ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> ཞང་ཞུང་རྒན་པོའི་ངག་རྩིས།
ཞང་ཞུང་རྒན་པོའི་ངག་རྩིས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

   སྔོན་ཚེ་ཞང་ཞུང་རྒྱལ་བ་མཉེས་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པའི་དུས་སུ། ཞང་རྩིས་རྒན་པོ་བེར་རྒ་ཐོགས་པ་བརྒྱ་ཡི་ནང་དུ་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད་པར་གསུངས་ཤིང་། དེ་ལས་ཀྱང་ཤེས་རབ་ཆེ་བའི་མི་བཞི་ཡིས་རྒྱ་ཞང་བོད་སོགས་ཀྱི་རྩིས་རིག་རྒྱ་མཚོའི་མཐའ་བཅད་དེ་བཀོད་པའི་དཔེ་རྙིང་ཁུངས་བཙུན་ཞིག་ལས་བྱུང་བར་གསུངས་པའི་ཞང་ཞུང་རྒན་པོའི་ངག་རྩིས་ཀྱི་ནང་དོན་ནི་འདི་ལྟར།
དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ་བགྲང་། །བྱ་གཟའ་སོ་བརྒྱད་སྨལ་ཞག་སོ་བདུན་དང་། །ནུར་ཞག་གཉིས་དང་དབྱུག་ཞག་བཅོ་ལྔ་དང་། །སོན་མཇུག་ཞག་ལྔ་ཁུ་བྱུག་སླེབ་ཞག་བཞི། །དེ་ནས་བཅུ་དྲུག་གནའ་རེའུ་སྔ་ཤོས་སྐྱེ། །དེ་ནས་བཅོ་ལྔར་ཉི་ཁྱིམ་ཟུག་ཅེས་དྲན། །དེ་ནས་བཅུ་དྲུག་དབྱར་ཉི་ལྷོ་རུ་ལྡོག །དེ་ཡི་ཕྱི་ཉིན་དབྱར་གྱི་ཆུང་གསུམ་མམ། །ལོག་ཞག་ཉེར་གཅིག་སྨལ་ཞག་བཅོ་ལྔ་དང་། །ནམ་བར་གསུམ་དང་སྲིན་མོའི་གདོང་ཆར་གསུམ། །ཕག་བདུན་ནམ་གསུམ་ཝ་ཞག་བཅོ་ལྔ་དང་། །གཞུང་ཞག་ཉེར་གཅིག་དབྱར་ཤུར་ཞག་སོ་ལྔ། །ལྷོ་སྒོའི་གནམ་སྐས་ཤྭ་ངུས་སུམ་ཅུ་བདུན། །མཆེ་ཞག་ཉེར་གཉིས་སྣ་རུའི་འོད་ཞག་བརྒྱད། །གཉན་གྱི་རུ་འཕྲག་ཞག་ནི་བཅོ་ལྔ་དང་། །དགུན་ཉི་ཁྱིམ་ཞུགས་ཞག་བདུན་དེ་རྫོགས་མཚམས། །དགུན་ཉི་ལྷོ་ནས་བྱང་ལྡོག་བྱ་གཟའ་སོགས། །གོང་ལྟར་བགྲང་བས་ལོ་གཅིག་ཉིན་ཞག་གྲངས། །སུམ་བརྒྱ་རེ་ལྔ་ཡོད་པ་དེ་གྲངས་འགྲིག །དེ་ནས་ཉི་ལྡོག་རྗེས་མའི་ཞག་དེ་ནས། །ཉི་གཟའ་སོ་ལྔ་བགྲང་ངོ་དང་པོ་ནི། །ཀྱེན་ཚེ་ཞག་བདུན་དེ་ཡི་སྔ་ཞག་བཞི། །ཁ་བ་འབབ་བམ་ལྷགས་པ་ངད་གྲང་འབྱུང་། །ཕྱི་ཞག་གསུམ་ནི་ནམ་བར་ཞེས་སུ་གྲགས། །དེ་ནས་ཀྱེ་སྨན་ཞག་བདུན་ཕྱི་ཞག་གཉིས། །ནམ་བར་ཞེས་བརྗོད་གུང་ལེན་ཞག་པོ་བདུན། །སྔ་ཞག་ལྔ་ལ་ཁ་དུས་ཕྱི་ཞག་གཉིས། །ནམ་བར་ཟེར་ཏེ་ལོག་ཞག་ཉེར་གཅིག་སོང་། །དེ་ཉིད་དབྱར་གྱི་ཆུང་གསུམ་དོད་དུ་སྦྱར། །དེ་ཡི་མིང་འདོགས་རྣམ་གྲངས་འགའ་ཞིག་གིས། །དྲུག་སུ་གོང་བར་འོག་སྡེ་རེ་རེ་ལ། །བདུན་བདུན་བགྲང་བས་ལོག་ཞག་ཉེར་གཅིག་བརྗོད། །དྲུག་སུའི་དོན་ནི་བྱ་རྒོད་གཤོག་རྩེ་དང་། །སྤྱང་མོའི་གདོང་རྩེ་འབྲོང་གི་རྭ་རྩེ་དང་། །ཁྱིམ་བྱའི་ཅོད་པན་འུག་པའི་སྤུ་རུ་དང་། །མ་ཡི་དྲུག་ལག་དང་དྲུག་བཤད་སྲོལ་སྣང་། །དེ་ནས་སུ་ལུ་ཞག་བདུན་དྲུག་ཤེལ་བདུན། །རྫོགས་ཚེ་ཉི་གཟའ་སོ་ལྔ་ཐིམ་པ་ཡིན། །ཉི་གཟའ་དེ་རྣམས་གྲང་རེས་དྲོ་རེས་བྱེད། །དེ་སྐབས་སྲོད་ལ་རྒྱུ་སྐར་ཝ་འཆར་ཡོང་། །ཝ་སྐར་ཀྲོང་ཀྲོང་སྲོད་ལ་ཤར་དུས་སུ། །རྐྱང་ཆུང་ཀྲོང་ཀྲོང་ང་ཡི་ཆུ་ཆག་ཟེར། །དེ་ནས་བྱ་གཟའ་སོ་བརྒྱད་འདྲེན་པའི་ཚུལ། །ལྷོ་གཤོག་བྱང་གཤོག་བྱ་བར་དག་དང་གསུམ། །དང་པོ་ལྷོ་གཤོག་ཞག་ནི་བཅུ་གཅིག་ལ། །དེ་ཡི་དང་པོ་དྲུག་གཤོག་ཞག་གསུམ་ཚེ། །དྲུག་གཤོག་འཐབ་ཅེས་ཁ་རླུང་འཚུབ་ཉེན་ཡོད། །དེ་ནས་གཤོག་ངོས་ཞག་བཞིར་གྲང་བའི་སྒང་། །དཔུང་ཞག་གཅིག་དང་ཁ་གདོང་ཞག་པོ་གསུམ། །ཁ་གདོང་དཀྱིལ་ན་དགུན་གྱི་སྙིང་པོ་ཞེས། །ཉི་ལྡོག་རྗེས་ནས་ཞག་པོ་ཞེ་ལྔ་སོང་། །འདི་ཉིད་དྲོ་ཡང་ཁ་བ་ཡོང་ཉེན་ཆེ། །ལྷོ་གཤོག་འདི་སྐབས་རོང་གི་ཤིང་བལ་ལམ། །གྲོ་ག་ལ་སོགས་བྱང་དུ་སླེབ་ཀྱང་སྲིད། །ལྷོ་བྱང་གཤོག་བར་ཨ་ནུ་ཀུ་ཞེས་པ། །ཞག་གཅིག་ས་གཏོར་རྡོ་གཏོར་རླུང་ཆེན་ལྡང་། །དེ་ནས་བྱང་གཤོག་ཞག་ནི་བཅུ་གཉིས་ལ། །དང་པོ་མཇིང་རིང་ཞག་གསུམ་མཇིང་ཐུང་གཅིག །མཇིང་རིང་མཇིང་ཐུང་ཉི་མ་དྲོ་ཞེས་ཟེར། །མཇིང་ཐུང་དག་ལ་ཁ་བ་བབས༷་པ་ན། །བྱ་སྐྱུགས་ཟེར་བས་ཁ་བ་ཆུང་བར་འདོད། །དེ་ནས་བྱ་མགོ་ཞག་གསུམ་ཞྭ་མོ་བཞི། །ཁྲག་འཛག་རྣག་འཛག་ཞེས་པ་ཤིན་ཏུ་གྲང་། །རྐང་ཕྲན་ཕྱི་ཕྲ་གཅིག་འདི་ཁ་དུས་ཡིན། །བྱང་གཤོག་འདི་སྐབས་བྱང་གི་སྤུ་བལ་སོགས། །རླུང་གིས་བསྐྱོད་ནས་ལྷོ་རོང་འབྱོར་ཞེས་སྨྲ། །གསུམ་པ་བྱ་བར་ཟླ་ཕྱེད་འདྲེན་ལུགས་ཀྱང་། །བྲེ་རྐང་གཡུ་རྐང་ནམ་བར་ཆུ་བོ་དང་། །བྱ་ཕྲུག་དང་ལྔ་རེ་རེར་ཞག་གསུམ་རེ། །བཅོ་ལྔ་དག་ལ་གཡུ་རྐང་ཚུགས་པ་ནས། །མངའ་རིས་ཕྱོགས་སུ་རྟ་ལ་བྱི་ཆུ་བསྲུང་། །ནམ་བར་གསུམ་ལ་ཤིན་ཏུ་གྲང་བའི་ངོ་། །བྱ་ཕྲུག་གསུམ་ལ་ཁ་བ་འབབ་དུས་ཡིན། །དེ་ཡིས་བྱ་གཟའ་སོ་བརྒྱད་རྫོགས་པ་སྟེ། །ནམ་བྱ་མ་བུ་གྲོལ་རྟགས་ད་ཀྱི་དུས། །རྟ་ཆུང་འཆར་རོ་དེ་མཚམས་སྨལ་ཞག་གི །མགོ་ཟིན་སྨལ་པོའི་སྨད་ཚིགས་ཞག་བརྒྱད་ལ། །ཕྱི་ཞག་གཉིས་ནི་ནམ་བར་ཞེས་སུ་གྲགས། །དེ་ལ་གཤེར་བྱུང་སྨལ་ནི་ངེས་པ་ཟེར། །མ་མོ་རེ་ལ་ལུ་གུ་རེ་ཡོང་བརྗོད། །འདི་སྐབས་རྨིག་པ་ས་འོག་དག་ནས་ཐོན། །རྨིག་པའི་ཁོང་སེལ་ཁ་བ་འབབ་ཅེས་ཟེར། །དེ་ནས་ཚིགས་ངན་ཞག་གཅིག་དེ་ཡི་ཚེ། །མཐོ་དམའ་མཉམ་པའི་ཞིང་ལ་སྔ་འདེབས་རན། །འདི་ཡི་སྐབས་སུ་སྨལ་པོའི་རྐེད་པ་ལ། །ལྷག་སོར་ཟངས་མའི་ཀོ་ལྷན་བརྒྱབ་པས་ན། །ཁྲག་འཛག་རྣག་འཛག་ཞེས་ཟེར་ཤིན་ཏུ་གྲང་། །དེ་ནས་སྟོད་ཚིགས་དྲུག་གི་ཕྱི་ཞག་གཉིས། །ནམ་བར་བརྗོད་ལ་སྟོད་ཚིགས་ཞག་གཉིས་མཚམས། །བྱ་ཡོང་ལྷོ་ནས་བྱང་བགྲོད་དེ་ཡི་དུས། །བྱ་ལོང་འོང་སྐྱེས་ཁ་ཆར་འབབ་ངོ་ཡོད། །སྟོད་ཚིགས་དྲུག་སྐབས་ཉ་མོའི་འགུལ་རླུང་ལྡང་། །ཉ་མཁར་རྒྱ་མཚོའི་གཏིང་ནས་འཇིག་པར་བྱེད། །སྙིང་ཞག་གཅིག་སྐབས་དཔྱིད་ཀྱི་ཉིན་མཚན་མཉམ། །འོལ་པ་དག་ཀྱང་བོད་དུ་སླེབ་པའི་དུས། །དཔྱིད་སྟོན་ཉིན་མཚན་མཉམ་པའི་ཉི་མ་དེར། །དྲོ་ཞིང་རླུང་མེད་མཆིལ་པས་སྐད་འདོན་ན། །སྔ་ཆུ་ལེགས་ཤིང་ཡུལ་ངད་ངར་བ་ཚ། །སྤྲིན་ཁུག་སྣ་རིང་ཕོ་རོག་སྐད་སྒྲོག་ཚེ། །བར་ཆུ་ལེགས་ལ་སྤྲིན་རྒྱ་བར་མེད་འཐིབས། །ཐལ་རླུང་རླངས་ཆུང་དྲེའུ་སྐད་འདོན་ན། །དེ་ཚེ་ཕྱི་ཆུ་ལེགས་པའི་མཚན་མར་བཟུང་། །འདྲེས་མ་བྱུང་ན་ལེགས་ཉེས་ཅི་ཡང་སྲིད། །གོང་ནས་སྨལ་པོའི་ལག་གཡས་ཞག་བདུན་ལ། །སྔ་ཞག་གསུམ་ནི་ཕོ་མཆིན་ཕྱི་ཞག་བཞི། །ནམ་བར་འདོད་ལ་ལག་གཡས་དེ་བདུན་སྐབས། །གཤེར་རླན་བྱུང་ཚེ་སླར་ཡང་བདུན་བདུན་མཚམས། །རླན་གཤེར་འབྱུང་ངོ་གཡུ་ལག་ཞག་བཞིའི་དུས། །གཡུ་ལག་བོད་ཀྱི་སོ་ནམ་རེམ་དགོས་ཟེར། །འདི་ཡི་ཟིན་ཉིན་བར་འདེབས་ཚུགས་པ་ཡིན། །དེ་ནས་རྐེད་སྟོང་ཞག་བཞི་དབུ་ཞག་གསུམ། །གྲང་ངར་བྱུང་ན་རལ་དཀྲུགས་ཞག་པོ་གསུམ། །དེ་ལ་ཁ་ཆར་འབེབ་ངོ་སྨལ་ཞག་རྫོགས། །སྨལ་ཞག་དེ་རྣམས་གྲང་ན་ལུག་ལ་ངན། །ཁྱོན་བསྡོམས་དགུན་ཞག་བརྒྱ་དང་བཅུ་ཐམ་རྫོགས། །དེ་ནས་ནུར་ཞག་གཉིས་མཐར་ཕྱི་འདེབས་ཚུགས། །དེ་མཚམས་ཉི་སྐར་དབྱུག་ཟིན་དབྱུག་པའི་ཞག །བཅོ་ལྔའི་བར་དུ་ཁ་བ་བབས་པ་ན། །ཕྱུག་པོའི་སྔོ་ཐུད་ཐུལ་ཞེས་དགེ་བའི་འབྲས། །དེ་སྐབས་དབྱུག་པ་ཉི་མའི་འོད་ཀྱིས་སྒྲིབ། །དབྱུག་ཞག་ཐིམ་དང་ཕྱི་འདེབས་རྫོགས་དང་མཚུངས། །དེ་ནས་སོན་མཇུག་ཞག་པོ་ལྔ་དང་བཅས། །འདེབས་ཞག་ལྔ་བཅུ་ཐེམ་མོ་འདི་ཕན་ལ། །སོ་ནམ་བྱས་ཀྱང་སྨིན་པར་དཀའ་བ་ཡིན། །དེ་ནས་ཞག་བཞིར་ཁུ་བྱུག་བོད་དུ་སླེབ། །དེ་ཉིན་ཁ་ལྷགས་ཆེ་ལ་སྤྲིན་སྣ་ཐུང་། །སྐྱ་རིགས་འཁོར་བུར་འཆའ་ལ་སྦལ་སྐད་འདོན། །དེ་ཚེ་སེར་བ་རྒོད་ལ་གནམ་སྤྲིན་མེད། །ས་ལ་སྦྲམ་འདར་འུག་སྐད་སྒྲོག་སེར་མེད། །སྤྱིར་ན་ཁུ་བྱུག་ཁྱོས་མ་ཆར་འབེབ་ངོ་། །ཡར་མར་ཁུ་བྱུག་སྟོང་གསུམ་དག་ཀྱང་བགྲང་། །དེ་སྐབས་སྲོད་ལ་ལག་སོར་འཆར་བའི་དུས། །ལུག་རིད་རིགས་ཀྱང་དྭངས་ཤིང་ཆུ་བཟང་འགྲོ། །དེ་ནས་བཅུ་དྲུག་རྫོགས་མཐར་གནའ་རེའུ་སྐྱེ། །དེ་རྗེས་བཅོ་ལྔ་ཉི་ཁྱིམ་ཟུག་ཅེས་སྨྲ། །དེ་ནས་ཞག་བཅུར་ཉི་མའི་དུག་ཆར་དང་། །ལྷག་མ་དྲུག་ནི་ཉི་མ་ལོག་ཆར་བཅས། །བཅོ་ལྔ་བཅུ་དྲུག་གང་རུང་དབྱར་ཉི་ནི། །སྲིད་གསུམ་རྒྱལ་མོའི་ཞལ་ངད་བ་དན་གྱིས། །ལྷོ་རུ་འཕེན་ཅིང་རྟ་ལྗང་ལྡོག་པར་བྱེད། །དེ་ཡི་ཕྱི་ཉིན་ལོག་ཞག་ཉེར་གཅིག་གམ། །དབྱར་གྱི་ཆུང་གསུམ་ཞེས་གྲགས་དང་པོ་ནི། །སྒྱེད་པུ་ཞག་བཞི་ནམ་བར་ཞག་པོ་གསུམ། །སྨིན་དྲུག་བཞི་དང་ནམ་གསུམ་བི་རྫི་བཞི། །ནམ་བར་་གསུམ་སྟེ་ལོག་ཞག་ཉེར་གཅིག་ཐེམ། །དེ་ཚེ་རྟ་ལ་ཆུ་དཔྱད་བྱས་ན་ལེགས། །དེ་ནས་སྨལ་ཞག་བཅོ་ལྔ་བགྲང་བའི་སྐབས། །སྨལ་ཆར་ཞག་བདུན་གསེར་སྲང་ཁྲི་རི་མ། །ཞེས་གྲགས་དེ་ཚེ་རྒྱལ་གྱི་ཆུ་དམར་རྒྱས། །རྐྱང་ཕྲུག་སྐྱེ་ཞིང་རྟ་ལ་ཆུ་བཤན་རན། །སྨལ་པོ་སྐེམ་ན་ཝ་ལ་གཤེར་ཞེས་གྲགས། །དེ་ནས་ནམ་བར་གསུམ་དང་སྲིན་མོ་ཡི། །ཞག་གསུམ་རིང་ལ་སྲིན་མོའི་གདོང་ཆར་འབེབ། །དེ་ནས་གསང་ཕག་ཞག་བདུན་དཀྱིལ་མ་ལ། །ཕག་སྙིང་ཞེས་གྲགས་མར་སོགས་བཅུད་མཆོག་འགྱུར། །ཕག་མོའི་ཉན་ཆར་མཚན་མོར་འབབ་པར་འདོད། །ཟ་ལེ་འབྲི་ཡི་འོ་མའི་དུས་ཀྱང་ཟེར། །དེ་ལ་སེར་བ་འབེབ་པའི་ཉེན་ཡང་སྲིད། །སྨལ་ཞོད་ཕག་སྐེམ་ཞིང་ལ་ལོ་ལེགས་ཤིང་། །སྨལ་ཕག་གཉིས་ཀར་བབས་ནས་རྩྭ་སྤུངས་སྐྱེ། །དུད་འགྲོ་དག་ལ་རྨིག་སྐྱོན་ཡོང་ཞེས་འཛེར། །དེ་སྐབས་གྲོག་མ་འབུ་ལ་གཤོག་པ་འཐོག །དེ་ནས་ནམ་བར་གསུམ་དང་ཝ་ཟླ་ཕྱེད། །སྔ་ཞག་ལྔ་ལ་ཝ་ཕག་འཛིང་བ་ཟེར། །ཆར་ཆེར་འབབ་ལ་ལྷག་མ་ཞག་བཅུ་ལ། །ཝ་ཆར་ཟིམ་བུར་འབབ་ཅིང་འདི་ཡི་སྐབས། །ཝ་ལྷགས་སེ་བོ་སྐྱ་ནི་ཤ་ར་ར། །གོས་མེད་རྣམས་ལ་གོས་ཤིག་དགོས་ཟེར་ཞིང་། །སྟོན་སེར་རླུང་གི་མགོ་བོ་ཚུགས་པ་ཡིན། །དེ་ནས་གཞུང་ཞག་ཉེར་གཅིག་དག་ལའང་། །དང་པོ་བོང་བུ་ཞག་པོ་དགུ་ཡི་རིང་། །རླན་ནམ་གཤེར་བྱུང་སྟོན་རྫི་མི་ཡོང་བཤད། །འདི་སྐབས་བོང་བུའི་འདྲེ་སད་འོང་ངོ་ཡོད། །དེ་ནས་ནམ་བར་ཞག་དང་ཕུག་རོན་ཞག །དགུ་ཡི་ཚེ་ལ་གཤེར་རམ་རླན་བབས་ན། །སྟོན་རྫི་ཡོང་ཞེས་སྟོན་ཀ་ཁ་བ་འབབ། །འདི་སྐོར་ཕུག་རོན་ལྡིང་སད་འབྱུང་ཞེས་བཤད། །པུ་ཤུད་ལྷོ་ནས་བྱང་ཐོན་གཞུང་ཞག་ཐེམ། །དེ་ནས་བཟུང་སྟེ་རྟ་ལ་སྟོན་རྩྭ་བསྲུང་། །དེ་རྗེས་དབྱར་ཤུལ་ཞག་པོ་བཞི་འམ་ལྔ། །སྐབས་བསྟུན་དཔྱད་ལ་དེ་སྐོར་ཉིན་མོ་འགྱུར། །མཚན་མོ་མི་འགྱུར་བ་ཡི་དུས་ཞེས་གྲགས། །དེ་མཚམས་སྟོན་གྱི་ཉིན་མཚན་མཉམ་ཞིབ་ལྟོས། །དེ་ཡི་དང་པོར་བྱ་ལོང་ལྷོ་རུ་བགྲོད། །བྱ་ལོང་སོང་ཤུལ་གཤེར་རླན་འབྱུང་དོགས་ཡོད། །ཉིན་མཚན་མཉམ་པའི་བརྟག་པ་དཔྱིད་ལྟར་དྲན། །འདི་ནས་ལྷོ་སྤྲིན་སྨུག་པོ་མཁའ་རུ་དྭངས། །ས་གཞིའི་དྲོད་ནི་གཏིང་ནས་འཆོར་ཞེས་བརྗོད། །དེ་ནས་ཤྭ་ངུ་ཞག་ནི་སོ་བདུན་ནམ། །འགའ་ཞིག་སྟོན་གྱི་ལྷོ་སྒོའི་གནམ་སྐས་བརྗོད། །དང་པོ་ཁྲ་སྐོར་ཞག་བཞི་བགྲང་བའི་སྐབས། །ཐོ་རེངས་རྒྱུ་སྐར་ཁྲ་དབོ་འཆར་བ་མངོན། །ཤྭ་ངུ་སྙིང་བོ་དག་ལ་ཞག་པོ་བརྒྱད། །དེ་ལ་ཤྭ་ཕོའི་རྭ་སད་འབྱུང་ངོ་ཟེར། །འདི་ཕན་ལོ་ཏོག་བཞག་ཀྱང་སྨིན་མི་འགྱུར། །བཙས་མ་ལ་འབད་དེ་ནས་བྱ་མ་ལ། །ཞག་ནི་བཅོ་ལྔ་དེ་ཚེ་ཁ་ཆར་བབས། །ཡར་ཀྱེན་ཁ་བའི་སྒོ་ལྕགས་ཞེས་གྲགས་པས། །དགུན་ཉི་ལྡོག་བར་ཁ་བ་མི་ཡོང་བཤད། །དེ་ནས་བྱ་ཕྲུག་དག་ལ་ཞག་བཅུ་སྟེ། །ཁ་བ་བབས་ན་སྟོན་བྱ་སྐྱུགས་པའམ། །མར་ཀྱེན་ཁ་བའི་ལྡེ་མིག་ཀྱང་ཟེར་བས། །དགུན་ཉི་ལྡོག་བར་དུས་མིན་ཁ་ཆར་འབྱུང་། །དེ་མཐར་ལྷོ་སྒོའི་གནམ་སྐས་ཤྭ་ཞག་ཐེམ། །དེ་ནས་མཆེ་ཞག་ཉེར་གཅིག་བརྩི་བ་ལ། །དང་པོ་དམུ་ཡི་མཆེ་བ་ཞག་པོ་བདུན། །དེ་ནས་བདུད་ཀྱི་མཆེ་བ་ཞག་བདུན་དང་། །བཙན་གྱི་མཆེ་བ་ཞག་བདུན་མ་མོ་ཡི། །མཆེ་ཞག་གཅིག་སྟེ་བྱ་ལས་རྔམ་ཆེན་འཛེམ། །དེ་ནས་ཞག་བརྒྱད་བར་དུ་ཐོ་རེངས་དུས། །སྐར་མ་སྣ་རུ་ཞེས་པ་བྱང་ནས་འཆར། །དེ་ཡི་འོད་ལ་ཤིན་ཏུ་བཀའ་གཉན་ཟེར། །དེ་ནས་གཉན་བར་ཞག་ནི་བཅོ་ལྔ་ལ། །གཉན་གྱི་རུ་འཕྲག་ཅེས་པ་ཤིན་ཏུ་གཉན། །དེ་ཡང་སྲོད་ལ་སྨལ་པོའི་གཞུ་གཉན་ཅིང་། །ནམ་ཕྱེད་རྟ་ཕོའི་དབལ་གཉན་ཐོ་རེངས་སུ། །ལག་སོར་རྩེ་གཉན་ཞེས་གྲགས་བཤད་སྲོལ་གཅིག །སྨལ་པོ་ལག་རིང་ལག་གིས་མདའ་གཞུ་རྡེག །ཟངས་མཆུ་དམར་པོ་ཤ་དང་ཁྲག་ལ་རྔམ། །མ་མོ་ཐང་ཆེན་ས་ལ་ཡུལ་ཞེས་ཟེར། །དེ་ཚེ་བག་མ་གཏོང་ལེན་མི་རུང་ཞིང་། །བུ་ཚ་གང་སྐྱེས་ཅུང་ཟད་ངན་པའི་ལྟས། །འགྲོགས་པའི་གྲོགས་ནི་སོ་སོར་དབྱེ་བ་ཡིན། །ཕྱི་ནང་གང་ཡང་ལ་ཆའི་དུད་པ་འཛེམ། །སྦྲ་མི་ཚེམ་ཞིང་རིམ་གྲོ་འགྱུར་ཆེ་འོ། །དེ་མཚམས་དགུན་གྱི་ཉི་མ་ཁྱིམ་དུ་ཞུགས། །དེ་ཚེ་ཁ་བ་བྱུང་ན་དགུན་གྱི་དུས། །ཁ་བ་ཆུང་ཞེས་བརྗོད་ལ་དེ་ནས་ཞག །བརྒྱད་ཀྱི་ཐོག་ནས་དགུན་ཉི་ལྡོག་པར་བྱེད། །ས་བདག་སྐྱས་སོགས་རིམ་བཞིན་བྱེད་པར་འགྱུར། །དེ་ཉིན་ཁ་བ་བབས་ན་དགུན་གྱི་རིང་། །གཟའ་མིག་དེ་ལ་ཁ་བ་འབབ་ཅེས་གླེང་། །དེ་དག་ཞང་ཞུང་རྒན་རྩིས་ཞེས་སུ་འདོད། །ཅེས་འབྱུང་བ་ལྟར་རོ། །
   རྩིས་ལུགས་འདི་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན། འདིའི་ལུགས་ལ་ལོ་གཅིག་ཧྲིལ་བོར་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད་པར་ངོས་འཛིན་བྱས་ཡོད་པ་མ་ཟད། ལྡོག་གཉིས་མཉམ་གཉིས་ཀྱང་གསལ་བོར་ངོས་འཛིན་བྱས་ཡོད། འོན་ཀྱང་ཟླ་བ་བཅུ་གཉིས་ཀྱི་ཐ་སྙད་ཡེ་མ་སྦྱར་བར་སྣ་ཚོགས་ཞག་གི་ཐ་སྙད་ལོ་གཅིག་ཁོར་མོ་ཡུག་ཏུ་རྫོགས་པར་སྦྱར་ཡོད། ཞག་པོ་དེ་རྣམས་ཀྱི་སྐབས་སོ་སོར་ཡང་ཕྱི་རང་བྱུང་ཁམས་སུ་འགྱུར་བ་སྣ་ཚོགས་འབྱུང་གི་ཡོད་པར་བརྟེན། དེ་དག་གི་མིང་ཡང་དེ་དང་མཐུན་པའི་ཆ་ནས་སྣ་ཚོགས་སུ་བཏགས་ཡོད་པ་ཀུན་ཀྱང་སྣོད་བཅུད་ཀྱི་ཁམས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ནོ། །
   ཞག་དེ་དག་འདྲེན་ལུགས་མདོར་བསྡུས་ན་འདི་ལྟར། དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ། དེ་རྗེས་བྱ་གཟའ་སོ་བརྒྱད། དེ་རྗེས་སྨལ་ཞག་སོ་བདུན། དེ་རྗེས་ནུར་ཞག་གཉིས། དེ་རྗེས་དབྱུག་ཞག་བཅོ་ལྔ། དེ་རྗེས་སོན་མཇུག་ཞག་ལྔ། དེ་རྗེས་ཁུ་བྱུག་སླེབ་ཞག་བཞི། དེ་རྗེས་གནའ་རུའི་སྐྱེ་ཞག་བཅུ་དྲུག དེ་རྗེས་ཉི་ཁྱིམ་ཟུག་ཞག་བཅོ་ལྔ། དེ་རྗེས་དབྱར་ཉི་ལྷོ་རུ་ལྡོག་ཞག་བཅུ་དྲུག དེ་རྗེས་ལོག་ཞག་ཉེར་གཅིག དེ་རྗེས་སྨལ་ཞག་བཅོ་ལྔ། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་སྲིན་མོའི་གདོང་ཆར་ཞག་གསུམ། དེ་རྗེས་གསང་ཕག་ཞག་བདུན། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་ཝ་ཞག་བཅོ་ལྔ། དེ་རྗེས་གཞུང་ཞག་ཉེར་གཅིག དེ་རྗེས་དབྱར་ཤུལ་ཞག་ལྔ། དེ་རྗེས་ཤྭ་ངུ་ཞག་སོ་བདུན། དེ་རྗེས་མཆེ་ཞག་ཉེར་གཉིས། དེ་རྗེས་སྣ་རུའི་འོད་ཞག་བརྒྱད། དེ་རྗེས་གཉན་བར་ཞག་བཅོ་ལྔ། དེ་རྗེས་དགུན་ཉི་ཁྱིམ་ཞུགས་ཞག་བདུན་བཅས་བསྡོམས་པས་ཞག་པོ་སུམ་བརྒྱ་དྲུག་ཅུ་རེ་ལྔའོ། །
    དེ་ལྟ་བུའི་ཞག་པོ་འདྲེན་ལུགས་ཀྱི་རྩིས་འདི་ནང་དུ་མིའི་འཚོ་བའི་འཕྲོད་བསྟེན་དང་། ཕྱི་རུ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། དེང་གི་ཆར་ཡང་བོད་ཀྱི་ལོ་ཐོའི་ནང་དུ་ཁག་ཅིག་མ་ཉམས་པར་འགོད་སྲོལ་ཡོད་པ་དང་། ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་དོ་སྣང་ཚད་མེད་གནང་བའི་གནས་སུ་མཆིས། འདི་ནི་ཟླ་བ་སོགས་ཀྱི་དབྱེ་བ་མེད་པར་ཞག་རྩིས་ཁོ་ནས་ལོ་གཅིག་ཆ་ཚང་བརྩི་བའི་རྩིས་ལུགས་ཤིག་ཡིན་པས་གཞན་དང་མི་འདྲ་བའི་ཞིབ་འཇུག་གི་རིན་ཐང་ལྡན་པ་ཡིན་ནོ།། །།

༼དུས་འཁོར་སྐར་རྩིས་སྐོར་གྱི་གནའ་རྩོམ་ཕྱོགས་བསྒྲིགས༽ ལས་ས་གླང་ཟླ༡༡ཚེས༥ལ་བསོད་ནམས་གཡུང་དྲུང་གིས་ཟུར་བཏོན་བྱས་ཏེ་ངེད་དྲ་ཚིགས་ལ་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག