བྱེད་པར་དངོས་ཤུགས་གང་རུང་ནས་ཞི་དྲག་གི་འཐབ་རྩོད་མ་བརྒྱུད་པ་གཏན་ནས་མེད་ལ། ཁྱད་པར་དུ་བསམ་བློ་འདུ་ཤེས་ཀུན་ལས་ཀྱང་ཆོས་ལུགས་ཀྱིས་མིའི་བསམ་བློ་བསྒྱུར་ཕྱིན་ཆད་གཞན་དུ་འགྱུར་དཀའ་ཞིང་ཤུགས་རྐྱེན་གྱི་རང་བཞིན་བསམ་ཡུལ་ལས་འདས་པ་ནི་འཛམ་གླིང་ཆོས་ལུགས་དར་འཕེལ་གྱི་ལོ་རྒྱུས་ལས་ར་སྤྲོད་བྱུང་ལ། དེ་བཞིན་དུ་སྟོན་པ་གཤེན་རབ་འཁོར་བཅས་བོད་ཡུལ་དུ་ཕེབས་ནས་འཐབ་རྩོད་བགྱིས་ཏེ་ཕྱིའི་རྣམ་པའི་སྟེང་ནས་ཀོང་རྗེ་རྒྱལ་བོ་རྒྱ་ལག་ཐོད་དཀར་སོགས་དབང་དུ་བསྡུས་ཤིང་བོད་མི་ཆམ་ལ་ཕབ་ནའང༌། ཁོང་གི་ཐེག་པ་ཆེན་པོར་གཏོགས་པའི་འབྲས་བུའི་བོན་ཟབ་མོའི་ལྟ་བ་ནི་བོད་མིའི་བསམ་བློའི་ཞིང་དེར་ལས་སླ་བོར་སྤེལ་མ་ཐུབ་པའམ་གནའ་ནས་གོམས་པའི་བསམ་བློའི་བག་ཆགས(སྐབས་དེའི་སྲོལ་རྒྱུན་གྱི་འདུ་ཤེས)སྟུག་པས་དང་ལེན་མ་བྱས་སྟབས་སྟོན་པ་གཤེན་རབ་ཀྱང་ཐབས་རྡུགས་ནས“ཞལ་ནས་སྨོན་ལམ་གསུངས་པ། མ་ནོར་ངེས་པའི་ལུང་བསྟན་དུ། །སྔ་མའི་སྦྱངས་འཕྲོ་མེད་པ་ཡི། །མཐའ་འཁོབ་མི་ཡིས་ལུང་མི་གོ ། དེ་ཕྱིར་ངེས་དོན་མ་བསྟན་ནོ། །ཕ་རོལ་ཕྱིན་པའི་ཡ་སྟགས་ཀྱང༌། །ལས་བཟང་བག་ཆགས་མེད་པ་ཡི། །མཐའ་འཁོབ་མི་ལ་མ་བསྟན་པ། །མི་ཤེས་ཕྱིར་ན་མ་བསྟན་ནོ། །བདག་གི་ཞལ་བསྟན་གསུང་བསྒྲགས་བག་ཆགས་འདིས། །ནམ་ཞིག་ངེས་དོན་ཤེས་ནས་ཐར་བ་འཐོབ་པར་ཤོག། ”{3}ཅེས་སྨོན་ལམ་གསུངས་ཏེ་གང་ལ་གང་འཚམ་དེ་ལ་དེ་མཐུན་སྒོས་ཐོག་མར་གདོད་མའི་བོན་ལུགས་དེ་དག་དང་བསྟུན་ནས་གཙོ་བོ་འཇིག་རྟེན་འདིའི་ཕན་བདེ་སྒྲུབ་པའི་ལམ་ནས་ཐབས་མཁས་ཀྱིས་སྙིང་རྗེ་དང་འཁོར་བ་ལ་བློ་ལྡོག་པ། འགྲོ་བ་སེམས་ཅན་ཐམས་ཅད་མཉམ་པའི་ལྟ་བ་རྣམས་གཞི་བྱས་ནས་ཐེག་པ་ཆེན་པོའི་རྨང་རིམ་པར་བཏིང་བ་རེད། དེ་ཡང་རྒྱུ་ཐེག་བཞིའི་ལྟ་སྒོམ་སྤྱོད་གསུམ་གང་ཡང་དེ་དག་གི་གནད་གཙོ་བོ་སེམས་བསྐྱེད་དམ་སྙིང་རྗེ་ཆེན་པོ་ཡིན་པ་གོང་ནས་བཤད་ཟིན་པ་ལྟར། 《སྣང་གཤེན་ཐེག་པ》ལས། “སྣང་སྲིད་དགེ་བ་འཕེལ་བའི་ཐབས། །སེམས་བསྐྱེད་གཞི་མ་ལྡན་པར་གཅེས། །”ཞེས་དང༌། 《འཕྲུལ་གཤེན་ཐེག་པ》ལས། “འགྲོ་ལ་མ་ལྟར་བྱམས་པ་དང༌། །ཀུན་ལ་ཉི་ལྟར་སྙོམས་པ་དང༌། །སེམས་བསྐྱེད་གཞི་མ་ལྡན་པར་བྱ། །”ཞེས་སོ། །དེ་དག་ལས་ཀྱང་སྲིད་གཤེན་ཐེག་པ་ནི་གཞན་དོན་གཙོར་བྱེད་ཅིང་སྟོང་ཉིད་དང་སྙིང་རྗེ་ཆེན་པོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་པའི་གང་ཟག་གི་སྤྱོད་ཡུལ་ཁོ་ནར་གསུངས་པས་ལྷག་པར་ཡང་སེམས་བསྐྱེད་དམ་སྙིང་རྗེ་ཆེན་པོས་གཞི་འཛིན་དགོས་ཏེ། 《སེམས་ལུང》ལས། “རང་བས་གཞན་དོན་གཙོ་བྱེད་ཅིང༌། །འགྲོ་ལ་ཕན་སེམས་རྩེ་གཅིག་ཏུ། །བྱམས་དང་སྙིང་རྗེའི་གཞི་ལྡན་ན། །སྲིད་གཤེན་ཐེག་པ་འགྲོ་བའི་དོན། །དོན་ལ་མི་གོལ་འཇུག་སྒོའི་ལམ། །”ཞེས་པས་མཚོན་ལ། སྟོན་པ་གཤེན་རབ་ཀྱིས་གནའ་བོའི་བོད་མི་རྣམས་ཀྱི་བསམ་པའི་ཞིང་ལ་འདི་ལྟ་བུའི་རྒྱུ་འབྲས་དང་སྙིང་རྗེ་སོགས་ལྟ་བ་སྔ་ན་མེད་པའི་ས་བོན་ཞིག་བཏབས་པར་མ་ཟད་སེམས་ཅན་གྱི་འཚོ་བ་དང་བྱ་སྤྱོད་དུའང་ལྟ་བ་དེ་ཐད་ཀར་ལག་ལེན་དུ་བསྟར་བར་འཇུག་པ་སྟེ། དཔེར་ན་ལྷ་གསོལ་བ་དང་འདྲེ་བཀར་བ་སོགས་ཀྱི་སྐབས་སྔར་ར་ལུག་ལ་སོགས་སེམས་ཅན་བསད་ནས་དམར་མཆོད་བྱེད་པའི་ལུགས་དེ་རྦད་དུ་བཀགས་ནས་དེའི་ཚབ་དུ་འབྲུ་དཀར་གྱི་གཏོར་མ་དང་འབྲུ་ཆང་གིས་འཐུས་པར་བྱས་པ་དང༌། ཁོང་གི་ཞལ་ནས་ཀྱང༌། “ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། །གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་། །”{4}ཞེས་དང༌། “རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་ཡེ་མ་བྱེད། །”{5}ཅེས་སོགས་གསུངས་ནས་འཇིག་རྟེན་ཁམས་ནི་རྟེན་ཅིང་འབྲེལ་བ་དང་རྒྱུ་འབྲས་ལྡན་པ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་བསམ་བློ་གསར་བ་ཞིག་གདོད་མའི་གདུག་པ་ཅན་གྱི་བོན་དེ་དག་དང་ཁ་འཐབ་ཏུ་གསུངས་པ་རེད། དེ་ཚུལ་བོན་གྱི་དཔེ་རྙིང《སྲིད་པ་སྤྱི་མདོས》སོགས་ལས་གསལ་བོར་མཚོན་པ་ལྟར་ལགས་ཤིང༌། དེང་སང་ད་དུང་ཡུལ་ལྷ་གཞི་བདག་ལ་དམར་མཆོད་བྱེད་པའི་སྲོལ་བོད་ཀྱི་ཡུལ་གྲུ་ལ་ལར་གནས་པར་གཞིགས་ན། དེ་ལུགས་འགོག་པའི་གཡུང་དྲུང་བོན་དང་ཕྱིས་སུ་དམ་པའི་ཆོས་ནང་དུ་དྲངས་ནས་ཀྱང་ཕལ་ཆེར་ལོ་སྟོང་ཕྲག་གཅིག་དང་བཞི་བརྒྱར་ཉེ་བ་ཙམ་ཕྱིན་པའི་རིང་ལ་མ་ཁོགས་ན་དེའི་ཤན་ཤུགས་དང་སྟོན་པ་གཤེན་རབ་ཀྱི་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པའི་བསམ་བློ་གསར་བ་དེ་སྤེལ་བའི་སྐབས་ཐོག་དེར་ཕྱི་ནང་གི་དཀའ་ཁག་ཅི་ལྟ་བུ་ཞིག་ཡོད་པ་མ་སྨྲས་ཀྱང་ཤེས་སླའོ། །མི་ལ་ལས་ལུགས་ངན་པ་དེ་དག་མཐོང་ནས་གཡུང་དྲུང་བོན་ལ་སྙད་འདོགས་པ་ནི་བོན་གྱི་བྱེ་བྲག་མ་མཁྱེན་པའམ་ལོ་རྒྱུས་ལ་ཞིབ་འཇུག་མ་བགྱིས་པའི་གཏམ་དུ་སྣང༌། དེ་ལྟར་སྟོན་པ་གཤེན་རབ་ཀྱིས་རྒྱུ་ཐེག་བཞི་སྤེལ་བ་དང་ལྷན་དུ་བོད་མི“གདུག་པ་ཅན”གྱི་གཤིས་དེ“རྒྱུ་འབྲས”དང“བླང་དོར”གྱི་སྒོར་བཅུག་ནས“སྙིང་རྗེ”དང“གཞན་ཕན”“དགེ་སྒྲུབ”དང“སྡིག་འཛེམ”ཡོད་པའི་ཞི་འཇམ་དུ་བསྒྱུར་ཏེ་ཤེས་རིག་དང་ལྡན་པའི་སྣང་བྱེད་དེ་ཐོག་མར་ཤར་བ་རེད། སྤྱིར་འདིའི་ཐད་དུ་བོད་ཀྱི་མཛངས་བློན་ཐོན་མིས་ཡི་གེ་གསར་བཟོ་དང་རྒྱལ་བོ་སྲོང་བཙན་སྒམ་པོས་དགེ་བ་བཅུའི་ཁྲིམས་བཅོས་པ་ནས་བོད་མུན་པའི་བསྐལ་པ་མཇུག་རྫོགས་པར་གླེང་ཡང༌། བོད་ཡིག་ནི་རྒྱལ་པོ་གཉའ་ཁྲིའི་དུས་ནས་ཡོད་ཚུལ་སྒྲུབ་བྱེད་གང་མང་ཡོད་ཅིང་དགེ་བ་བཅུའི་ཁྲིམས་ཀྱང་རྒྱུ་ཐེག་བཞི་གང་ལ་འཇུག་ཀྱང་སྡོམ་གསུམ་ལས་སོ་ཐར་གྱི་སྡོམ་པ་བླང་དགོས་ཤིང༌། དེ་ལས་ཀྱང་འཕྲུལ་གཤེན་ཐེག་པར་འཇུག་ན་བྱང་སྡོམ་དང་སྔགས་ཀྱི་སྡོམ་པའམ་དམ་ཚིག་བསྲུང་དགོས་པས་ཆོས་ཁྲིམས་མེད་མི་སྲིད་དོ། །དཔེར་ན་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི《ཡོངས་རྩེ་ཀློང་ཆེན་གྱི་འགྲེལ་བ》མཆན་འབེལ་ལུང་ལས། ལས་བཀོད་པ་ལྟར་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་དུས་སུ་གྲི་གུམ་བཙན་པོས་བོན་བསྣུབས་ཏེ་སླར་སྲས་སྤུ་ལྡེ་གུང་རྒྱལ་གྱིས་སླར་གསོ་བྱེད་སྐབས“ཡབ་ཀྱིས་བོན་ལ་སྡང་ཡང༌། ངས་བོན་དར་དུ་བཅུག བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུག་ཟེར”བའི་ཚིག་འདིས་ཀྱང་དེ་དུས་རྒྱལ་ཁྲིམས་སམ་བོན་ཁྲིམས་ཡོད་པ་རྟོགས་ནུས་སོ། །

གཉིས།  སྤྱིར་བཏང་གི་འཚོ་བའི་སྟེང་ཤན་ཞུགས་ཚུལ།

       དེ་ལྟར་རྒྱུ་ཐེག་བཞི་དར་བ་ནས་བོད་མིའི་བསམ་བློའི་སྟེང་དུ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་བ་དང་བསྟུན། འཚོ་བ་དང་བྱ་སྤྱོད་སོགས་ཀྱི་ཐད་ལའང་ངང་ངམ་ཤུགས་ཀྱིས་ཤན་ཞུགས་པ་ནི་བསམ་བློ་དང་བྱ་སྤྱོད་གཉིས་རྒྱུ་འབྲས་ཀྱི་ཚུལ་དུ་ཡོད་པས་སོ། །དེ་མཚོན་ཙམ་ཞིག་འདིར་བཀོད་ན། 
                                                                                       ༡ བསང་གཏོང་དར་འཛུགས་ཀྱི་སྲོལ་བྱུང་བ།
སྟོན་པ་གཤེན་རབ་བོད་དུ་མ་བྱོན་པའི་སྔ་རོལ་ན། བོད་དུ་ལྷ་ཀླུ་གཉན་བཙན་སོགས་ལ་ར་ལུག་གླང་གསུམ་གཙོ་བྱས་ཤྭ་ཡུ་མོ་ལ་སོགས་སེམས་ཅན་གྱི་ཤ་ཁྲག་གིས་མཆོད་སྲོལ་ཡོད་པ་སྟེ། 《འབེལ་གཏམ་ལུང་གི་སྙིང་བོ》{6}ལས། “མི་རྣམས་དུད་འགྲོའི་ཤ་ཟ་གདོང་བ་དམར། །ཡུལ་མིང་བདུད་ཡུལ་ནག་པོ་དགུ་ཡུལ་ལམ། །ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ། །མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོ་མང༌། །འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། །”ཅེས་འབྱུང་བ་ནི་བོད་ཀྱི་དབང་མཛད་བཅུའི་སྐབས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་པས་བསང་གཏོང་གི་སྲོལ་ནི་དེའི་དུས་ནས་ཡོད་པར་འདོད་ནའང༌། དོན་དངོས་སུ“བསང”ཞེས་པའི་ཐ་སྙད་འདིའི་གོ་དོན་དང་འབྲེལ་བའི་གདོད་མིས་གསོལ་མཆོད་བྱེད་སྟངས་དེ་ནི་སྟོན་པ་གཤེན་རབ་བོད་དུ་ཕེབས་རྗེས་རྒྱུ་ཐེག་བཞི་བྱུང་བ་ནས་བཟུང་དར་བར་བསམ་སྟེ། ཅིའི་ཕྱིར་ཞེ་ན། དེ་སྔོན་གྱི་དམར་མཆོད་བྱེད་སྟངས་དེ་ནི་ཕྱིའི་རྣམ་པའི་སྟེང་ནས་བལྟས་ན“བསང”གི་ཆོ་ག་བྱེད་སྟངས་དང་ཆེས་འདྲ་ནའང“བསང”མ་ཡིན་ཏེ། དང་པོ་མཆོད་རྫས་ཀྱི་དབང་དུ་བྱས་ན། དམར་མཆོད་ནི་སྲོག་ཆགས་ཀྱི་ཤ་ཁྲག་ཁོ་ན་ལས་མ་འདས་ཤིང༌། བསང་རྫས་ནི་《ལེགས་བཤད་མཛོད》ལས“དེའི་ཚེ་སྟོན་པས་ཀྱང་ཡས་སྟགས་སུ་རྩི་ཤིང་བན་བུན་དང༌། ཞུགས་ཤངས་གསེར་སྐྱེམས་ཀྱིས་མཆོད”ཅེས་པ་དང༌། 《རྒྱགས་བརྔན་ཆེན་མོ》ལས།  “བཟང་དྲུག་སྨན་གྱི་ནུས་པ་ཡིན། །དྲི་ཞིམ་སྤོས་ཀྱི་ངད་པ་ཡིན། །ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད། །གསེར་ལོ་འབར་བའི་སྟག་པ་དང༌། །གཡུ་ལོ་འབར་བའི་ཤུག་པ་དང༌། །དུང་ལོ་འབར་བའི་བ་ལུ་དང༌། །མཁན་པ་སྤོས་དཀར་ཨ་ཀ་རུ། །ཤིང་བདུད་རྩི་ཅན་གྱི་དུད་པ་དང་། །ཕྱེ་མར་ཟས་ཕུད་གསེར་སྐྱེམས་ཀྱིས། །ལྷ་འདྲེ་ཐམས་ཅད་བསང་བའི་ཕྱིར ། །”ཞེས་པ་ལྟར་གཙོ་བོ“དཀར་གསུམ་མངར་གསུམ”ལ་སོགས་ཏེ་ཤུག་པ་དང་སྤ་མ། བ་ལུ། ཁམ་པ། ཙན་དན། སྨན་སྣ་ལ་སོགས་རྩི་ཤིང་གི་རིགས་དང་གཞན་ཡང་མར་དང་རྩམ་པ་དང་ཇ་ཆང་གི་ཆབ་སོགས་ཡིན་པས་མི་གཅིག་པ་དང༌། གཉིས་པ་མཆོད་མཁན་གྱི་འདུན་པའམ་བསམ་བློ་འཛིན་སྟངས་ཀྱི་དབང་དུ་བྱས་ནའང༌། དེ་སྔོན་གྱི་དམར་མཆོད་བྱེད་པའི་དམིགས་ཡུལ་ནི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ལྷ་ཀླུ་གཉན་བཙན་སོགས་འཇིག་རྟེན་གྱི་ལྷ་ཁོ་ནར་བཅོལ་ཏེ་མཐར་ཐུག་གི་བདེ་བ་འཐོབ་པར་འདོད་ལ། ཕྱི་མ་ནི་ཚེ་འདིའི་ཕན་བདེ་དང་དགེ་བ་བསྒྲུབ་པའི་ཕྱོགས་སུ་བགེགས་དང་བར་ཆད་ཅི་མཆིས་དེ་བསལ་ཐབས་སུ་ཡུལ་ལྷ་གཞི་བདག་ཁོ་ན་མ་ཡིན་པར་མགྲོན་བཞིར་འཕྲིན་བཅོལ་ཙམ་ལས་ཚེ་ཕྱི་མའི་སྐྱབས་མི་བཙལ་བ་དང༌། ཐ་ན་མཆོད་ཡུལ་གྱི་ལྷ་དེ་དག་ལ་ཕྱག་ཀྱང་མི་འཚལ་བ་སྟེ། བོན་གྱི་སྐྱབས་འགྲོའི་སྡོམ་པ་སོགས་ནས་མི་རུང་བར་གསུངས་པའང་གཡུང་དྲུང་བོན་རྣམས་ཀྱི་ལུགས་ལ་འཁོར་འདས་གཉིས་སུ་ཕྱེས་ནས་འཁོར་བའམ་འཇིག་རྟེན་གྱི་ལྷ་དེ་དག་བྱང་ཆུབ་བསྒྲུབ་པ་ལ་གྲོགས་དང་ཡང་ན་དེ་དག་ཀྱང་བྱང་ཆུབ་ཀྱི་ས་ལ་འགོད་འདོད་ཀྱི་འདུ་ཤེས་ཙམ་ལས་སྔར་ལྟར་མཐར་ཐུག་གི་སྐྱབས་གནས་སུ་མི་རུང་བར་འདོད་པས་ཀྱང་དེ་གཉིས་རྩ་བ་ནས་མི་མཐུན་པར་སྙམ་མོ། །བོན་གྱི་དཔེ་རྣམས་ལས་སྟོན་པ་གཤེན་རབ་བོད་དུ་བྱོན་རྗེས་བོད་རྣམས“ལྷ་གསོལ་བ་དང༌། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་བན་བུན་དང༌། ཞུགས་ཤིང་དང་གསེར་སྐྱེམས་བསྟན”ཞེས་པས་བསང་གཏོང་བའི་དམིགས་ཡུལ་དང་བྱེད་སྟངས། མཆོད་བྱེད། ཆོ་ག་ནི་མགོའི་སེམས་བསྐྱེད་དང་མཇུག་གི་བསྔོ་བ་སྨོན་ལམ་སོགས་གོ་རིམ་ཆ་ཚང་གཞུང་ལུགས་དང་ལྡན་པར་གཏན་དུ་འཁེལ་བས་གཞི་ནས“བསང”ཞེས་པའི་ཐ་སྙད་གསར་དུ་ཆགས་པ་མ་གཏོགས་སྔོན་དུས་ནས་དམར་མཆོད་ཀྱི་བྱེད་སྟངས་དེ“བསང”ཞེས་གྲགས་པ་ལོ་རྒྱུས་ཀྱི་ཡིག་ཚང་ལས་མ་མཐོང༌། དོན་དུའང“བསང”ཞེས་པའི་ཐ་སྙད་འདིའི་གོ་དོན་ལ་དཔྱད་ན་ནི་དྲི་མ་ངན་པ་སོགས་བསང་བའམ་དག་པར་བྱེད་པའི་དོན་ཡིན་པས་ཤུག་པ་ལ་སོགས་བསྲེག་པ་ལས་འབྱུང་བའི་དྲི་ཞིམ་གྱིས་བདུག་པར་བྱས་ན་དྲི་ངན་པ་མི་གཙང་བ་དག་པར་བྱེད་པ་ལས་དམར་བསྲེག་བྱས་ན་དྲི་ངན་འབྱུང་བས་ཅི་ལྟར་བསང༌། གཞན་དུ་ན་དེ་གཉིས་ཐུན་མོང་གི་ཕྱོགས་གཅིག་ཀྱང་ཡོད་པ་ནི། གཉི་གས་ལྷ་གསོལ་ཚུལ་འདྲ་ནའང༌། དོན་དུ་གསོལ་ཐབས་ཀྱི་རྣམ་པ་མི་འདྲ་སྟེ། ལྷ་གསོལ་ན་བསང་ཁོ་ནས་མ་ཁྱབ་པར་ལབ་ཙེ་གཏོད་པ་སོགས་རྣམ་པ་གཞན་ཡང་ཡོད་པས་སོ། །འདིར“ལ་བཙས”སམ“ལ་རྩེ”ཞེས་ཀྱང་འབྲི་སྟེ། དེའི་གོ་དོན་དུ་བོད་ཀྱི་སྐད་དུ་རི་བོ་བརྒལ་བ་དེ་ལ་ལ་རྒྱག་པ་ཟེར་ཞིང་རི་ལམ་དེའི་གྱེན་སྣེ་རྫོགས་པའི་སྒང་དེར་ལ་བཙས་ཞེས་བཤད་ཀྱང་གཡུང་དྲུང་བོན་རྣམས་ཀྱིས་ཞང་ཞུང་གི་སྐད་དེ་ཕོ་བྲང་ངམ་རྟེན་གནས་སོགས་སུ་སྨྲ་བའང་བདེན་པར་མཆི་སྟེ། ཡོངས་ཁྱབ་ཏུ་རི་རྩེར་གཏེར་སྣ་ཚོགས་ཕུལ་རྗེས་དེའི་སྟེང་དུ་ཡུལ་ལྷ་གཞི་བདག་གང་དེའི་སྲོག་ཤིང་དཀྱིལ་སྙིང་དུ་བཙུགས་ཤིང་མཐའ་འཁོར་དུ་མདའ་མདུང་ཤིང་གི་ཕོན་ཕུང་རྡོ་འབུམ་སྤུངས་ནས་རླུང་གིས་གཡོ་བ་མེད་པར་བྱས་པ་དེར་གསོལ་བྱའི་ལྷ་དེ་དངོས་སུ་གནས་པར་རློམ་ལ། བྱེ་བྲག་དུ་རིའི་རྩེ་དང་རྐེད་དང༌། རྩ་བའམ་ཐང་སོགས་སའི་ཆགས་དབྱིབས་ལ་བརྟག་སྟེ་བརྩིགས་པ་དཔེར་ན། བསོད་ནམས་སྤེལ་བར་འདོད་ན་རི་གླང་ཆེན་ཉལ་འདྲའི་མཁལ་ཁུང་དུ་བརྩིགས་པ་དང༌། མི་རྒྱུད་བཟང་བར་འདོད་ན་སེང་གེ་གནམ་དུ་མཆོང་འདྲར་དང་གཞོན་ནུའི་འདབ་ལག་རྒྱས་པར་འདོད་ན་ལྗོན་ཤིང་ལོ་འདབ་རྒྱས་འདྲའམ་རི་སུལ་ནོར་བུ་སྤུངས་འདྲའི་དཀྱིལ་དུ་བརྩིགས་པ་སོགས་མདོར་ན་འཇིག་རྟེན་གྱི་དགོས་མཁོ་ལྟར་བརྩིགས་སྲོལ་མང་དུ་མཆིས་པ《མཆོད་རྟེན་ཊི་ཀ་གཡུ་རྫོངས》ན་འབྱུང་བ་ལྟར་རོ། །དེ་ལྟར་དམངས་ཁྲོད་ན་ལབ་ཙེ་བསྟད་དེ་བསང་ཕུད་པ་དང་རླུང་རྟ་བསྐུར་བ། དར་ལྕོག་འཛུགས་པ་སོགས་སྐྱེས་པ་རྒན་གཞོན་ཐམས་ཅད་འཛོམས་ནས་ཆོས་ལུགས་ཀྱི་བྱ་འགུལ་གཟབ་རྒྱས་ཤིག་སྤེལ་བཞིན་པ་མ་ཟད་ཉིན་དེར་རྟ་རྒྱུག་མདའ་འཕེན་སོགས་ལུས་རྩལ་འགྲན་ཚོགས་ཀྱང་གཟབ་རྒྱས་ཤིག་སྤེལ་བཞིན་པ་ནི་སྤྱིར་བོད་ཁམས་རང་བཞིན་གྱི་ཡུལ་གོམས་ཤིག་ཏུ་སྣང༌། གཞན་དར་ལྕོག་འཛུགས་སྲོལ་དེ་དྲན་དབང་དགེ་ཆོས་ཀྱིས་དང་པོ་དམག་དར་ནས་རིམ་འགྱུར་བྱུང་བར་བཞེད་ཀྱང༌། གཡུང་དྲུང་བོན་རྣམས་ཀྱིས་དེ་ཡང་སྣང་གཤེན་ཐེག་པའི་ལུགས་ཏེ་དར་ལྕོག་ལའང་རིགས་མང་དུ་ཡོད་པར་འདོད་དེ། དཔེར་ན་དམག་ལ་ཆས་སྐབས་དགྲ་བླ་བསྟོད་པའི་དར་ལྕོག་དང་མིའི་འབྱུང་བ་ཁ་ལས་དབང་ཐང་སྤེལ་བའི་དར་ལྕོག ཡུལ་གཞན་དུ་འགྲོ་བར་ཕྱོགས་ཐུབ་ཀྱི་དར་ལྕོག གཞན་ཡང་སྒོ་ལ་དཔྱངས་པའི་དར་ལྕོག མཁར་གྱི་རྩེ་ལྷ་ཞེས་མཁར་ལ་འཛུགས་པའི་དར་ལྕོག་སོགས་ཡོད་ཅིང༌། དེ་རེ་རེའི་གོ་དོན་དགོས་ཆེད་མི་གཅིག་པ་རེ་ཡོད་པས་མཐའ་གཅིག་ཏུ་དམག་དར་ནས་རིམ་འགྱུར་བྱུང་ཞེས་བཞེད་ན་སྤྱི་དང་བྱེ་བྲག་མ་ཕྱེ་བའི་གསུང་དུ་མངོན། དེ་ལྟ་བུའི་མདོ་དབུས་ཁམས་གསུམ་གྱི་བོད་རོང་འབྲོག་ཀུན་ལ་གནའ་ནས་རྒྱ་ཁྱབ་ཏུ་དར་བའི་དར་འཛུགས་ཀྱི་སྲོལ་དེར་ཡུན་རིང་གི་ལོ་རྒྱུས་ལྡན་པ་མ་ཟད་གདོད་མའི་སྤྱི་ཚོགས་ནས་གྲལ་རིམ་སྤྱི་ཚོགས་སུ་བརྒྱུད་པ་སྟེ། ཤེས་རིག་དར་འཕེལ་གྱི་མཚོན་རྟགས་དགུང་དུ་འཛུགས་པ་ཞིག་རེད་ཅེས་སྨྲས་ཀྱང་ཆོག མདོར་ན་བསང་གཏོང་དར་འཛུགས་ཀྱིས་མཚོན་པའི་བོད་ཀྱི་དམངས་སྲོལ་ཐུན་མོང་མ་ཡིན་པ་འདི་དག་གི་ཁུངས་བོན་ལ་ཐུག་ཡོད་ན། བོན་དང་ཁྱད་པར་ཏུ་རྒྱུ་ཐེག་བཞི་ལ་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་པ་ནི་སྨྲ་མི་དགོས་སོ། །

                                                                                    ༢ ལྷ་བབས་མོ་རྩིས་ཀྱི་སྲོལ་བྱུང་བ། 
      “ལྷ་བབས”ཞེས་པའི་གནའ་མིའི་བྱེད་སྟངས་འདིར་ཐ་སྙད་སྣ་ཚོགས་སྦྱར་ཡོད་པ་མ་གཏོགས་འཛམ་གླིང་གི་མི་རིགས་གཞན་ལའང་དར་ཡོད་པ་མཐོང་ཞིང༌། དཔེར་ན་རྒྱ་ནག་གི“巫婆”ཞེས་པ་བུད་མེད་ཀྱིས་ལྷ་འབབ་པ་དང“神汉”ཞེས་པ་ཕོས་ལྷ་འབབ་པའི་སྲོལ་འདི《ཀྲན་གོའི་རྒྱལ་རབས་ཀྱི་བྱུང་བ》 (《战国策》)ནང་དུ“巫婆”ཡི་གནས་ཚུལ་བཀོད་པས་ལྷ་འབབ་པའི་བྱེད་སྟངས་འདི་རྒྱ་ནག་ལའང་དུས་སྔ་མོ་ནས་དར་ཡོད་པར་མངོན། རང་རེ་བོད་ལ་དེ་སྔོན་ནས་ལྷ་གསོལ་བའི་བྱེད་སྟངས་ཡོད་ཀྱང༌། (གོང་དུ་བཤད་པའི་མུ་སྟེགས་ལུགས་ཀྱི་བོན་པོས་དམར་མཆོད་བྱེད་པས་མཚོན) “ལྷ་བབས”ཞེས་པའི“ལྷ”དེ་མིའི་ཁོག་ཏུ་བརླམས་ནས་འབྱུང་འགྱུར་གྱི་བྱ་བ་སྣ་ཚོགས་མངོན་ཤེས་ཀྱི་ཚུལ་དུ་ལུང་སྟོན་པའི་བྱ་སྤྱོད་དེ་ནི་རྒྱུ་ཐེག་བཞི་ལས་ཕྱྭ་གཤེན་ཐེག་པའི་ཁོངས་གཏོགས་ཡེ་དབང་ལྷ་ཡི་བཀའ་བབས་ནང་བྱུང་བས་ཁུངས་དང་ལྟ་སྒོམ་སྤྱོད་པ་ཤིན་དུ་གསལ་ལོ། །འབབ་བྱའི“ལྷ”དེ་ཡང་འཇིག་རྟེན་གྱི་ལྷ་ཁོ་ན་ཡིན་སྟེ། དཔེར་ན་བོད་ཀྱི་རྟེན་མ་བཅུ་གཉིས་དང་མགུར་ལྷ་བཅུ་གསུམ་ཡུལ་ལྷ་གཞི་བདག་ཅི་རིགས་སོ། །ལྷ་བབས་ཀྱི་སྲོལ་འདི་ཕྱེ་བ་ཉིད་ནས་ད་ལྟའི་བར་གྲུབ་མཐའ་སོ་སོའི་དགོན་སྡེ་ཁག་དང་ཡུལ་སྡེའམ་ཚོ་སྐོར་ཐམས་ཅད་དུ་ལྷ་འབབ་མཁན་རེ་མེད་མི་སྲིད་པ་ལྟ་བུར་འདུག་ཅིང༌། བྱེད་སྟངས་དེ་ལག་ཏུ་བསྟར་མཁན་གྱི་མི་དེར་དགོན་པ་ནས“སྐུར་རྟེན”དང་གྲོང་སྡེ་ནས“ལྷ་པ”ཞེས་འབོད་དེ། ལྷ་འབབ་སྐབས་ཕྱི་ལུས་སུ་གོས་འབག་གོན་ཞིང་སྟངས་སྟབས་སྣ་ཚོགས་བསྒྱུར་བ་དང་ཡིད་ཀྱིས་ལྷ་དེར་མི་ཕྱེད་པའི་དད་པ། ངག་ནས་ཚིག་འབོད་དབྱངས་གྱེར་བྱེད་པ་བཅས་ཀྱི་སྒོ་ནས་བྱེད་ལས་ནི“ལྷ”ལ་བརྟེན་ནས་དགོན་པའམ་ཚོ་བ་ཁག་གི་དོན་དག་བྱ་གཞག་ཆེ་འབྲིང་ཆུང་རིགས་དང་ཁྱིམ་གཞིའི་བདེ་སྡུག་ལེགས་ཉེས་སྟོན་པར་རློམ། དེ་དག་གི་སྤྱི་ཚོགས་གོ་གནས་ཀྱང་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་འགྱུར་ལྡོག་གི་ཁྲོད་དུ་དང་པོར་ཀུན་གྱིས་ཚབ་བྱེད་མི་རུང་བ་དང་རྒྱལ་བོས་ཀྱང་གོང་དུ་བཀུར་བ་ནས་རིམ་བཞིན་ས་ཆ་དང་ཚོ་བ་ལ་ལ་ནས་བཀུར་ཡང་ལ་ལ་ནས་དམན་པར་འཛིན་པ། ད་ལྟ་ཉམས་རྒུད་དུ་འགྲོ་བ་སོགས་མདོར་ན“ལྷ་བབས”ཞེས་པའི་སྤྱི་ཁྱབ་ཏུ་དར་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་འདིས་མིའི་རིགས་ཀྱིས་རང་བྱུང་ཁམས་ངོས་ཟིན་གྱི་ནུས་པ་ཕྱིར་མངོན་ཚུལ་མཚོན་པ་མ་ཟད། དེའི་ལོ་རྒྱུས་ཀྱི་འཕེལ་རྒྱས་སྟེང་ནས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་དབང་སྒྱུར་བའི་ནུས་པ་གོང་དུ་འཕེལ་བའི་གོམ་འགྲོས་ཀྱང་མཚོན་པ་རེད། དེ་བཞིན་མོ་རྩིས་གཉིས་ཀྱང་ཕྱྭ་གཤེན་ཐེག་པའི་ནང་དུ་འདུ་ལ། དེ་གཉིས་བོད་ལ་ཆེད་དུ་མངའ་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ཞེས་བརྗོད་དཀའ་ནའང་བོད་ལ་གཞན་དང་མི་མཚུངས་པའི་མོ་རྩིས་ཀྱི་ཁུངས་རང་རྐྱ་ཐུབ་པ་ཞིག་གམ་མ་ལག་དང་ལྡན་པའི་གཞུང་ལུགས་གཏིང་ཟབ་ཅིང་རྣམ་གྲངས་མང་དུ་ལྡན་པ་འདིར་ཀུན་གྱིས་སྒྲུན་དུ་མེད་པ་ནི་རང་ཕྱོགས་ཆེ་བརྗོད་ཀྱི་གཏམ་ཙམ་མ་ཡིན་པར་དོན་གྱིས་གྲུབ་ཡོད། ལ་ལས་མོ་རྩིས་ཀྱི་རིགས་འདི་དུས་སྔ་མོ་ནས་བོད་ལ་དར་ཡོད་ཀྱང་ཕྱིས་སུ་གཡུང་དྲུང་བོན་རྣམས་ཀྱིས་ལག་ལེན་དུ་བཀོལ་པས་ཁོ་ཚོའི་མོ་གཞུང་ལྟ་བུར་གྱུར་འདུག་ཅེས་བཤད་པ་ནི་མ་བརྟག་པའི་གཏམ་དུ་འཁུམས་ཏེ། མོ་རྩིས་གཏོ་དཔྱད་བཞི་ནི་རྒྱུ་ཐེག་བཞིའི་དང་པོ་ཕྱྭ་གཤེན་ཐེག་པའི་བརྗོད་བྱ་གཙོ་བོ་ཡིན་ཞིང་ནང་གསེས་སུ་བཞི་བཞིར་དབྱེ་བ་ཁ་གསལ་ཞིང་གཞུང་པོད་མང་དུ་མཆིས་པ་རྣམས་སྟོན་པ་གཤེན་རབ་ཀྱིས་བཀའ་དང་པོར་གསུངས་ཚུལ་སྨྲས་ཟིན་པ་ལྟར་ཁུངས་ཤིན་ཏུ་གསལ་བའི་ཕྱིར་རོ། །
      མདོར་ན་ལྷ་བབས་མོ་རྩིས་གསུམ་ནི་གནའ་ནས་ད་ལྟའི་བར་བོད་ཀྱི་འཚོ་བའི་ནང་གོ་གནས་གལ་ཆེན་བཟུང་ཡོད་པ་དང་ཐ་ན་སྲིད་འབྱོར་རིག་གསུམ་གང་གི་ཐད་ལའང་ནུས་པ་གལ་ཆེན་ཐོན་ཚུལ་སྐོར་གཤམ་ནས་སླར་ཡང་སྤྲོ་རྒྱུ་དང༌། སྤྱིར་བཏང་གི་འཚོ་བའི་ནང་དུའང་དཔེར་ན་གཉེན་སྒྲིག་གི་སྐབས་སུ་ཕོ་མོའི་ཁམས་དང་འབྱུང་བ་མཐུན་མིན་གྱི་སྐོར་དང་བག་མའམ་མག་པ་ཕར་སྐྱེལ་ཚུར་བསུའི་བག་གཉེན་གྱི་རྩིས། མི་ལ་ན་ཚ་ཕོག་པ་དང་འཆི་རྗེས་འདས་མཆོད་ཀྱི་དུས་དང་སྐྱེས་སྐར་ལ་བརྟག་པའི་གཤིན་རྩིས། དགའ་སྟོན་རྟེན་འབྲེལ་གྱི་དུས་དང་ཁ་ལས་དབང་ཐང་དར་རྒུད་ལ་བརྟག་པ། ཐ་ན་སྒོ་ཕྱུགས་ཀྱི་ཟོག་གཅིག་བོར་བ་ཡན་ཆད་དོན་དག་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ལ་མོ་རྩིས་ལྷ་འབབ་མི་བྱེད་པ་མེད་པ་ལྟ་བུར་གྱུར་འདུག ཚན་རིག་བླ་ན་དར་ཞིང་དཔལ་ཡོན་གཉིས་ལྡན་གྱི་དེང་གི་དུས་སུའང་གྲོང་ཁྱེར་གྱི་ཟུར་ན་མོ་རྩིས་མཁན་གྱི་གྲིབ་མ་མཐོང་བྱེད་ཀྱི་གཟུགས་སུ་སྣང་བ་ནི་རྨོངས་དད་ཀྱི་སྙིགས་རོ་ལུས་པ་དང་བློ་ལ་འདུན་པས་སྟོང་བ་འགས་སྐྱོ་གར་འཁྲབ་པ་ལས་མ་འདས་ནའང༌། རང་རེ་བོད་ཀྱི་ལྷ་བབས་མོ་རྩིས་ཀྱི་སྐོར་འདི་ལ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་འདྲིས། བསམ་པའི་འཁྱེར་སོ་བཅས་ཀྱི་ཕྱོགས་ནས་ཚན་རིག་གིས་བརྟག་པར་བྱ་བའི་གནས་མང་དུ་ཡོད་པར་སྙམ་མོ། །
                                                                                      ༣ འདུར་མཆོད་ཀྱི་སྲོལ་དར་བ།
      དེ་སྔོན་མུ་སྟེགས་ལུགས་ཀྱི་བོན་སྣ་ཚོགས་གྱིས་བསམ་པའི་འདུ་ཤེས་ལ་མངའ་བསྒྱུར་བའི་སྐབས་སུ། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་འདིར“བླ”“ཡིད”“སེམས”གསུམ་ཞེས་གཟུགས་མེད་ཀྱི་ཤེས་པ་རྣམ་པ་མི་འདྲ་བ་གསུམ་གྱིས་ཁྱབ་ཡོད་པར་འདོད་ཀྱང༌། འདུར་མཆོད་ཀྱི་སྲོལ་མེད་པར་མངོན་ཞིང༌། མི་ཤི་རྗེས་བེམ་པོ་ཆུ་ལ་བསྐྱུར་བའམ་ས་འོག་ཏུ་སྦས་ཏེ། དེའི་ཕན་ཐབས་སུ“བཙན”དང“གཉན”ལ་སོགས་པར་དམར་གྱིས་མཆོད་པས་རྣམ་ཤེས་དྲངས་པར་འདོད་དོ། །དྲངས་ཡུལ་ཡང་མངོན་མཐོ་ལྷ་ཡུལ་ལྟ་བུ་ཞིག་ལས་ཡེ་ཤེས་ཀྱི་དབྱིངས་ཞེས་བརྗོད་དུ་མེད་པས་མི་ཚེའི་ལྟ་བ་དེ་ནི་ནང་པའི་སྐད་དུ་སྨྲས་ན། འཁོར་བ་ལས་མ་འདས་ཤིང་སྤྱོད་པའང་སྡིག་པ་ཁོ་ན་ལས་མ་བརྒལ་བ་སྔ་རབས་ལོ་རྒྱུས་ཀྱི་ཡིག་ཚང་དག་ལས་ཤིན་ཏུ་གསལ་བས་ལུང་འདྲེན་གྱི་དགོས་པ་མ་མཆིས་སོ། །དེ་ནས་ཐེག་པ་འོག་མ་རྒྱུ་ཐེག་བཞིའི་བསྟན་པ་བོད་ཁམས་སུ་དར་རྗེས། སྡིག་དང་འདྲེས་པའི་གོམས་སྲོལ་དེ་རིམ་གྱིས་འགྱུར་ཏེ་སྤུ་ལྡེ་གུང་རྒྱལ་གྱི་དུས་སུ་སྔར་རྒྱལ་བོ་གྲི་གུམ་བཙན་པོ་བློན་ལོ་ངམ་རྟ་རྫིས་བཀྲོངས་པ་གྲི་ཤིར་སོང་བས་སྔོན་གྱི་བཙན་པོ་གོང་མ་རྣམས་ལྟར“ཕུང་བོ་ལྷག་མེད”དུ་མ་ཡལ་བར་བེམ་པོ་ཟངས་ཁ་སྤྲོད་དུ་བཅུག་སྟེ་ཆུ་ལ་བསྐྱུར་བ་རྣམ་ཤེས་ཀྱང་གང་སར་འཁྱམས་པར་གྲགས་སྟབས། ཕྱིས་རི་ལས་སྐྱེས་ཀྱིས་ཆུ་ལས་བཏོན་ནས་ཡར་ལུང་གི་དྲང་མོ་དྲང་ཆུང་བྱ་བའི་གཡའ་ལ་བང་སོ་བཏབས་ཏེ་གཡུང་དྲུང་བོན་གྱི་གྲུབ་ཐོབ་པ་དང་རིག་འཛིན་རྣམས་སྤྱན་དྲངས་ཏེ། སྟོང་རྒྱུང་གིས་འདུར་མཆོད་མཛད་དེ་རྣམ་ཤེས་དྲངས་པར་བཤད་དེ། སྤ་བསྟན་རྒྱལ་བཟང་བོས་མཛད་པའི《བསྟན་པའི་རྣམ་བཤད》ལས། “གཤེན་པོ་བརྒྱ་རྐོང་ཡུལ་བྲེ་སྣར་རྒྱལ་གྲི་འདུར་མཛད་པས། གསོན་བཀྲ་ཤིས་སྤུ་ལྡེའི་རྒྱལ་ས་ཟིན། གཤིན་གནས་སྤར་ཏེ་གྲི་རིམ་ཐར་བར་དྲངས་སོ། །ད་ལྟ་ཡང་རྒྱལ་གྲི་རུམ་གྱི་གྲི་འདུར། ཡོག་བར་བ་སུམ་བརྒྱ་དྲུག་ཅུ་བྱ་བའི་བོན་ཡོད་དོ། །”ཞེས་པས། རྒྱལ་བོའི་བང་སོ་ཐོག་མར་ཚུགས་པ་མ་ཟད་འདུར་མཆོད་ཀྱི་སྲོལ་ཐོག་མར་ཕྱེ་བ་ནས་བཟུང་ད་ལྟའི་བར་མ་ཉམས་པར་དམངས་ཁྲོད་ན་སྤྱོད་བཞིན་ཡོད་པ་སྟེ། ཕྱིས་རྒྱ་གར་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནང་དུ་དྲངས་པས་ཀྱང་ལུགས་དེ་མ་ཉམས་པར་མ་ཟད་བོན་གྱི་ལུགས་སྲོལ་དང་བསྟུན་ཏེ་བོད་རང་གི་ཐུན་མོང་མ་ཡིན་པའི་ཡུལ་གོམས་སུ་གྱུར་བ་སྟེ། 《ལེགས་བཤད་རིན་པོ་ཆེའི་མཛོད》ལས། “མུ་ནེ་བཙན་པོ་ཡབ་ཀྱི་རྒྱལ་སར་བཏོན་ནས་བསམ་ཡས་སུ་མཆོད་པ་ཆེན་པོའི་གཞི་བཙུགས། བོད་འབངས་ཀྱི་ཕྱུག་དབུལ་ལན་གསུམ་སྙོམས། ཆབ་སྲིད་ལོ་གཅིག་དང་ཟླ་བ་གསུམ་དུ་མཛད་དེ་བཅུ་བདུན་པ་ལ་ཡུམ་གྱིས་དུག་བཏང་སྟེ་འདས་སོ། །དེ་བན་དེས་འདུར་བས་བླ་མ་འཁུགས་ཏེ་མི་རྣམས་ཀྱི་ཁོང་དུ་ཞུགས་ནས་གླ་བརྡོལ་གྱི་གཏམ་སྨྲ་བར་བྱེད་ལ། བན་དེ་ལ་འདུར་ཕུག་མེད་པས་བོན་ལ་དཔེ་བླངས་པ་བོད་འབངས་རྣམས་ཀྱིས་ཤེས་ནས་ཡིད་མ་ཆེས་སོ། །དེར་དྲན་པ་ནམ་མཁས་རྣམ་ཤེས་བཀུག་ཐུགས་ཕབ་པས་རྗེ་ཁྲི་སྲོང་ཡང་བོན་ལ་ཐུགས་ཆེས་ནས་གཤིན་འདུར་གྱི་བོན་མེད་ན་གཤིན་པོ་གནས་ནས་མི་འདྲོང་བར་འདུག་གསུངས། བོན་མགོ་གཡོ་བ་ལ་འདུར་བོན་སྔའོ། །ད་ལྟ་ཡང་རྒྱལ་བོ་མུ་ནེའི་ལྷེ་འདུར་བྱ་བའི་བོན་ཡོད་དོ། །”ཅེས་སོ། །འདུར་མཆོད་ཀྱི་བྱེད་སྟངས་དེ་ནི་རྒྱུ་ཡི་ཐེག་པ་བཞི་ལས་སྲིད་གཤེན་ཐེག་པའི་ནང་དུ་བྱུང་ཞིང༌། དེང་སང་ཡང་དམངས་ཁྲོད་ན་གྲུབ་མཐའ་གང་དུ་གཏོགས་པ་ལ་མི་བལྟས་པར་ཡོངས་ཁྱབ་ནས་ཤི་གསོན་གཉིས་བདེ་ཐབས་སུ“འདུར”ཞེས་པའི་རིམ་གྲོ་བྱེད་བཞིན་ཡོད་ཅིང༌། འདི་ནི་བོད་ཁ་བ་ཅན་གྱི་ལྗོངས་ན་མངོན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་དམངས་སྲོལ་རིག་པ་དང་བོད་རིག་པའི་ཞིབ་འཇུག་གི་གནས་སུ་འཁུམས་སོ། །
      དེ་ལྟར་བོན་གྱི་རྒྱུ་ཐེག་བཞི་འདི་དར་བ་ཉིད་ནས་ཐོག་མར་བོད་མིའི་བསམ་བློའི་འཛིན་སྟངས་ལ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་བ་དང་བསྟུན་སྤྱིར་བཏང་གི་འཚོ་བ་དང་གོམས་སྲོལ། བྱ་སྤྱོད་སོགས་ལའང་ངང་ངམ་ཤུགས་ཀྱིས་ཤན་ཤུགས་ཐེབས་པས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས། “བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་ལྟ་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས། །བོན་གྱི་བཅོས་ཀས་ཕན་པར་ཀུན་གྱིས་རེ། །” ཞེས་གསུངས་པ་ལྟར་ལོ་སྟོང་ཕྲག་དུ་མར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་དང་གྲུབ་མཐའ་འཁྲུག་རྩོད་ཀྱི་རླབས་རྒྱུན་རབས་དང་རིམ་པ་དྲག་ཏུ་འཕྱུར་བའི་ནང་བགམ་ཚོད་ཐེག་ནས་མཐར་སྤྱི་ཚོགས་རིམ་པ་སོ་སོ་ནས་ཚད་མི་འདྲ་བར་དང་ལེན་བྱས་པ་བརྒྱུད་མུ་མཐུད་དུ་འཇིག་རྟེན་སྲིད་ཀྱི་ཕང་བའི་ནང་དུས་སྐབས་ངེས་ཅན་ཞིག་ཏུ་ཡོ་ལང་གི་གར་མི་ཉམས་པར་རྩེན་སྲིད་པ་ནི་ཆོས་ཉིད་དུ་གྲུབ་ལ། འདིས་བོན་གྱི་རྒྱུ་ཐེག་བཞི་ལ་ཆོས་ལུགས་གཞན་དང་མི་འདྲ་བར་འཇིག་རྟེན་མིའི་འཚོ་བ་དང་དངོས་སུ་སྦྱར་བའམ་སྤྱི་ཚོགས་དངོས་བཀོལ་གྱི་རིན་ཐང་ལ་བསྙོན་དུ་མི་རུང་བའི་གདེང་འཇོག་བྱེད་དགོས་པ་དང་གཅིག བོན་གྱི་རྒྱུ་ཐེག་བཞི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་མའམ་རྨང་གཞི་ལྟ་བུ་དང༌། མཐར་གཏུག་ན་གནའ་རབས་བོད་ཀྱི་བསམ་བློ་ཀུན་སྤྱོད་དང་དམངས་སྲོལ་སྣ་ཚོགས་ཀྱི་འབྱུང་ཁུངས་བཅས་ཡིན་པ་དང་གཉིས་མཚོན་པ་གོར་མ་ཆག་གོ།

 གསུམ།  ཆབ་སྲིད་ཀྱི་ཐད་དུ་ཤན་ཞུགས་ཚུལ།

      དེ་ཡང་ཚང་མས་མཁྱེན་གསལ་ལྟར་ཆོས་ལུགས་གང་དང་གང་ཡིན་ཡང་གྲལ་རིམ་སྤྱི་ཚོགས་སུ་སླེབས་མ་ཐག་ཏུ་བྲན་གཡོག་བདག་པོའམ་དབང་སྒྱུར་གྲལ་རིམ་རྣམས་ཀྱིས་ཁོ་ཚོའི་སྲིད་དབང་སྲ་བརྟན་དང་ཡུལ་ཁམས་མངའ་དབང་བསྒྱུར་བར་གཟུགས་མེད་ཀྱི་ལག་ཆ་ཞིག་ཏུ་བེད་མ་སྤྱད་པ་མ་མཆིས་ཤིང༌། ལྷག་པར་དུ་ཆབ་སྲིད་ཀྱི་ཐད་དུ་ཞབས་ཞུ་བཟང་ངན་གང་ལེགས་དགོས་མཁོ་ལྟར་དབང་བསྒྱུར་གྲལ་རིམ་དག་ལ་བསྒྲུབ་པའམ་དབང་སྒྱུར་གྲལ་རིམ་གྱིས་བེད་སྤྱད་པ་ནི་ཆོས་ལུགས་ཡོངས་ལ་གནས་པའི་ཐུན་མོང་གི་རང་བཞིན་ཞིག་ཡིན་ཏེ། རང་རེའི་བོད་ཀྱི་ལོ་རྒྱུས་སུའང་གྲལ་རིམ་སྤྱི་ཚོགས་སུ་སླེབས་པ་ཉིད་ནས་སྐབས་དེར་དར་བའི་གདོད་མའི་ཆོས་ལུགས་བོན་འདི་སྲིད་སྐྱོང་གི་དོ་ར་ནས་ཡོ་ལང་གི་གར་བསྒྱུར་ནས་གཏན་འཇགས་ཀྱི་སྐབས་མ་ཉམས་པར་རྒྱལ་རབས་དུ་མར་བརྩམས་པ་ནི། 《རྣམ་འབྱེད་འཕྲུལ་ལྡེ》ལས། “རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། གནམ་རི་སྲོང་བཙན་ཡན་ཆད་དུ། །ཆབ་སྲིད་འཛིན་པའི་རྒྱལ་བོ་རེ། །ཐར་ལམ་འདྲེན་པའི་སྐུ་གཤེན་རེ། །སྐད་རིགས་བསྒྱུར་བའི་ལོ་པཎ་རེ། །བྱས་ཐབས་གསུང་རབ་རེ་རེ་བཞག །”ཅེས་རྒྱལ་བོའི་སྐུའི་བདེ་ཐང་དང་མངའ་ཐང་དར་རྒྱས་ཡོང་བར་ཁག་ཐེག་བྱེད་པ་ལ་སྐུ་གཤེན་བསྟེན་པ་མཚོན་ལ། གཙོ་བོ་རྒྱུ་ཡི་བོན་བཞི་འདི་རིགས་ལ་བརྟེན་ནས་སྐུའི་རིམ་གྲོ་དང་ལེགས་ཉེས་བླང་དོར་གྱི་དབྱེ་འབྱེད། བཟླས་སྔགས་ཀྱི་སྒོ་ནས་དགྲ་བགེགས་ཚར་གཅོད་པ་ལ་སོགས་ཆབ་སྲིད་ཀྱི་ཕྱོགས་ལ་རམ་འདེགས་མི་དམན་པ་ཐོན་ཡོད། 
      རྒྱལ་པོ་རང་ཉིད་ནས་ཀྱང་ཆོས་སྲིད་ཀྱི་བྱ་བ་ཡུག་གཅིག་ཏུ་བཞེས་ནས་འཛིན་མའི་ཁྱོན་ལ་དབང་བསྒྱུར་གྱི་འཁོར་ལོ་རྣམ་པར་བསྐོར་ཞིང༌། ཁྱད་པར་དུ་རྒྱལ་བོ་མུ་ཁྲི་བཙན་པོས་ཕྱོགས་གཅིག་ནས་གཉའ་ཁྲི་བཙན་པོས་ཡུལ་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ“བྷོད”ཅེས་པའི་རྒྱལ་ཁབ་དངོས་སུ་བཙུགས་པའི་རྨང་གཞིའི་སྟེང་མུ་མཐུད་དུ་སྲིད་དབང་རྒྱུན་སྐྱོང་བ་དང༌། ཕྱོགས་གཅིག་ནས་སྐབས་དེར་དར་བའི་བོན་གསང་སྔགས་སྤྱི་སྤུངས་ཀྱི་སྐོར་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པས། ཐུགས་ལ་གསང་སྔགས་ཀྱི་བོན་འདི་ཟབ་མོར་དགོངས་ནས་སྤེལ་བ་ལ་ཕངས་ནས་གཞན་ལ་མ་བསྟན་པས་མི་རབས་གསུམ་དུ་གསང་བ་རྩ་འགགས་སུ་སོང་ནས་རྒྱུད་ཆད་ལ་ཉེ་བ་ཙམ་བྱུང་བ་སོགས་ཆོས་ཕྱོགས་ནས་ཀྱང་ཆེས་མཐོ་བའི་གོ་ས་བཟུང་ཡོད(རྒྱལ་པོ་མུ་ཁྲི་བཙན་པོ་ནི་བོན་གྱི་གྲུབ་ཐོབ་བརྒྱད་ཅུའི་གྲས་ཀྱི་གཅིག་ཡིན)པ་ལ་བསམ་ན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི་ཡོངས་གྲགས་ལྟར་ས་སྐྱའི་འགྲོ་མགོན་འཕགས་པས་བོད་ས་གནས་ཀྱི་སྲིད་དབང་བཟུང་བ་ནས་མགོ་ཚུགས་པའི་བཞེད་ཚུལ་འདི་ལོ་ཆིག་སྟོང་ལྔ་བརྒྱའི་ཡར་སྔོན་ལ་ཁུངས་འདེད་བྱས་ཀྱང་མི་ཆོག་པ་མེད་སྙམ། དེའི་རྒྱུ་མཚན་གང་ཡིན་ཟེར་ན། “ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི། རྒྱལ་པོ་དང་ཆོས་བདག་གཉིས་ངེས་པར་དུ་མི་གཅིག་གིས་འཁུར་ཡོད་པ་ཞིག་ཡིན་དགོས་པ་མ་ཟད། ལམ་ལུགས་འདི་མ་ཆགས་པའི་སྔོན་དུ་ཆོས་སྲིད་གཉིས་སོ་སོར་བྲལ་པའི་དུས་སྐབས་ཤིག་བརྒྱུད་དགོས་པ་རེད།”{7}ཅེས་ཨུན་ཁེ་སིས་ཆོས་སྲིད་ཟུང་འབྲེལ་ཐད་ལ་གནང་བའི་གསུང་ཚིག་འདིས་གནའ་རབས་བོད་ཀྱི་ལོ་རྒྱུས་ལ་དཔྱད་ན། རྒྱལ་པོ་མུ་ཁྲི་བཙན་པོ་ལ་དག་དག་ཆ་རྐྱེན་འདི་དག་ལྡན་ཡོད་པ་རེད། དེ་ཡང་སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་གསར་གཏོད་མཛད་པ་ནས་མུ་ཁྲིའི་སྔོན་ལ་བོན་འདི་གྲལ་རིམ་སྤྱི་ཚོགས་ཀྱི་ཐོན་དངོས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་དང་འབྲེལ་ནས་རང་ཉིད་འཕེལ་རྒྱས་སུ་སོང་ཡོད་ཀྱང་ཆོས་སྲིད་གཉིས་སོ་སོར་གནས་ཡོད་དེ། དེའི་ཤེས་བྱེད་ནི། གཅིག་ནས་གཉའ་ཁྲིའི་སྔོན་ལ་རིགས་རྒྱུད་དང་འཚོ་བ་ཁག་སོ་སོས་ས་གནས་བཅད་བཟུང་བྱས་ནས་གནས་ཡོད་པས་གཅིག་གྱུར་གྱི་མངའ་ཁོངས་མེད་ལ་གཅིག་གྱུར་གྱི་རྒྱལ་པོ་ནི་དེ་བས་ཀྱང་མེད་པ་རེད། གཉིས་ནས་གཉའ་ཁྲིས་ཐོག་དང་པོར་བོད་ཁམས་གཅིག་གྱུར་བྱས(དུས་རབས་བདུན་པའི་སྐབས་སྲོང་བཙན་གྱིས་ཐེངས་གཉིས་པར་བོད་ཁམས་རྒྱ་བསྐྱེད་ནས་གཅིག་གྱུར་བྱས་པ་རེད)རྗེས་བཙན་པོ་སྟེ་བོད་ཀྱི་རྒྱལ་པོར་ཐོག་མར་མངའ་གསོལ་མཛད་ནས་གཅིག་གྱུར་གྱི་སྲིད་དབང་བཙུགས་ལ། “དེ་དུས་རྒྱལ་པོ་ཚོར་སྐུ་བོན་ཟེར་བའི་བླ་མ་ཞིག་ཡོད་པ་དེ་རྣམས་རྒྱལ་པོའི་སྐུ་རིམ་བྱེད་མཁན་ཙམ་ཡིན་པ་ལས་སྲིད་དབང་བཟུང་མཁན་ཞིག་ཡིན་ཚོད་མི་འདུག”{8}ཞེས་པས་རྒྱལ་པོ་དང་ཆོས་བདག་གཉིས་སོ་སོ་ཡིན་པ་གསལ་ཞིང༌། དེ་ནས་བོད་ཀྱི་རྒྱལ་པོ་ཁྲི་རབས་གཉིས་པ་མུ་ཁྲིས་གསང་སྔགས་བསྒྲུབས་ནས་གྲུབ་རྗེས་བོན་གྱི་གྲུབ་ཐོབ་བརྒྱད་ཅུའི་གྲས་སུ་ཚུད་པ་མ་ཟད་བོན་གསང་སྔགས་ཀྱི་བླ་མ་གཅིག་པུར་གྱུར་ཡོད་ཚུལ་ཡང་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་ཞལ་ནས“རྒྱལ་པོ་འདི་བོད་ཡུལ་དུ་གཡུང་དྲུང་གི་བོན་དར་རྒྱས་སུ་བྱེད་པའི་གཙོ་བོ་ཡིན་ལ། རྒྱལ་པོ་རང་ཉིད་ཀྱང་གཡུང་དྲུང་བོན་གྱི་མངའ་བདག་ལྟ་བུ་ཡིན་ཏེ། མདོ་སྔགས་སེམས་གསུམ་གྱི་བརྒྱུད་རིམ་ཕལ་ཆེར་རྒྱལ་པོ་འདི་ལ་མ་ཐུག་པ་མེད་པ་ལྟ་བུ་ཞིག་རེད།” {9}དེའི་ཕྱིར“མུ་ཁྲི་ནི་རྒྱལ་པོ་ཡིན་ལ་བླ་མ་ཡང་ཡིན”{10} པས་ཆོས་སྲིད་གཉིས་ཀྱི་དབང་ཆ་གཅིག་ལྕོག་ཏུ་འཁུར་ཡོད་པས་འདི་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མགོ་སྨིན་པར་འདོད་དོ། །
རྒྱུ་ཐེག་བཞི་འདིས་བོད་ལ་དབང་སྒྱུར་གྱི་སྲིད་དབང་བཙུགས་པ་ཉིད་ནས་སྤྱིར་རྒྱལ་བློན་འཁོར་བཅས་ཀྱི་སྐུའི་བདེ་ཐང་དང་རྒྱལ་སྲིད་ཀྱི་གཏན་འཇགས། མངའ་ཐང་དར་རྒུད། ཁྱིམ་མཚེས་ཡུལ་ཁམས་བར་འབྲེལ་བ་ལེགས་ཉེས་ཀྱི་ཕྱོགས་དང་སྒོས་རྒྱལ་སྲིད་ཀྱི་དོན་དག་ཆེ་འབྲིང་ཆུང་རིགས་ཐམས་ཅད་ལ་གཏོ་དཔྱད་མོ་རྩིས་སོགས་ཀྱི་ནུས་པ་གལ་ཆེན་ཐོན་མྱོང་ཚུལ་ལོ་རྒྱུས་ཀྱི་གནའ་དཔེ་དག་ལས་གང་ས་གང་དུ་མཐོང་སླ་ཞིང༌། དེ་ནས་རྒྱལ་བོ་གྲི་གུམ་བཙན་པོས་བོན་སྣུབ་སྐབས་ཀྱང་འབྲས་བུའི་བོན་མ་གཏོགས་རྒྱུའི་བོན་བཞི་སྲིད་སྐྱོང་གི་དགོས་མཁོར་དམིགས་ནས་མ་ནུབ་པར་བཞག་པ་དེས་ཀྱང་རྒྱུ་ཐེག་བཞིས་ཆབ་སྲིད་ཀྱི་ཕྱོགས་ལ་ཤུགས་རྐྱེན་བསྙོན་དུ་མེད་པ་ཞིག་ཐེབས་པར་ཆེས་གསལ་བྱེད་ཀྱི་ནུས་བ་ལྡན་པར་མཐོང་ནས་འདིར་དྲངས་ན། “……རྒྱལ་པོའི་ཐུགས་ལ་དོགས་པ་མེད་པར་གཡུང་དྲུང་གི་བོན་བསྣུབ་པར་དྲན་པ་ལ། བྲུ་ཤ་གནམ་སྲས་ན་རེ། རྒྱལ་བོ་ལགས། གྲོས་འདི་བཤོལ་བར་ཞུ། ཅིས་ཀྱང་མཛད་ན་བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་དང༌། དེ་བཏོན་པའི་སྐུ་གཤེན་གཅིག་བཞག་འཚལ། དེ་ལྟར་མ་མཛད་ན། ལྷ་རྒོད་ལྕམ་དྲལ་རུ་འཐུར་བས་རྒྱལ་བོ་རང་སྐུ་མི་རྟག་ཉེས་མཆིའོ། །ཞེས་མཆིད་གླེང་པས། དེར་རྒྱལ་པོས་གཤེན་པོ་རྣམས་བསགས་ཏེ་གསུངས་པ། སྐུ་གཤེན་རྣམས་གསོན་དང༌། ང་ཡི་རྒྱལ་སྲིད་དང༌། ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས། ལྷ་བོན་སྒོ་བཞི་དང༌། གེ་ཁོད་ཐིས་འཕེན་དང༌། གཅོ་གྱིམ་བུ་ལན་ཚུ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག ཅེས་གསུངས་པས། བློན་ཆེན་ར་སངས་འོད་རམ་གྱིས་ཞུས་པ། ཀྱེ་རྗེ་རྒྱལ་བཙད་པོ་ལགས། སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གནས་སུ་ལྷུང༌། དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས། ལྟ་བ་ལ་ཆེན་ཟློས་ན་ཉིད་དུ་མངོན་སངས་རྒྱ། གཡུང་དྲུང་བོན་ལ་སྤྱོད་ན་འདི་དང་ཕྱི་མར་བདེ། །རྗེ་རྒྱལ་བཙན་པོས་བཀའ་དེ་མི་གསུངས་བར་ཞུ། །ཞེས་ཞུས་ཀྱང༌། རྒྱལ་བོས་ང་ཡི་རྒྱལ་སྲིད་དང་བོན་གྱི་བོན་སྲིད་གཉིས་མི་ཤོང་གསུངས་ཏེ་མ་བཞེད་དོ། །དེར་རྒྱུང་ཡ་བླ་ཆེན་ཁོད་སྤུངས་ཀྱིས་གསུངས་པ། ཀྱེ་གཤེན་པོ་ཀུན། རྒྱལ་པོའི་སྨྲ་བ་ཐེངས་གཅིག་ཡིན། གཅམ་བུས་སྨྲ་བ་ཡང་ཡང་ཡིན། ཡུས་བོས་བརྡུང༌། བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། །གྱིམ་བུ་ལན་ཡང་མ་བཞུགས་གཤེགས་པར་ཞུ། ཞེས་གསུངས་པས། གྱིམ་བུ་ལན་ཚ་ན་རེ༌། དགུང་གནམ་ལ་སྤྲིན་ཐག་མ་ཆད་ན་སོས་ཀར་ཆར་བ་སྤྲིན་ལས་འབབ། དགུན་ཆུ་ས་ལ་མ་སྐམ་ན་དྲོད་གཤེར་དཔྱིད་ན་ལྡང༌། དགེ་བ་ཚེ་འདིར་སྤྱད་ན་དགེ་རྟགས་ཕྱི་མར་འབྱུང༌། ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཟིན་པས། བདག་ཀྱང་བསྡད་པ་ལེགས་ལྷ་བོན་ཡང་མ་ནུབ་ན་དགའ་ཞེས་ཟེར་ནས་འགྲོ་མ་འདོད་པ་ལ་བོན་སྒོ་ཕྱེད་དང་གཉིས་བྱིན་པ་ནི་རྒྱུ་བོན་ཟང་མའོ……”{11}ཞེས་སོ། །འདིའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཅུང་ཙམ་བྱས་ན། རྒྱལ་བོ་གྲི་གུམ་བཙན་པོའི་སྐབས་སུ་རྒྱུ་ཐེག་བཞི་དར་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་མ་ཟད། འབྲས་བུའི་བོན་རྣམས་ཀྱང་དར་ནས་འཕེལ་རྒྱས་ཀྱི་རྩེ་ལ་མ་སོན་པ་ཙམ་འདུག་པས་གཤེན་པོ་རྣམས་ཀྱིས་ལོ་རྒྱུས་རྒྱལ་རབས་རིམ་བྱོན་གྱིས་སྤྲད་པའི་སྤྱི་ཚོགས་གོ་གནས་ཁྱད་པར་བ་འདི་བེད་སྤྱད་ནས་ཆབ་སྲིད་ལ་ཐེ་གཏོགས་བྱས་ཏེ། རྒྱལ་གཤེན་གཉིས་དབང་ཐང་མཉམ་པ་ཙམ་བྱུང་ཚུལ་ཡང“བློན་པོ་ལི་བཙན་བཞེར་ན་རེ། རྗེ་རྒྱལ་ལགས། བོན་པོ་མགོ་མཐོ་ན་རྗེ་ཡི་མངའ་ཐང་ཁྱེར”ཞེས་དང“རྒྱ་གར་གྱི་སྤྲང་པོ་རྒྱལ་ཁམས་སུ་འཁྱམས་པ་རཏན་སིདྷིད་བྱ་བ་ཞིག་གིས་ཀྱང་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་གདའ་སྟེ། སྲས་དཔོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་པོས་ཁྱེར་བ་མཆིའོ”{12}ཞེས་པ་སོགས་ལས་གཤེན་པོ་རྣམས་ཀྱི་ཆབ་སྲིད་གོ་གནས་ཚད་ཇི་ལྟ་བུ་ཞིག་ཏུ་ཡོད་པ་དཔག་ནུས་ལ། མཐར་ཆོས་སྲིད་བར་དབང་ཆ་འཕྲོག་རེས་བྱེད་པ་སྟེ་གཅིག་བསྣུབ་གཅིག་རྒྱལ་གྱི་ཛ་དྲག་ཆེ་བའི་རྩེར་སླེབས་པའང་ཆབ་སྲིད་འཐབ་རྩོད་ཀྱི་གཤིས་སུ་གྲུབ་བོ། །
      དེ་ལྟར་གྲུབ་མཐའ་གཞན་ནི་སྐབས་ཤིག་དར་ཡང་སྐབས་ཤིག་ནུབ་པའི་དུས་ཡོད་ཀྱང་རྒྱུ་ཐེག་བཞི་ནི་རྒྱལ་རབས་རིམ་བྱོན་གྱི་དབང་སྒྱུར་གྲལ་རིམ་གང་དང་གང་ཞིག་ཡིན་ཀྱང་ཆབ་སྲིད་ཀྱི་ཁྲི་སྟེགས་སུ་བུད་པ་ཉིད་ནས་རང་རང་གི་དགོས་མཁོ་ལ་དམིགས་ནས་དེ་བེད་སྤྱད་པ་མ་གཏོགས་རྨེག་མེད་ཏུ་བརླག་པའི་སྙད་བཟོ་བའི་ཚུལ་མ་བྱུང་ལ། ཐ་ན་དུས་རབས་བརྒྱད་པའི་ནང་བན་བོན་འཐབ་རྩོད་ཛ་དྲག་བྱས་ནས་མཐར་གཡུང་དྲུང་གི་བོན་བསྣུབས་པའི་རྗེས་སུའང་རྒྱུ་ཐེག་བཞིའི་ངོ་བོ་མ་འགྱུར་པར་རྣམ་པ་གཞན་ཏུ་བསྒྱུར་ནས་བན་ཕྱོགས་ཀྱིས་དང་ལེན་བྱས་པ་ནས་མུ་མཐུད་དུ་བེད་སྤྱོད་པ་ཀུན་གྱི་མཐོང་ཆོས་སུ་སྣང་སྟེ། དཔེར་ན་རྒྱུ་ཐེག་བཞིའི་ཁོངས་སུ་གཏོགས་པའི་ལྷ་གསོལ་བསང་གཏོང་གི་བྱེད་སྟངས་འདི་བོད་ས་གནས་སྲིད་གཞུང་གི་ཡིག་ལམ་ནང་གཏན་ལ་ཕབ་ནས་ལོ་རེར་དབྱར་གསོལ་དང་དགུན་གསོལ་ཞེས་གནས་ཆུང་དང་དགའ་གདོང་སོགས་ཆོས་སྐྱོང་ལ་སྐུ་གསོལ་ཆེན་པོ་ཐེངས་རེར་ཆག་མེད་དུ་བྱེད་སྲོལ་ཡོད་པ་དང༌། གཞན་ཡང་སྤྲེལ་ལོ་ནམ་ཤར་གྱི་བོད་ཟླ་ལྔ་བའི་ཚེས་བཅུ་ཉིན་ཏཱ་ལའི་བླ་མ་མཆོག་གཙོ་བྱས་སྲིད་བཀའ་དང་སྤྱི་ཁྱབ་མཁན་པོ་དང༌། གཞུང་ཞབས་སེར་སྐྱ་དཔོན་རིགས་ཡོངས་རྫོགས་གནས་ཆུང་དགོན་པའི་འདུ་ཁང་དུ་ཚོགས་ནས་ལྷ་གསོལ་གྱི་བྱེད་སྒོ་གཟབ་རྒྱས་ཤིག་བྱེད{13}པས་མཚོན་བྱེད་འདི་དག་གིས་ཆབ་སྲིད་ཀྱི་བྱ་འགུལ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་ཞུ་མ་དགོས་སོ། །

བཞི།  རིག་གནས་ཀྱི་ཐད་ལ་ཤན་ཞུགས་ཚུལ།

      འདིར་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་མ་ལག་ཏུ་གྱུར་བའི་བཅུ་ཕྲག་རིག་པའི་གནས་ལས་ཆེ་བ་ལྔར་གཏོགས་པའི་རྩིས་དང་གསོ་རིག་པའི་ཕྱོགས་སུ་ཤན་ཞུགས་ཚུལ(འདིར“ཤན་ཞུགས”ཞེས་པ་ལས་རྒྱུད་འཛིན་ནམ་དར་སྤེལ་ཏུ་བཏང་ཞེས་བརྗོད་ན་ཡང་དག་པར་བསམ། རྒྱུ་མཚན་ནི་རིག་པའི་གནས་ལྔ་འདི་རྒྱ་གར་དྷརྨའི་ཆོས་ལུགས་ཀྱི་ཐོན་དངོས་ཤིག་མ་ཡིན་པར་དུས་སྔོན་ནས་བོད་རང་གི་རིག་གནས་གཤའ་མ་ཞིག་ཡིན་ཚུལ་སྒྲུབ་བྱེད་འཛོམས་པོས་སྒྲུབ་ཐུབ་པའི་ཕྱིར་རོ། །)སྐོར་ཕྱོགས་ཙམ་གླེང་ན། དེ་ཡང་སྐར་རྩིས་ལ་གྲུབ་མཐའ་ཕྱི་ནང་གིས་དབྱེ་ན་མང་ཡང་བོད་ལ་དར་བའི་སྐར་རྩིས་ཀྱི་ཁུངས་འདི་ཡོངས་གྲགས་སུ་རྒྱ་གར་འཕགས་པའི་ཡུལ་དུ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ཏུ་འཁོར་ཆོས་རྒྱལ་ཟླ་བཟང་སོགས་ལ་སྟོན་པ་ཤཱཀྱ་ཐུབ་པས་དགུང་ལོ་གྱ་གཅིག་གི་སྟེང་དུས་འཁོར་རྩ་རྒྱུད་གསུངས་པ་དེ་སྤྱི་ལོ་དུས་རབས་བདུན་པའི་ནང་བཀའ་དྲིན་ཅན་གྱི་ལོ་པཎ་དག་གིས་བསྒྱུར་བ་ནས་བུ་སྟོན་རིན་ཆེན་གྲུབ་དང་དཔའ་བོ་གཙུག་ལག་ཕྲེང་བ་དང་རྗེ་ཡབ་སྲས་གསུམ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་སོགས་མཁས་དབང་མཁའ་ལ་ཉི་ཟླས་བརྒྱན་པ་ལྟ་བུ་དག་གིས་བླ་ན་མེད་པའི་མཛད་འཕྲིན་ལ་བརྟེན་ཅིང༌། དུས་མཚུངས་སུ་ནག་རྩིས་ཞེས་པའང་རྒྱ་ནག་ནས་གདན་དྲངས་ཏེ་རྩིས་ཀྱི་གཙུག་ལག་འདི་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་དབྱར་མཚོ་ལྟར་རྒྱས་པར་གྱུར་བ་ལགས་ཞེས་བཤད་མོད། འོན་ཀྱང་རྒྱུ་ཐེག་བཞིའི་དང་པོ་ཕྱྭ་གཤེན་ཐེག་པའི་ནང་གསེས“རྩིས”ཞེས་པའི་ནང་དུ་སྐར་རྩིས་དང་འབྱུང་རྩིས་གཉིས་ཀའི་བརྗོད་བྱ་མ་ལག་དང་བཅས་པའི་གཞུང་ལུགས་ཁ་ཚང་ཞིག་ལྡན་པའང་མངོན་སུམ་ཚད་མར་གྲུབ་ཡོད་པ་མ་ཟད། མཁན་ཉི་མ་བསྟན་འཛིན་དང་གཤེན་མཁས་གྲུབ། མཁན་ཆེན་ཤེས་རབ་བློ་ལྡན་སོགས་གྱིས་མཚོན་བོན་གྱི་སྐྱེ་ཆེན་དག་གིས་བརྩམས་པའི་རྩིས་གཞུང་ཡང་མང་དུ་བཞུགས་པ་འདི་དག་གིས་བན་བོན་ཕན་ཚུན་བར་ཤན་ཞུགས་དང་ཕན་ཚུན་ཁ་གསབ་བཅས་བྱས་ནས་བོད་ཀྱི་རིག་གནས་ཁག་འདི་གྲུབ་པ་ལས་ཕྱོགས་ཞེན་གྱིས་ཁྱེར་ནས་གཅིག་གསོད་གཅིག་སྨོད་བྱེད་པ་འདི་མིག་རྒྱང་ཐུང་བ་དག་གི་རང་མཚང་མངོན་པ་ལས་ཅང་མ་འདས། ཁྱད་པར་དུ་བོན་གྱི་རྩིས་གཞུང་ལ་ངེས་རྟེན་འཆའ་བ་ནི་བོད་རིག་པའི་ཤེས་རིག་གི་ཁུངས་རྣལ་མ་ཞིག་བཙལ་བའི་ལམ་མ་ནོར་བ་ཡིན་པ་གུད་དུ་རྟོགས་ཏེ། རྗེ་མི་ཕམ་མགོན་པོས་ཀྱང་རང་གི་བརྩམས་ཆོས《སྣང་གསལ་སྒྲོན་མེ》ཞེས་པ“ཇུ་ཐིག་གི་ཡིག་ཆ་པོད་ཆེ་བ་བཅུ་གཅིག་གི་གྲངས་ལག་ཏུ་སོན་པ་རྣམས་ལ་བརྟེན་ནས་དེ་དག་གི་དོན་གྱི་སྙིང་བོ་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་ཏེ་སྦྱར”ཞེས་གསལ་བོར་གསུངས་པའི“ཇུ་ཐིག”ནི་ནག་རྩིས་སམ་ཚེ་རབས་ལས་རྩིས་ཀྱི་ཁུངས་སུ་གཏོགས་པའི་བོན་གྱི་གནའ་དཔེ་ཤ་སྟག་ཡིན་པ་དང༌། དེ་བཞིན་དུ་ཇོ་བོ་མཁན་བློ་བཟང་མདོ་རྒྱུད་ཀྱིས་ཀྱང་ཞང་ཞུང་ཇི་ཐིག་གི་དཔེ་བཅུ་ཕྲག་ཙམ་ལ་ཟུར་གཟིགས་གནང་ནས་གསུང་གནང་མཛད་ཚུལ་བྲིས་ཡོད་པ་དང༌། དེ་ལ་ཨོ་སི་ཁྲུ་རི་ཡའི་བོད་རིག་པ་བ་ལེ་ནེ•ཏི•ནེ་པེ་སི་ཅི•འོད་ཅེ་ཁུ་བཱེ་ཚི་ལགས་ཀྱིས“བོན་གྱི་ཐེག་པ་རིམ་དགུ་ལས་མོ་རྩིས་གཙོ་ཡིན་པའི་ཕྱྭ་གཤེན་ཐེག་པའི་ནང་དུ་རིགས་སྣ་ཚོགས་ཀྱི་ཇུ་ཐིག་ལག་ལེན་དུ་བསྟར་བཞིན་ཡོད་པ་དང༌། རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་བླ་མ་རྣམས་ཀྱིས་ཀྱང་ཇུ་ཐིག་དེ་ལག་ལེན་བྱེད་བཞིན་ཡོད། ལྷག་པར་དུ་རྙིང་མ་པ་ནང་དུ་བཀོལ་མཁན་ཤིན་ཏུ་མང༌། ”{14}ཞེས་གསལ་བོར་གསུངས་སོ། །
      གཞན་ཡང་རྒྱའི་ལོ་རྒྱུས་ཀྱི་ཡིག་ཚང་ཆེན་པོ《ཐང་ཡིག་གསར་མ》ལས་བོད་ཀྱི་ལོ་རྒྱུས་གླེང་སྐབས་འདི་ལྟར་བྱུང་སྟེ“དེའི་དཔོན་རིགས་དག་ལ། ཡི་གེ་ནི་མེད། ཐག་པ་ལ་མདུད་པ་བོར་ཞིང་ཤིང་ལ་རྟགས་བརྒྱབ་སྟེ་དུས་འདེབས”ཅེས་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་མཐུལ་མ་རྟོགས་པའི་གཏམ་ཡིན་སྲིད་དེ། གང་ལ་ཟེར་ན། 《ཐང་ཡིག་གསར་མ》ནི་སུང་རྒྱལ་རབས་སྐབས་སུ་ཨུ་དབྱང་ཞིག་དང་སུང་ཆི་སོགས་ཀྱིས་བྲིས་པའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་ལ། སྤྱི་ལོ༡༠༦༠ལོར་བརྩམས་ནས་གྲུབ། དེར་བཀོད་པའི་བོད་ཀྱི་ལོ་རྒྱུས་རྣམས་ཐང་རྒྱལ་རབས་སྐབས་ཀྱི་བྱུང་བ་ཡིན་པའང་དེའི་དུས་ཀྱི་བོད་ནི་སྟོབས་འབྱོར་ཆེ་ཞིང་རྒྱ་ནག་དང་གཉེན་གྱི་འབྲེལ་བ་ཐོག་མར་བཙུགས་པའི་ཐོག་ཕན་ཚུན་བར་རེས་མཐུན་རེས་འཁྲུག་རེས་ཕམ་རེས་རྒྱལ་གྱི་འབྲེལ་འདྲིས་ཆེ་སྟབས། རྒྱ་བོད་ཟུང་གི་ལོ་རྒྱུས་སྟེང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་སྨོས་མ་དགོས་ཏེ། ཐང་རྒྱལ་རབས་སྔོན་གྱི་བོད་ཀྱི་ལོ་རྒྱུས་བྱུང་བ་རྣམས་བཀོད་མེད་པས་ཕྱིར་རོ། །དེས་ན་འདིའི་སྐབས་སུ་བོད་ལ་ཡི་གེ་ཡོད་པ་མ་ཟད(ཐང་གི་སྐབས་སུ་བོད་ལ་ཡི་གེ་ཡོད་པ་གཞིར་བཞག་ཡིན་པ་མ་ཟད་དེ་གོང་རོལ་ནས་ཡོད་ཚུལ་ཡང་དངོས་ཡོད་སྒྲུབ་བྱེད་ཀྱིས་ར་སྤྲོད་ཐུབ་བོ)ཚིག་འདིའི་ཐོག་ནས་བོད་ལ་ནག་རྩིས་ཀྱང་ཡོད་པ་ཤེས་ཐུབ། “ཐག་པ་ལ་མདུད་པ་བོར”ཞེས་པ་ནི་ཇུ་ཐིག་གི་བྱེད་སྟངས་ཁྱད་པར་ཅན་ཞིག་ཡིན་པ་རྒྱའི་ལོ་རྒྱུས་སྨྲ་བ་ཨུ་དབྱང་ཞིག་སོགས་ཀྱིས་མ་མཁྱེན་ནས་རང་གི་འཁྲུལ་བློ་ཙམ་གཏམ་དུ་བསྙད་པ་མ་གཏོགས་དངོས་གནས་བོད་ལ་ཡི་གེ་མེད་ནས་ཐག་པ་ལ་མདུད་པ་བོར་ནས་རྩིས་བྱེད་པའི་ཐབས་རྡུག་དེ་ལྟ་བུ་བྱེད་པ་ནི་ག་ལ་ཡིན། དེ་མིན་ན་དེབ་ཐེར་དེའི་ཚིག་གོང་འོག་འགལ་བ་བྱུང་བ་ལ་སོགས་རྒྱའི་ཕྱི་རབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དགག་པ་གནང་དགོས་དོན་མ་མཆིས། དེབ་ཐེར་དེ་ནི་ལོ་རྒྱུས་ཀྱི་རྒྱུ་ཆའི་ཐད་ནས《ཐང་ཡིག་རྙིང་མར》ཁ་གསབ་གནང་ཡོད་ནའང༌། རྗོད་བྱེད་ཀྱི་ཚིག་བསྡུས་དྲག་པ་དང་སྐབས་རེར་ལོ་ཚུགས་ནོར་ཞིང་ལོ་རྒྱུས་ཀྱི་ཁུངས་མི་གསལ་བ། དེར་དྲངས་པའི་ལུང་རྣམས་ཀྱང་རང་དགར་བཟོ་བཅོས་དང་དུམ་གཅོད་བྱས་ཡོད་པར་བཤད། དེར་བརྟེན་དཔེ་ཆ་དེ་པར་སྐྲུན་བྱས་རྗེས་རྒྱའི་མཁས་པ་ལྦུའུ་ཀྲུན་ཞེས་པས《ཐང་ཡིག་གསར་མའི་ནོར་བཅོས》ཞེས་པའི་དཔེ་ཆ་ཞིག་བརྩམས་ཏེ་དེབ་ཐེར་དེའི་ནང་གི་ནོར་འཁྲུལ་རྣམས་ཐེར་འདོན་དང་དག་བཅོས་མཛད། དེས་ན་དེར་བཀོད་པའི་བོད་ཀྱི་ལོ་རྒྱུས་འཐོར་བུ་དེ་དག་ཀྱང་རྣ་ཐོས་གོ་ཐོས་རྣམས་ཡི་གེར་བཀོད་པ་ཙམ་ལས་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆའམ་རྒྱབ་རྟེན་གྱི་དཔེ་འགའ་ཡང་མེད་པས་ཡིད་རྟོན་དཀའ་བར་སྙམ།
      ཡང་བཤད་ཚུལ་དུ་རྩིས་ཀྱི་སྐོར་ལ་སྟོན་པ་གཤེན་རབ་ཀྱིས《སྣང་སྲིད་ཀྱི་གཏོ་འབུམ་ནག་པོ》《རིན་ཆེན་ཀུན་འབུམ་ཁྲ་བོ》《གཙུག་ལག་དཔལ་འབུམ་དཀར་པོ》བཅས་གཞུང་གསུམ་དང༌། 《དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་པ》སོགས་གསུངས་ཤིང་འཁོར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་ཀོང་ཚ་འཕྲུལ་བུ་ལ་གཏད་ཅིང༌། “ཀོང་ཙེ་འཕྲུལ་རྒྱལ་གྱིས་རྒྱ་ནག་ཏུ་སྤེལ་ནས་ཕྱིས་སུ་རྒྱ་ནག་ནས་བོད་དུ་དར་བ་ཡང་ཡོད་ལ་ཁུངས་གཅིག་ཏུ་མཐོང་ངོ༌། །སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡའ་སེལ་ལས་གནམ་རུ་སྲོང་བཙན་སྔོན་དུ་ཀོང་ཙེའི་རིང་ལུགས་ཀྱི་རྩིས་ཡོད་པར་བཤད་པའང་དེ་ཡིན་ནོ། །” {15}
      དེ་བཞིན་གསོ་རིག་པའང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་དང་མཉམ་དུ་དབུ་བརྙེས་ཚུལ་དང་འབྲོང་སྙན་ལྡེའུའི་རིང་ལ་དར་བར་འདོད་པ་དང༌། ཡང་སྟག་རི་སྙན་གཟུགས་དང་སྲོང་བཙན་གྱི་རིང་ལ་དར་བར་འདོད་པ་སོགས་ཞལ་མ་འཆམས་པའི་ལྟ་བ་ཅི་རིགས་ཡོད་པ་དང༌། ཁ་ཅིག་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་ཡབ་སྲས་ཀྱི་རིང་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་བླ་སྨན་མཛད་པ་དང་དུས་མཚུངས་སུ་ལོ་ཙཱ་བ་ཆེན་མོ་བྷ་རོས་སྨན་གཞུང་ཀུན་གྱི་རྩ་ལག་ཏུ་གྱུར་བའི《རྒྱུད་བཞི》བོད་སྐད་དུ་བསྒྱུར་གནང་མཛད་པ་ནས་གངས་ཅན་གྱི་ལྗོངས་ལ་གསོ་རིག་གི་བསྟན་པ་ཐོག་མར་དར་བར་འདོད་ནའང༌། དེ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་ཚན་རིག་ལ་མཐུན་པ་ཞིག་མ་ཡིན་ཏེ། བྱ་དངོས་གང་དང་གང་ཡིན་ཀྱང་ཐོག་མར་བྱུང་བ་དང་བར་དུ་གནས་པ། མཐའ་མར་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ངེས་པར་བརྒྱུད་པ་ལས་གློ་བུར་དུ་གྲུབ་པའི་ཆོས་གཅིག་ཀྱང་མེད་པའམ་ཡང་ན་གཞུང་ག་གེ་མོ་ཞིག་གཞན་ནས་བསྒྱུར་བ་ན་དེའི་བརྗོད་བྱའང་དུས་ཐོག་ཏུ་ཁྱབ་རྡལ་དུ་འཕེལ་བ་སྟེ། རྒྱུ་གློ་བུར་བ་ནས་འབྲས་བུ་གློ་བུར་འབྱུང་བའང་མི་སྲིད་པའི་ཕྱིར་རོ། །དེས་ན《སྨན་གྱི་ཁོག་འབུགས》ལས། “བོད་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་ན་སྨན་དཔྱད་ཀྱི་གཞུང་ལུགས་ལ་བསྟེན་པའི་བརྟག་ཚུལ་དང་གསོ་ཐབས་མེད་ཅིང༌། ཟས་ཕན་གནོད་ཤེས་པ་ཙམ་དང༌། རྨ་གསར་བ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ། སྤང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་པར་གྲགས”ཞེས་གསུངས་པ་བཞིན་གསོ་རིག་པ་ནི་མིའི་རིགས་ཀྱིས་ཡུན་རིང་བའི་ལོ་རྒྱུས་ནང་མི་རབས་མང་པོར་རང་བྱུང་ཁམས་ལ་འཐབ་རྩོད་དང་རང་ནུས་འདོན་སྤེལ་གྱི་རྒྱུད་རིམ་དུ་ཉམས་མྱོང་གསོག་འཇོག་བྱས་ཏེ་ཆིག་བརྒྱུད་དུ་བྱུང་བ་སྟེ། རིམ་བཞིན་སྟོན་པ་གཤེན་རབ་ཀྱི་སྐབས་སུ་ཕྱོགས་སྡོམ་བྱས་ཏེ། ཡི་གེར་ཕབ་ནས་གཞུང་ལུགས་སུ་བཏང་བ་མ་ཟད། བོན་འཁོར་དང་པོ་ཕྱྭ་གཤེན་ཐེག་པའི་ཁོངས་སུ“དཔྱད”ཅེས་པར་གཏན་ལ་ཕབ་སྟེ་འཁོར་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་སོགས་འགྲོ་བའི་གནས་སྐབས་ཀྱི་སྡུག་བསྔལ་ལས་སྐྱོབ་ཅིང་བདེ་བར་འགོད་པའི་འཕྲིན་ལས་སུ་གསུངས་སོ། །དེ་ལ་གསོ་བྱེད་མཁན་པོ་ཁྲོ་རུ་ཚེ་རྣམ་ལགས་ཀྱིས“གཡུ་ཐོག་རྙིང་མའི་རྣམ་ཐར་ལས། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་བསྐྱོན་སྐབས་ཞང་ཞུང་གི་ལུགས་ལ་ཟུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང༌། གཡུང་དྲུང་བོན་གྱི་ལུགས་ལ་ནད་གཞི་བསྐྱེད་པ་དུག་ལུམས་སྡུག་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། བོད་ཀྱི་སྟོན་པ་གཤེན་རབ་མི་བོ་ཆེ་དང་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དུས་མཚུངས་ཡིན་པ་དང༌། སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ། དེབ《གསོ་བྱའི་ནད་འབུམ་ནག་པོ》དང༌། 《གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ》《གསོ་བྱེད་ཀྱི་སྨན་འབུམ་དཀར་པོ》《གསོ་བྱེད་ཀྱི་མདོ་དགུ》《གསོ་རིག་དཔྱད་རྒྱུད་ཟླ་ཟེར》ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་ཀྱང་མཛད་ཡོད་པ་སོགས་ལོ་རྒྱུས་ཀྱི་ཡིག་རིགས་མང་པོ་ལས་གསལ་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་མེས་པོ་མཁས་མཛངས་ལྡན་པ་རྣམས་ནས་ནད་བཅོས་ནད་འགོག་གི་བྱ་བར་འབད་བརྩོན་ཆེས་ཆེར་གནང་སྟེ་ཉམས་མྱོང་མང་པོ་བསགས་པར་བརྟེན་རིམ་གྱིས་གོང་འཕེལ་བྱུང་བ་ཞིག་རེད། དེ་ལྟར་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་ཡིག་རིགས་ལ་གསལ་བ་ནས་བཟུང་ད་བར་མི་ལོ་ཉིས་སྟོང་ཆིག་བརྒྱ་ཉི་ཤུ་རྩ་གསུམ་སོང༌།”{16}ཞེས་པ་ནི་མཁས་པའི་གསུང་དུ་མངོན་ནོ། །“དེས་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ལྔ་བརྒྱ་ལྷག་ཙམ་གྱི་གོང་ན་གཤེན་རབ་ཀྱི་སྲས་ཆེ་བ་དཔྱད་བུ་ཁྲི་ཤེས་སོགས་ཀྱིས་གསོ་རིག་གི་ཉམས་མྱོང་རྣམས་ཟིན་བྲིས་སུ་བཏབ་ཡོད་པ་དེ་ཡིན་ལ། དེ་ནི་གསོ་རིག་འབུམ་བཞི་དང༌། རྒྱུད་བཞི་སོགས་གྲུབ་བྱེད་ཀྱི་རྨང་གཞི་ཡང་ཡིན་པར་ངེས། དེ་ལྟར་གནའ་རབས་ཀྱི་གཞུང་ལུགས་ལོ་རྒྱུས་དང་ལྡན་པའི་མཛད་བྱང་ཅན་གྱི་དཔེ་རྙིང་མངོན་སུམ་མཐོང་རྒྱུ་ཡོད་པ་འདི་ཡིས། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་རོལ། རྒྱ་ནག་ཏུ་ཁྲུན་ཆིའུ(春秋)དུས་རབས། རྒྱ་གར་དུ་ཤཱཀྱ་ཐུབ་པ་བྱོན་པའི་དུས་རབས་དེར། རང་རེ་བོད་ཀྱི་ཡུལ་འདི་ལ་མི་ཡི་ལུས་ཁམས་བདེ་ཐང་ཡོང་བ་དང༌། ནད་རིགས་འགོག་བཅོས་བྱེད་ཐབས་སོགས་ཀྱི་ཤེས་རིག་གི་ཚད་གཞི་མཐོན་པོ་ཆགས་ཡོད་པ་གསལ་བ་མ་ཟད། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་གནའ་བོའི་བོད་མི་རྣམས་ལ་ནད་ཀྱིས་ཟིན་ཚེ། འཆི་བ་ཁོ་ན་སྒུག་སྟེ་སྡོད་པའི་དུད་འགྲོ་ནང་བཞིན་གྱི་གླེན་ལྐུགས་ཡིན་པར་འཛིན་པའི་ལོག་རྟོག་ཀྱང་སེལ་ཐུབ། ”{17}དེ་ལ་བཤད་རྒྱུ་ཞིག་ནི་གསོ་རིག《རྒྱུད་བཞི》ཐད་ལ་ཚང་མས་མཁྱེན་གསལ་ལྟར་གནའ་ནས་ད་ལྟའི་བར་རྩོད་གླེང་གི་རྒྱུན་ཆད་མ་མྱོང་བར་བྱུང་དང་འབྱུང་བཞིན་པ་ནི། གཅིག་ནི་སུམ་སྟོན་ཡེ་ཤེས་གཟུངས་དང་འཇམ་དབྱངས་མཁྱེན་བརྩེ་སོགས་ཀྱིས་མཚོན་པའི་མཁས་པ་དག་གིས《རྒྱུད་བཞི》རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་སྒྱུར་རྩོམ་ཞིག་ཡིན་པ་དང༌། ཕྱིས་སུ་གྲྭ་པ་མངོན་ཤེས་ཅན་ཞེས་པ་དང༌། ཡང་གཏེར་སྟོན་ཁུ་ཚ་ཟླ་འོད་བྱ་བས་གཏེར་ནས་བཏོན་ཚུལ་དང༌། གཉིས་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྟག་ཚང་ཤེས་རབ་རིན་ཆེན། སྡེ་སྲིད་སངས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་མཚོན་པའི་མཁས་པ་དག་གིས་དེ་གཡུ་ཐོག་ཡོན་ཏན་མགོན་པོ་རང་གིས་བརྩམས་གནང་མཛད་པར་འདོད་ཚུལ་སོགས་སྔོན་བྱོན་མཁས་པའི་བཞེད་ཚུལ་མི་མཐུན་པ་རྣམས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཞིབ་རྒྱས་སུ་ངོ་སྤྲོད་གནང་ཡོད{18}་པ་ལྟར་ལགས་ལ། “འོ་ན་གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་དངོས་གང་ཞེ་ན། གྲུབ་མཐའི་ལ་རྒྱ་དང༌། ཕྱོགས་རིས་ཀྱི་ཞེན་པས་མ་བཅིངས་པར་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན། གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲྭ་འཛུགས་སྐབས་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་དེ་རིམ་བཞིན་འཕེལ་རྒྱས་བྱུང་བའི་གསོ་རིག་འབུམ་བཞི་ཞེས་པའི་གཞུང་དེ་ལ། ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་བཏོད། ལེའུ་དང་ས་བཅད་རྣམས་ལ་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས། རྒྱ་དཀར་ནག་ནས་བསྒྱུར་བའི་གསོ་རིག་གིས་གསོས་བཏབ། དབུ་ལ་བོན་ལུགས་ཀྱི་མཆོད་བརྗོད་ཡོད་པ་དེ་དག་དང༌། མཇུག་གི་མཛད་བྱང་རྣམས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ། གསོ་རིག་རྒྱུད་བཞི་ཞེས་མཚན་གསོལ་ནས་སྨན་པ་རྣམས་ཀྱི་གཟིགས་སྟེགས་སུ་གནང་བར་ངེས་ཏེ། གསོ་རིག་རྒྱུད་བཞིའི་མཇུག་ཏུ་རྩོམ་པ་པོ་གང་ཡིན་དངོས་སུ་བྲིས་པ་ཞིག་མེད་པའི་ཕྱིར་དང༌། སྐབས་དེར་བོན་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གི་བཀའ་ཡིས་བརྡུང་བརྡེག་ཐེབས་བཞིན་པའི་སྐབས་དང་འཁེལ་ཡོད་པའི་ཕྱིར་རོ། །”{19}ཞེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐུ་ཞབས་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་དེའི་སྐོར་ཞིབ་འཇུག་གནང་ནས་སྡོམ་ཚིག་བཀོད་དོ། །

ལྔ།  དམག་དོན་གྱི་ཐད་ལ་ཤན་ཞུགས་ཚུལ།

      གནའ་དེང་གི་བར་དམག་དོན་གྱི་ལས་ནི་ཆབ་སྲིད་ཀྱི་དམིགས་ཡུལ་དེ་མངོན་དུ་འགྱུར་ཆེད་དྲག་པོའི་དཔུང་ཤུགས་ལ་བརྟེན་ནས་ཕ་རོལ་བོའི་སྣོད་བཅུད་དབང་དུ་བསྡུས་པ་སྟེ། མི་ཤི་རྟ་འགྱེད་དང་ཁྱོད་ཤི་ང་གསོན་བྱས་ཏེ་སྲོག་གི་ཕུང་བོ་ཁྲག་གིས་རྫི་བའི་ཆབ་སྲིད་ཀྱི་སྦྱོར་བ་མཐར་ཐུག་པ་ཡིན་ཞིང༌། བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པའི་ནང་བ་སངས་རྒྱས་པས་མཐར་ཐུག་གི་སྤང་བྱའང་ཡིན་མོད། འོན་ཀྱང་གྲལ་རིམ་སྤྱི་ཚོགས་སུ་རྒྱལ་བས་སྙིང་རྗེས་འདུལ་བྱེད་དེ་སྦྱོར་སྒྲོལ་ཟབ་མོའི་རྣམ་དཀར་པད་མོར་ཡེ་ནས་དྲི་མ་མེད་བཞིན་དུ་སྲིད་ཀྱི་འདམ་རྫབ་ཏུ་འདྲེན་པ་འཇིག་རྟེན་གྱི་གཤིས་སུ་འདུག་ཅིང༌། ལར་དོན་དམ་གྱི་སྣང་ངོར་དགྲ་གཉེན་ཕྱེ་ནས་སྤངས་བླང་གི་བྱ་ཡུལ་མེད་ནའང་ཀུན་རྫོབ་ཏུ་སེམས་ཅན་འདུལ་བར་དཀའ་བ་དང་ཁྱད་པར་སེམས་ཅན་གཞན་ལ་འཚེ་ཞིང་གནོད་པའི་ཞིང་བཅུ་ཚང་བའི་མ་རུང་གནོད་བགེགས་རིགས་རྣམས་བྱང་ཆུབ་ཀྱིས་ཀུན་ནས་ཟིན་པར་བྱས་ཏེ་བཙན་ཐབས་ཀྱིས་ཡེ་ཤེས་ཀྱི་དབྱིངས་ལ་སྒྲོལ་བ་ནི་ཐུན་མོང་མ་ཡིན་པའི་འདུལ་བྱེད་ཅིག་དང་སྟོང་ཉིད་དང་སྙིང་རྗེའི་གོ་རྟོགས་ཤིན་ཏུ་མཐོ་བའི་རིགས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་པ་སྨྲས་ཅི་དགོས་ཏེ། འདི་ནི་རང་དོན་འབའ་ཞིག་གཉེར་བ་རིང་དུ་འགལ་ཞིང་གཞན་དོན་རྐྱང་རྐྱང་དང་འབྲེལ་དགོས་པ་ནི་དེའི་དམ་ཚིག་ཏུ་མཆིས་ཏེ། གོང་ནས་བཤད་པ་ལྟར་གྱི《འཕྲུལ་གཤེན་ཐེག་པའི་མདོ》ལས། “བརྣག་པའི་ལས་ཀ་སྤྱོད་ལ་འགལ། །བསྟན་པའི་སོ་འཛུགས་དོན་ལ་འབྲེལ། །”ཞེས་དང༌། “དྲེགས་པའི་ང་རྒྱལ་སྤྱོད་ལ་འགལ། །ཞིང་ཁམས་ཞི་བདེ་དོན་ལ་འབྲེལ། །”ཞེས་སོགས་འགལ་འབྲེལ་གྱི་གནས་མང་དུ་གསུངས་ཡོད་པ་ལྟར། དམིགས་པ་ཁྱད་པར་བ་འདི་འདྲའི་དགོས་མཁོ་དང་བསྟུན་པའམ་ཚད་ལྡན་གྱི་སྐྱེས་བུ་ཡིན་མིན་མང་པོས་ཐེག་པ་འདི་དམག་དོན་ནང་བཀོལ་སྤྱོད་བྱས་ཡོད་པའང་ལོ་རྒྱུས་སྟེང་མིག་མཐོང་ལག་ཟིན་གྱི་དཔེ་ཤིན་ཏུ་མང་སྟེ། དཔེར་ན་བོན་གྱི《རམ་པ》ཞེས་པའི་ཆེས་རྙིང་བའི་གནའ་དཔེ་ཞིག་ལས་རྒྱལ་བོ་གཉའ་ཁྲི་བཙན་པོའི་སྐབས་བོད་དང“མངན་བཞིའི་དམག”(རྒྱ་གར་དང་དྲུ་གུ་དང༌། འཇང་དང་མོན་བཅས་རྒྱལ་ཁབ་བཞི་འབྲེལ་ནས་བོད་ལ་རྒོལ་བ)བར་འཁྲུག་ཆེན་ཐེངས་གཅིག་བྱས་ཚུལ་བཀོད་ཡོད་ལ། འཁྲུག་ཆེན་འདིའི་ནང་དུའང་བཙན་པོས་བོན་དེ་དག་གི་སྐོར་བསྒྲུབས་ནས་དགྲ་ལས་རྒྱལ་བར་གྱུར་བའི་ལོ་རྒྱུས་ལྟ་བུ་ནི་ལོ་རྒྱུས་དེབ་ཐེར་གང་ལས་ཀྱང་མཐོང་དཀོན་ཞིང་རྙེད་དཀའ་བའི་དཔྱད་གཞིར་གལ་ཆེན་དུ་དམིགས་ནས་འདིར་ཉུང་ཙམ་དྲངས་ན།
      “ཧེ་འཛམ་གླིང་རི་རབས་སོག་ཀ་ན། །འབྲས་བུ་ལྡན་པའི་རྒྱལ་བོ་སྟེ། །འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྡེ་བཞི་བཞུགས། །ཆུ་བོ་རྒྱུན་བཞིན་ཕྱོགས་བཞིར་བཅད། །མི་དང་མ་སངས་སྲིན་པོ་སྤྲེལ། །དེ་ལ་རིགས་བཞི་བསྟན་པ་གནས། །མི་གླིང་བཞི་ལ་མངན་བཞི་གནས། །འབངས་སུ་རྒྱལ་ཕྲན་བཅུ་གཉིས་བཞུགས། །དེ་རྣམས་ཡུལ་མཁར་འབངས་ཀྱི་སྡེ། །ཁྲེ་དང་ཕྱག་ཙེར་བཅས་པ་ལ། །ལྷ་རབ་ཐེན་དགུ་གདུང་རྒྱུད་སྡེ། །ཁྲི་ནི་སར་ལ་བདུན་ཚིགས་དང༌། །དམུ་ཟ་གེ་མི་སྲས་བུ་སྟེ། །རྒྱལ་བོ་ཉག་རི་བཙད་པོ་དེ། །མེའུ་པོ་བརྩིབས་ལ་གར་མ་བོས། །གནམ་ལས་སའི་རྗེ་རུ་གཤེགས། །རྒོང(དགུང)གི་ལྷ་རི་གྱང་དོར་གཤེགས། །ལྷ་དམག་གོ་བཟང་མཚོན་ཆ་རྣོ། །མྱེ་འཕེན་རྟ་རང་བཞུགས་ས་ལས། །བོད་ཀ་གཡག་དྲུག་གང་ངར་བྱོན། །དེ་ནས་སྐུ་སྲུང་མཚེ་དང་གཙེ། །བློན་པོ་ལྷོ་དང་རྔོགས་དེ་བཅད། །ཕྱག་ཚང་སྐྱེ་སྤུག་ལྷ་སྲས་གཉིས་བདུན། །འདེབས་པའི་སྔགས་མཁན་རྔོག་དང་བརྒྱད། །བཞི་བཞག་བོད་དང་དགུ་གཅིག་བཞུགས། །དེའི་དུས་དེ་དང་གནས་སྐབས་ན། །མངན་བཞི་དམག་སྣ་བོད་ལ་དྲངས། །བཙན་པོ་བསད་ལ་བོན་པོ་སྤུགས(སྤྱུགས)། །བོད་བྷངས་བྷངས(འབངས)སུ་བཀོལ་བར་ཆེད། །རྗེ་ལ་བཤེས(གཤེ)ཏེ་གཤེན་ལ་མོད(དམོད)། །རྒྱལ་བོ་གཤིན་ལ་གྲས་ཀྱང་བྱས། །མཚེ་གཙོ་རྔོགས་གསུམ་ཞལ་ན་རེ། །ངེད་ཅག་བོན་པོ་སྒོམ་ཡོད་ཟེར། །བཙན་པོས་སྒྲ་བླ་བོས་ཅིག(ཤིག)ཟེར། །དེར་ནི་བཙད་པོས་བསོ་ཡིས་བཏབ། །རལ་གྲི་ཀླད་ལ་ཐང(ཐེངས)གསུམ་བསྐོར། །བསོ་བསོ་སྒྲ་བླ་བསོ་བསོ་རྒྱལ་གིས་བསོ་བཏབ་དགྲ་ཐུལ་ཅིག ། དམག་དཔོན་དམག་ལ་བྱིན་ཕོབ་ཅིག ། བློན་པོ་ཆས་བཏབས་གཡུལ་སོ་བསྟམས། །དཔའ་བོ་ཡས་བཏབ་བཅའ་བ་བྱས། །དམག་མྱིས་ཀུས་བཏབ་འཐབ་གཡུལ་བགོས། །དེར་ནི་འཐབ་པའི་ལས་དོར་ན། །མངན་བཞི་དམག་ལ་བརྒལ་གླགས་མེད། །དེར་ནི་བཙད་པོས་བཀའ་ཡང་བསྩལ། །གཤེན་གྱིས་བསོ་བཏབས་བསྒོམས་ཀྱང་བསྒོམས། །ལྷ་ཆའི་སྒྲ་བྱུང་རུ་མཚོན་ཕྱར། །རྒྱལ་འབངས་ཀུན་ལ་དབང་ཡང་བསྐུལ། །……”འདི་ནས་རམ་པ་བསྒྲུབས་ནས་གྲུབ་སྟེ་ལྷ་མི་མཉམ་དུ་འབྲེལ་ནས“མངན་བཞིའི་དམག”དང་གཡུལ་བཤམས་ཚུལ་ཞིབ་རྒྱས་སུ་བཀོད་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་འདི་ཙམ་གྱིས་ཆོག་པར་ཞུ། །
      དེ་དང་མཚུངས་པར་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ། ཞང་ཞུང་ལ་དཔུང་འཇུག་བྱས་ཏེ་ཞང་ཞུང་གི་རྒྱལ་བོ་ལིག་མིན་རྐྱ་བཀྲོངས་པ་ན། དམག་འཐབ་ཀྱི་ལན་དུ་ཞང་ཞུང་གི་གྲུབ་ཐོབ་པ་སྣང་བཞེར་ལོད་པོས་རྔུབ་ཅེས་བྱ་བ་བསྒྲུབས་ཚུལ་ཡང་སྤ་བསྟན་རྒྱལ་བཟང་བོའི《བསྟན་པའི་རྣམ་བཤད》ལས། “ཞང་ཞུང་རྒྱལ་བོའི་ཁབ་ཆེན་མ་ཁྱུང་མོ་ཟ་མཚོ་རྒྱལ་གྱིས། གྱེར་སྤུང་སྣང་བཞེར་ལོད་པོ་ལ་ཞུས་པ། སྐུ་གཤེན་ལགས། བོད་ཀྱི་བཙད་པོ་ཁྲི་སྲུང་ལྡེ་བཙན་འདིས། རྗེ་ལིག་མིན་ལྟ་བུ་ནི་བསྒྲོངས། ཞང་ཞུང་ཁྲི་སྡེ་བྱ་སྤུ་གནམ་ལ་གཏོར་བ་བཞིན་བཏང༌། འདི་ལ་བོན་གྱི་བཀའ་ཆད་ཅིག་ཕབ་འཚལ་ཞུས་པས། གྱེར་སྤུངས་ན་རེ། སྤུ་ཞེས་བྱ་བ་གསེར་སྲང་ཕྱེད་ཟླ་གསུམ་བསྒྲུབས་ན། ཡར་ལུང་གི་ས་རླགས་པར་ནུས། རྔུབ་ཅེས་བྱ་བ་གསེར་ཞོ་གང་ལ་ཞག་གསུམ་བསྒྲུབས་ནས་འཕང་ན་རྒྱལ་བློན་འཁོར་བཅས་རླགས་པར་ནུས་པས། གང་བྱ་གསུངས་ནས། ཁྱུང་ཟ་མཚོ་རྒྱ་བྱང་སེམས་དང་ལྡན་པ། བོད་ཁམས་ཀྱིས་མ་ལེན་ཅིང༌། རྒྱལ་བོ་ཉིད་ཀྱིས་ལེན་ལགས་པས། དཔོན་གསལ་གྱེར་སྤུང་ཆེན་པོ་ལགས། རྔུབ་མཛད་པར་ཞུ་ཞུས་པས། ད་རོག་ཇོ་མོ་ད་རོ་རྔུབ་ཅེས་བྱ་བ་གསེར་ཞོ་གང་ལ་ཞག་གསུམ་བསྒྲུབས་ཏེ། སུམ་ནམ་ཅིག་ནམ་གུང་འཕང་བས། མཚོ་ལ་བབས་ཏེ་མཚོ་སྐམ་ཀླུ་བྲོས་པས། ད་ལྟ་ཡར་ལུང་མཚོ་སྐམ་ཀླུ་བྲོས་བྱ་བ་ཡོད་དོ། །སུམ་ནམ་ཆིག་ཐོ་རངས་འཕང་བས། མཁར་བྱི་བ་སྟག་རྩེ་ལ་ཕོག་སྟེ་མེ་འབར་བས། རྒྱལ་བློན་སྔངས་ཏེ་སྙུང་གིས་ཟིན་ཏོ། །”ཞེས་འབྱུང་བ་ནི་རང་རེ་དངོས་གཙོ་སྨྲ་བ་རྣམས་ཀྱིས་ཁས་ལེན་དུ་མེད་ནའང་བོད་ཀྱི་ལོ་རྒྱུས་སྟེང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བར་དང་འཚོ་བ་དང་འཚོ་བའི་བར། ཡུལ་སྡེ་བར་དམག་འཐབ་དང་ས་རྩོད་ཆུ་རྩོད་ཀྱི་དུས་གཟིར་གང་གི་ནང་དུའང་དྲག་པོའི་མཐུ་སྔགས་སྒྲུབ་པ་དང་སྒྲ་བླ་སྐོར་བ། ལྷ་གསོལ་བསང་མཆོད་དང་མོ་རྩིས་ལྷ་འབབ་མི་བྱེད་པ་མི་སྲིད་པ་དང༌། དེང་སང་ཡང་ཨ་མདོའི་ས་ཆར་ཡུལ་སྡེའི་བར་མདའ་རྩལ་འགྲན་སྐབས་སྔོན་དུ་རང་རང་སྡེ་བའི་ལྷ་ཁང་སོགས་སུ་བསང་མཆོད་སྒྲ་བླ་བསྐོར་བ་དང་མོ་རྩིས་ལྷ་འབབ་བྱེད་པའི་སྲོལ་འདི་དག་ཡང་གདོད་མའི་དམག་འཐབ་ཀྱི་གོམས་སྲོལ་དེའི་ཤུལ་བཞག་ཡིན་པ་གདོན་མི་ཟ་བར་སྙམ། དགྲ་ལ་དྲག་སྔགས་ཀྱིས་བཟློག་པ་འདི་ནི་བོན་ཁོ་ནས་བྱེད་སྟངས་ཤིག་ཡིན་པའང་མ་ངེས་ཏེ། 《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》{20}ལས། “སྔ་མ་ཕག་གི་ལོ་ནས་རྒྱལ་ཁབ་ཆེན་པོའི་ལྷོ་ཕྱོགས་སུ་ཡུའུ་ནན་དུ་གྲགས་པའི་ཞིང་ས་ཆེན་པོ་དང་འདབས་འབྲེལ་བའི་རྒྱལ་ཁབ་འགའ་ཞིག་དང་རྒྱ་གཉིས་མ་འཆམ་པའི་རྐྱེན་གྱིས་གོང་མ་ཆེན་པོས་དཔུང་ཆེན་འཇུག་པ་གནང་བ། མོན་དང་ཀླ་ཀློའི་ཡུལ་འགའ་ཞིག་དང་འཇང་ཡུལ་སོགས་དང་འཐབ་པའི་དུས་ཟིར་ཆེན་པོ་ལོ་ཁ་ཤས་ཀྱི་བར་དུ་བྱུང་བ་ལ། འདི་དུས་གོང་མ་ཆེན་པོས་རྗེ་བླ་མ་མཆོག་ནས་ལྷ་མོའི་གཏོར་ཆེན་གནང་དགོས་པའི་བཀའ་ཕེབས་པ་བཞིན། ཕོ་བྲང་གི་དབུས་རིའི་ཡུང་ཟི་ནས་ཞག་ཁ་ཤས་ཀྱི་རིང་འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོའི་དྲག་གཏོར་སྒྲུབ་པ་མཛད་ཅིང༌། གཏོར་ཟོར་འཕེན་དུ་ཉེ་བ་ན་བླ་མ་དམ་པས་གསེར་སྐྱེམས་དང་བཅས་དམོད་བཅོལ་བཞེས་སྒྲ་གནང་བ་ཤིན་ཏུ་ཟིལ་ཆེ་ཞིང༌། མཚན་ཉིད་བླ་མ་སོགས་འགའ་ཞིག་ལ་ས་གཞི་དམག་གིས་ཁེངས་པ་ལྟ་བུའི་མཐོང་སྣང་ཡང་བྱུང་ཞེས་ཟེར། གཏོར་མ་འཕེན་པའི་ཉིན་དམག་གི་ས་ཆར་ཕན་ཚུན་གཡུལ་བཀྱེ་བས་ཕ་རོལ་པོ་རྣམས་ཀྱིས་གླང་ཆེན་རལ་གྲིའི་འཁོར་ལོ་ཅན་མང་པོ་རྦད་བྱུང་བ་རྣམས། གློ་བུར་དུ་ཕར་ལོག་ནས་ཁོ་རང་ཚོའི་དམག་ལ་ཉམ་ཉེས་ཤིན་ཏུ་ཆེ་བ་བྱུང་བ། ཁོང་ཚོའི་མཆོད་གནས་མངོན་ཤེས་དང་ལྡན་པ་ཞིག་ཡོད་པ་ལ་དྲིས་པར། རྒྱ་ནག་གི་རྒྱལ་ཁབ་ཏུ་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྤྱན་མི་གཟུགས་པའི་ཚུལ་མཛད་པ་ཞིག་གིས་སྲུང་མ་མཐུ་སྟོབས་ཅན་རྦད་པ་འདུག་ཅེས་སྨྲས་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས་ཁོ་བོས་དངོས་སུ་ཐོས་སོ། །” {20}ཞེས་བཀོད་པ་འདིས་དགེ་ལུགས་པར་ཡང་བྱེད་སྟངས་དེ་ཡོད་པ་མཚོན། འདི་ལྟ་བུའི་ལུགས་ནི་བོད་ཙམ་དུ་མ་ཟད་རྒྱ་ནག་གི་ལོ་རྒྱུས་སུའང་མཐོང་ཐོས་ཡོད་པ་དཔེར་ན《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ནང་བཀོད་པའི་དམག་འཐབ་ཀྱི་བློ་འདོན་པ་ཀྲུའུ་ཀུ་ལིང་གིས་ལྷའི་མཐུ་ལ་བརྟེན་ནས་གཡུལ་བཟློག་ཚུལ་མང་དུ་ཡོད་པས་མཚོན་ནོ། །
      མདོར་ན་རྒྱུ་ཐེག་བཞི་ནི་བོད་ཀྱི་དམག་དོན་ནང་གོ་གནས་གལ་ཆེན་བཟུང་ཡོད་པ《དྲི་མེད་གཟི་བརྗིད》ལས་དེ་དག་གི་དགོས་པ་བརྗོད་སྐབས། “འཕེལ་ཆེན་ཡག་ག་བརྗོད་ན་དགོས། །ཤར་ཆེན་དམག་ལ་ཆས་ན་དགོས། །རྒྱུག་ཆེན་བྱང་རྡང་བཀྱགས་ན་དགོས། །ལྷག་དམག་དགྲ་ལ་བཤིབ་ན་དགོས། །རྒྱལ་བོ་རྒྱལ་ས་གནོན་ན་དགོས། །བཙུན་མོ་རྩ་དཀར་སྤེལ་ན་དགོས། །བློན་པོ་དར་སོ་འཛིན་ན་དགོས། །”ཞེས་འབྱུང་བ་འདིས་གསལ་བོར་མཚོན་ཐུབ་བོ། །

དྲུག   གྲུབ་མཐའ་ཁག་ཏུ་ཤན་ཞུགས་ཚུལ།

      བོད་དུ་ས་སྙིང་བཀའ་དགེའི་གྲུབ་མཐའ་རིམ་པར་དར་བ་ནས་རང་རང་གི་ལྟ་སྒོམ་སྤྱོད་གསུམ་མ་འདྲེས་པར་བཟུང་ནས་གཅིག་ལས་གཅིག་ལྷག་གི་ཚུལ་དུ་དར་སྤེལ་བྱུང་མོད། གདུལ་བྱའི་ཁམས་དང་བསྟུན་ཏེ་གནའ་ནས་སྤྱོད་པའི་བོན་ཀྱི་རྒྱུ་ཐེག་བཞི་འདི་ཚད་མི་འདྲ་བར་གྲུབ་མཐའ་སོ་སོས་དང་དུ་བླངས་མེད་པའང་མི་སྲིད་པ་ལྟ་བུར་སྣང་སྟེ། དཔེར་ན་གོང་དུ་སྤྲོས་པའི་སྐུར་རྟེན་འབབ་པ་དང་དམ་ཅན་དཔལ་མགོན་གྱི་རིགས་ལ་བསང་མཆོད་བྱེད་པ་རྣམས་བོན་གྱི་ལུགས་ཁོ་ན་སྤྱོད་པ་ཡིན་ཏེ། དགེ་ཆོས་ཀྱི་ཞལ་ནས“མཆོད་པ་མེ་ལ་བསྲེགས་ཏེ་འབུལ་བ་འདི་བོན་གྱི་བསང་མཆོད་ལྟ་བུ་སྟེ་ཡུལ་ཐམས་ཅད་དུ་གནའ་དུས་སུ་བྱུང་བའི་སྲོལ་ཞིག་གོ། ”ཅེས་གསུངས་པས་མཚོན་ལ། གཞན་དུ་ན་གཏའ་གཏོ་འདའ་མདོས་ཀྱི་རིགས་དང་ཆོ་གའི་སྐབས“ཏོ་མར”གཞེས་མཆོད་པ་འདི་དག་ཡང་རྒྱུ་ཐེག་བཞིའི་ཤན་ཞུགས་ཡིན་ཏེ། གནའ་དུས་སུ་རྒྱ་གར་བ་རྣམས་རང་རེ་བོད་ཀྱི་ཡུལ་གྲུ་ཀུན་ན་ཡོད་པའི་གཡག་དང་བླ་མ་རྣམས་ཀྱིས་རྩམ་པ་དང་མར་ལས་བྱས་པའི“གཏོར་མ”ཞེས་མཆོད་པ་འདི་གཉིས་མཐོང་མ་མྱོང་བས་ཆེས་ངོ་མཚར་བྱེད་ཅེས་གྲགས་པའང་བདེན་ལས་ཆེ་སྙམ། གཡག་ནི་རང་རེ་བོད་ཀྱི་ཡུལ་མདོ་དབུས་མཐོ་སྒང་ན་འཚོ་བའི་སྲོག་ཆགས་ཤིག་སྟེ་ཡུལ་གཞན་དུ་དཀོན་པ་དང༌། “གཏོར་མ”ཞེས་པ་ནི་དྲན་དབང་དགེ་ཆོས་ཀྱིས《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ཞེས་པའི་ནང་རྒྱ་གར་གྱི་ཡུལ་སྲོལ་གླེང་སྐབས། “(རྒྱ་གར་པས)གཏོར་མ་ནི་འབྲས་དང་ཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས། རང་རེ་བཞིན་རྩེ་མོ་རིང་བོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད། དེ་འདྲ་བྱེད་པ་སྔོན་གྱི་ཆོ་ག་སོགས་ན་ཡང་མེད་ཟེར་བས་བོད་རང་གི་སྲོལ་ཡིན་པར་སེམས། ……བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བས་ཞྭ་མོ་དང་གཏོར་མ། ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན། ཡང་དག་པར་ན་འདི་དག་གཡུང་དྲུང་བོན་གྱི་ཕྱག་ལེན་དུ་སེམས། ”ཞེས་གསུངས་པ་འདི་མཁས་པས་རྟོག་དཔྱོད་ཀྱི་གསུང་དུ་སྣང་ལ། དེ་ལྟར་དུ“བན་དེའི་ལུགས་ལ། དེང་སང་ཡར་བཅོས་སྐོར་ལ་སྒྲ་ལྷ། ཀླུང་རྟ། ལབ་ཙེ། ལད་པ་དགུ་བཅོས་སོགས་མང་ཞིང༌། མར་གཏོའི་སྐོར་ལ་རྒྱལ་བསེན་སྦྲགས་མདོས། ཀླུ་བཙན་ཞགས་བཀྲོལ། བརྒྱ་བཞི་སོགས་མང་བ་རྣམས་ཀྱང་ལྷ་དང་སྔགས་ཚིག་བསྒྱུར་ཐུབ་ཚད་རིགས་བསྒྲེས་སུ་བསྒྱུར། བསྒྱུར་མ་བཏུབ་པ་རྣམས་སྒྲ་སོར་བཞག་བྱས་པ་མངོན་གསལ་ཡིན་པས་ཞིབ་འཇུག་བྱས་ཆོག་སྟེ། དེ་དག་བན་དེ་རང་གི་ལུགས་ཡིན་ན་ཐུབ་པའི་ཆོས་ལ་རྒྱུ་བོན་ཡོད་པར་ཧ་ཅང་ཐལ་ལོ། །”{21}ཞེས་དང༌། གཞན་ཡང་རང་རེས་རྒྱ་གར་གྱི་ཐིག་རྩ་དང་བཟོ་དབྱིབས་ཡིན་ཞེས་བཤད་པའི་བདེར་གཤེགས་ཀྱི་མཆོད་རྟེན་བརྒྱད་ལ་སོགས་ཀྱང་བོན་རྣམས་ཀྱིས་ཁོ་ཚོའི་བཟོ་ལྟ་ཡིན་ཞེས་བཤད་པ་ཡིད་ཆེས་དཀའ་ནའང་ཕྱོགས་ཞེན་གྱི་རིས་དང་བྲལ་ནས་བརྟག་ཚེ་རྒྱུ་མཚན་ཡོད་པར་སྙམ་སྟེ། དགེ་ཆོས་ནས། “རང་རེའི་མཆོད་རྟེན་ལ་ཡང་བོན་གྱི་དམུ་མཁར་བང་རིམ་ཅན་གྱི་རྩེ་མོ་ལ་གཡག་རྭ་གཉིས་དེའི་བར་དུ་མཁར(དཀར)གོང་བཞག་པ་དེའི་སྲོལ་མང་དུ་འབྲེལ་བར་སེམས། མཆོད་རྟེན་གྱི་ཐིག་ཚད་རང་རེ་ལ་གྲགས་པ་འདི་ཡང་རྒྱ་གར་བའི་སྲོལ་ཡིན་མིན་ད་དུང་ཡང་རྒྱ་གར་ནས་མཆོད་རྟེན་ཞིག་རལ་ཏུ་སོང་མ་སོང་བ་འབུམ་ཕྲག་ལས་ལྷག་པ་མཆིས་པས་དེའི་ཁྲོད་ན་རང་རེའི་མཆོད་རྟེན་གྱི་དབྱིབས་ཅན་གཅིག་ཀྱང་མེད་པར་བལྟས་ན་ཤེས།”{22}ཞེས་མཁས་པའི་གསུང་གི་རྗེས་སུ་མ་འབྲང་བར་རང་གིས་ཚད་མས་བརྟག་ཅིང་དངོས་ཡོད་ལ་དཔྱད་པའི་གསུང་དུ་འདུག དེ་བཞིན་བོན་གྱི་ཤན་ཞུགས་གཞན་དང་གཞན་ཡང་གྲུབ་མཐའ་ཁག་ཏུ་ཡོད་ཚུལ《རོང་སྟོན་གྲུབ་མཐའ》དང《བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ》སོགས་ལས་ཞིབ་ཏུ་འབྱུང་བ་ལྟར་ལགས་པས། འདིར་མང་མང་གླེང་ན་གྲུབ་མཐའ་ཁག་བར་རྩོད་པ་འབྱུང་བའི་རྒྱུ་དང་མཐུན་སྒྲིལ་ལ་གནོད་པས་ཆོས་དད་པ་ཚོས་ཐུགས་དགོངས་ཡངས་པོར་གནང་རྒྱུ་གལ་ཆེ་ལ། དེས་ན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས་ཀྱང༌། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང༌། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་ལྟ་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས། །བོན་གྱི་བཅོས་ཀས་ཕན་པར་ཀུན་གྱིས་རེ། །”ཞེས་གསུངས་པ་འདིས་བན་བོན་གཉིས་ཕན་ཚུན་ཤན་ཞུགས་ཀྱི་རང་བཞིན་མཇུག་བསྡོམས་ལྟ་བུར་གསལ་བཤད་བྱས།
      མདོར་ན་སྤྱི་ཚོགས་ཀྱི་ཁོར་ཡུག་དང་བསྟུན་ནས་གྲུབ་མཐའ་ཐམས་ཅད་རང་རང་གི་བསྟན་པའི་གཞི་རྐང་འཛུགས་པ་དང་གདུལ་བྱ་ལ་ཐབས་མཁས་སུ་དགོངས་ནས་གཡུང་དྲུང་བོན་དང་ཁྱད་པར་དུ་དེའི་རྒྱུ་ཐེག་བཞིའི་ནང་དོན་འགྱུར་བཅོས་རང་བཞིན་གྱིས་དང་ལེན་བྱས་ཡོད་ཚུལ་མཁས་པ་དག་གི་གསུང་ལྟར་བརྗོད་པ་ཙམ་ལས། གྱི་ན་བ་བདག་ལྟ་བུས་རྒྱལ་བའི་བསྟན་པའི་ཡན་ལག་གྲུབ་མཐའ་ཁག་ལ་བརྟག་པ་ནི་ཉི་མ་མེ་འཁྱེར་ལྟར་དུ་སྣང་བས་མང་དུ་བརྗོད་པའི་སྤོབས་པ་ཡེ་ནས་མེད་པས་འདི་ཙམ་གྱིས་ཆོག་པར་བྱའོ། །

མཆན།
{1} སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན། 《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 1989.5
{2} མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》
{3}{4}{5}《མདོ་གཟེར་མིག》ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང༌། 1991.6
{6} {9}སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག  《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་བོ》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང༌།
{7} 恩格斯,普鲁士国王弗里德里希--威廉四世[M]见(马克思恩格斯全集》第一卷)
{8}དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》 མི་རིགས་དཔེ་སྐྲུན་ཁང༌། 1988.1
{9} བརྩོན་འགྲུས་རབ་རྒྱས་ཀྱིས་བསྒྲིགས། 《ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང༌། 1999.2
{10} {11} ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 མི་རིགས་དཔེ་སྐྲུན་ཁང༌། 1985.9
{13} 《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》 བོད་ལྗོངས་བོད་དཔེ་རྙིང་དཔེ་སྐྲུན་ཁང༌། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2007.10
{14}《བོད་ཀྱི་ལྷ་འདྲེའི་སྐོར་གླེང་བ》[M]〔ཨོ་སི་ཁྲུ་རི་ཡ〕ལེ་ནེ•ཏི•ནེ་པེ་སི་ཅི•འོད་ཅེ་ཁུ་བཱེ་ཚིས་བརྩམས་ཤིང་ཞེའུ་ཅུ་ཧྲིན་གྱིས་རྒྱ་ཡིག་ཏུ་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། 2001.3
{15}{21} 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2009.1
{16} ཁྲོ་རུ་ཚེ་རྣམ། 《བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་དང་ད་ལྟའི་གནས་ཚུལ》[J]《ཀྲུང་གོའི་བོད་རིག་པ》 2001.3
{17}{19}ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་གང་ཡིན་ལ་དཔྱད་པ་རགས་ཙམ་བརྗོད་པ》[J]《ཀྲུང་གོའི་བོད་རིག་པ》1992.2
{18}མཁར་རྨེའུ་བསམ་གཏན་གྱིས་བརྩམས་ཤིང་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར།

{20} ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས། 《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 1989.11
{22} ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། 1994.7

༼རྩེར་སྙེག༽༡༩༩༨ལོའི་དེབ་༤དང་༡༩༩༩ལོའི་དེབ་༤གཉིས་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག