ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> གླུད་ཅེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པ།
གླུད་ཅེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ།] [ཟླ་ཚེས། 12-02-03] [ཀློག་གྲངས། ]

   གླུད་ཅེས་པའི་ཐ་སྙད་འདི་ནི་གནའ་བོའི་དུས་ནས་བཟུང་བོད་རང་སའི་ཡུལ་ནས་ཐོན་པའི་ཐ་སྙད་རྙིང་མའི་གྲས་ཤིག་ཡིན་པ་ནི་བོན་གྱི་ཆོ་གའི་དཔེ་ཆ་རྙིང་བ[1]དང་ཏུན་ཧོང་ཡིག་རྙིང་[2]སོགས་ལས་འབྱུང་བས་ཤེས་ཐུབ་པ་དང་ད་ལྟའི་ཆར་དེ་ཡི་གོ་དོན་འཇོག་ཚུལ་གྱི་ཐད་ལ་བོད་རིག་པའི་ཚིག་མཛོད་སྣ་ཚོགས་ཀྱི་ལུགས་སུ་སྣང་བའི་རིགས་གཅིག་དང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་མཁས་པ་དག་གིས་དབྱེ་ཞིབ་དང་གསལ་འགྲེལ་མཛད་པ་བཅས་གཙོ་བོར་ལུགས་གཉིས་སུ་སྣང་ལ་འདི་དག་ཀྱང་གླུད་ཀྱི་གོ་དོན་འཇོག་ཚུལ་གྱི་ཐད་ནས་དཔྱད་ཞིབ་བྱས་པའི་དཔྱད་གཞིའི་ས་བོན་ཙམ་ཡིན་པ་ལས་གླུད་དང་འབྲེལ་བའི་རིག་གཞུང་གི་གནད་དོན་ཐག་གཅོད་པའི་ལྡེ་མིག་ནི་གཏན་ནས་མིན་པས་ཡང་བསྐྱར་ཁ་གསབ་ཀྱི་ཚུལ་དུ་ཉམས་ཞིབ་བྱེད་དགོས་པ་ནི་སྐབས་སུ་བབས་པའི་བརྗོད་བྱའང་ཡིན་ཏེ་ཐོག་མར་རང་རེའི་བོད་རིག་པའི་ཚིག་མཛོད་ལས་བྱུང་བའི་གླུད་ཀྱི་གོ་དོན་འཇོག་ཚུལ་གྱི་ལུགས་ནི་འདི་ལྟ་སྟེ།《བོད་རྒྱ་ཚིག་མཛོད་ཆེན་མོ》[3]ལས་གླུད་ནི་ལུས་ཚབ་ལ་གོ་བ་དང༌།《དག་ཡིག་གསར་བསྒྲིགས》[4]ལས་ཆོས་ལུགས་རྨོངས་དད་བྱེད་མཁན་གྱིས་ནད་པའི་ཚབ་ཏུ་གསོད་རྒྱུའི་ཕྱུགས་སམ་ནད་པའི་སྲོག་ཚབ་ཏུ་བཟོས་པའི་མི་ཕྱུགས་ཀྱི་འདྲ་གཟུགས་ཀྱི་མིང་ཡིན་པར་བཤད་པ།《དུང་དཀར་ཚིག་མཛོད》[5]ལས་གླུད་མ་ནི་སྲོག་ཚབ་ཏུ་གཏོང་བ་སྟེ་མི་གསོན་པོའི་ཚབ་ཏུ་ནོར་ཕྱུགས་སེམས་ཅན་ངོ་མ་གསོད་མ་དགོས་པར་ཟན་དང་མར་སོགས་ལས་སེམས་ཅན་དེའི་འདྲ་གཟུགས་བཅོས་ནས་སྔགས་དང་སྨོན་ལམ་བཏབ་དེ་གཏོང་སྲོལ་ཡོད་པ་དེ་འདྲ་ཞིག་ཡིན་ཞེས་གསུངས་པ།《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》[6]ལས་གླུད་ནི་ཆོས་ལུགས་ཀྱི་བྱེད་སྒོར་ནད་པ་སོགས་ཀྱི་སྲོག་བླུ་བའི་ཆེད་དུ་འགོང་བོར་ཟས་སྦྱིན་པ་དེ་ཡིན་ཞེས་བཀོད་པ། 《སོག་པོ་ཆོས་གྲགས་རྒྱ་མཚོའི་བརྡ་དག་མིང་ཚིག་གསལ་བ》[7]ལས་གླུད་འགོང་ནི་སྲོག་གླུད་ལྟ་བུ་བཅོས་ཐབས་གླུད་ཅེས་བཀོད་པ་སོགས་ནི་བོད་ཀྱི་ཚིག་མཛོད་ཅུང་ཟད་སྐད་གྲགས་ཆེ་བ་ཁ་ཤས་སུ་བཀོད་པའི་གླུད་ཀྱི་གོ་དོན་འཇོག་ཚུལ་གྱི་ལུགས་དག་ཡིན། འདི་དག་ནི་རྩ་བའི་ཆ་ནས་བལྟས་ན་གཡུང་དྲུང་བོན་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དར་ཁྱབ་ཕྱིན་པའི་དུས་རབས་ཀྱི་གླུད་མདོས་དང་གླུད་རབས་སོགས་དམངས་ཁྲོད་ཀྱི་ཆོ་གའི་དཔེ་ཆ་རྒྱུགས་ཆེ་བ་ཁ་ཤས་ཀྱི་བརྗོད་བྱའི་གནས་ཚུལ་ལ་གཞིགས་ནས་ཐོན་པའི་ལྟ་ཚུལ་ཤ་སྟག་ཡིན་ཞིང་བོད་ཀྱི་ཚིག་མཛོད་རྣམས་ལས་གནའ་བོའི་ཐ་སྙད་གཞན་གྱི་གོ་དོན་འགྲེལ་ཚུལ་དང་བསྡུར་ན་གླུད་ཀྱི་གོ་དོན་འཇོག་ཚུལ་འདི་ནི་འོས་ཤིང་མཚམས་པའི་འགྲེལ་བཤད་ཞིག་རེད་སྙམ། ཡིན་ནའང་དེ་རྣམས་ལ་དཔྱད་པར་བྱ་བ་འདི་འདྲ་ཡོད་དེ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་གླུད་ནི་ལུས་ཚབ་ལ་གོ་བ་ནི་མདོར་དེད་ན་གླུད་ལ་ཚབ་ཅེས་པའི་ཐ་སྙད་ཀྱི་ནང་དོན་ལྡན་པར་གསུངས་པ་ཧ་ཅང་གསལ་མོད་གླུད་ཡིན་ན་ལུས་གླུད་ཡིན་མི་དགོས་ལ་ཚབ་ཡིན་ན་ལུས་ཚབ་ཡིན་མི་དགོས་པ་ནི་སྲོག་གླུད་དང་སྲོག་ཚབ་ལྟ་བུ་མང་དུ་འབྱུང་བས་ཤེས་ཐུབ་ཅིང་སོག་པོ་ཆོས་གྲགས་རྒྱ་མཚོས་གླུད་འགོང་ནི་སྲོག་གླུད་ལྟ་བུ་བཅོས་ཐབས་ཀྱི་གླུད་ཅེས་གསུངས་པའང་གླུད་ཀྱི་གོ་དོན་འཇོག་ཚུལ་གྱི་ངོས་ནས་བལྟས་ན་ཡིད་ཀྱི་དྭངས་པ་འདྲེན་པའི་གོ་དོན་གྱི་ཆ་མེད་མོད་རྒྱལ་དབང་ལྔ་བའི་དུས་ནས་བཟུང་བོད་སྲིད་གཞུང་གིས་རྒྱ་ཆེར་སྤེལ་བའི་གླུད་འགོང་རྒྱལ་བོ[8]ལྟ་བུའི་ཆོ་གའི་གནས་ཚུལ་ལ་གཞིགས་ནས་དཔྱད་ན་གོ་རྒྱུ་ཡོད་པ་ཞིག་རེད། བརྡ་དག་ཀུན་མེ་མཁན་པོས་ནད་པ་སོགས་ཀྱི་སྲོག་བླུ་བའི་ཆེད་དུ་འགོང་བོར་ཟས་སྦྱིན་པ་དེ་ཡིན་ཞེས་དམ་བཅའ་བར་བྱེད་མོད་ནད་པ་སོགས་ཀྱི་སྲོག་བླུ་བ་གང་ཞིག་དེའི་ཆེད་དུ་འགོང་བོ་ཁོ་ནར་ཟས་སྦྱིན་པའི་ངེས་པའང་མེད་དེ་གླུད་བདག་ལ་མ་མོ་དང་བཙན་དང་རྒྱལ་བོ་དང་ཐེའུ་རང་། ཀླུ་དང་གདོན་སོགས་བགྲངས་ཀྱིས་མི་ལོངས་པ་ཤིན་ཏུ་མང་ལ་དེ་དག་ཆ་ཚང་འགོང་བོའི་ཁྲོད་དུ་བསྡུ་མི་ནུས་པའི་ཕྱིར་རོ། །སྲོག་བླུ་བ་ཅེས་པ་ནི་གླུད་ཀྱི་གོ་དོན་ཟུར་ཙམ་རྟོགས་པའི་ཚུལ་ཡིན་པས་དཔྱད་གཞིར་རུང་ལ་དུང་དཀར་ཚིག་མཛོད་ཀྱི་ལུགས་དེ་ཉིད་ནི་གླུད་ཀྱི་གོ་དོན་འོས་ཤིང་མཚམས་པ་ཞིག་སྟེ་དེ་ཉིད་ནི་བོན་ལུགས་ཀྱི་ཆོ་གའི་དཔེ་རྙིང་《སྲིད་པ་སྤྱི་མདོས》[9]དང་བན་ལུགས་ཀྱི་ཆོ་གའི་དཔེ་རྙིང་《མི་ཕྱུགས་གླུད་རབས》[10]ལྟ་བུའི་བརྗོད་བྱའི་འགྲོས་དང་མཐུན་ཞིང་ཡ་ཐོག་གླུད་ཀྱི་ལུགས་རྙིང་མའི་བཅོས་བསྒྱུར་གྱི་ལྟ་ཚུལ་ལ་ཁུངས་བཅོལ་ནས་བཞག་པའི་གླུད་ཀྱི་གོ་དོན་ཞིག་རེད་ལ་འདི་ལྟ་བུའི་གོ་དོན་འཇོག་ཚུལ་དག་ནི་མཁར་རྨེའུ་བསམ་གཏན་རྒྱལ་མཚན[11]གྱིས་དུས་རབས་བརྒྱད་པ་དང་དགུ་བའི་བར་དུ་ཐོན་པའི་ཆོ་ག་དང་དེ་འབྲེལ་གྱི་ལོ་རྒྱུས་ཡིག་ཆར་འབྲེལ་ནས་ཐོན་པར་བཤད་ཡོད། སྐུ་ཞབས་བསམ་གཏན་ལགས་ཀྱིས་གཙོ་སྒྲིག་བྱས་པའི་དག་ཡིག་གསར་བསྒྲིགས་ལས་ཆོས་ལུགས་རྨོངས་དད་བྱེད་མཁན་ཞེས་གླུད་གཏོང་གི་ཆོ་ག་སྤེལ་མཁན་ཆ་ཚང་རྨོངས་དད་མཁན་པོར་བགྲངས་པ་ནི་རང་གི་བློ་སྐྱོན་ཁོ་ནའི་དབང་དུ་སོང་ཡོད་ནའང་ནད་པའི་ཚབ་ཏུ་གསོད་རྒྱུའི་ཕྱུགས་སམ་ནད་པའི་སྲོག་ཚབ་ཏུ་བཟོས་པའི་མི་ཕྱུགས་ཀྱི་འདྲ་གཟུགས་ཀྱི་མིང་ཡིན་པར་བཤད་པ་ནི་གླུད་གཏོང་ཆོ་གའི་ལུགས་གསར་རྙིང་དག་གི་གོ་དོན་འཇོག་ཚུལ་དང་མཐུན་པའི་ལྟ་ཚུལ་ཞིག་ཡིན་ལ་“མི་ཕྱུགས་ཀྱི་འདྲ་གཟུགས”ཞེས་བཤད་པ་ལ་དཔྱད་པའི་གཞི་འདི་ཡོད་དེ་གླུད་ལའང་འདྲ་གཟུགས་སྣ་ཚོགས་ཞིག་བཟོ་སྲོལ་ཡོད་ནའང་ཡིན་གཅིག་མིན་གཉིས་གཏན་འཁེལ་གྱིས་མི་ཕྱུགས་ཀྱི་འདྲ་གཟུགས་བཟོ་བའི་ངེས་པ་མེད་ཅིང་ངར་གླུད་ནི་མི་ཕྱུགས་ཀྱི་འདྲ་གཟུགས་ཁོ་ནར་གོ་དགོས་པར་འདོད་དེ་བོད་རིག་པའི་མཁས་ཅན་སེ་ནེལ་གོ་རུབ་[12]ཀྱིས་ངར་གླུད་ནི་ཕན་བྱེད་ཀྱི་འདྲ་གཟུགས་ཡིན་པར་བཤད་པ་ནི་ཤིན་ཏུ་འཐད་སྙམ། དེར་བརྟེན་མི་ཕྱུགས་ཀྱི་འདྲ་གཟུགས་བཟོ་བའི་གོ་དོན་དེ་ནི་གླུད་དང་ངར་གླུད་ཅེས་པའི་ཐ་སྙད་གཉིས་ཀྱི་གང་ལ་འཇུ་མིན་གྱི་ཐད་ལ་ད་དུང་ཞིབ་དཔྱད་བྱེད་དགོས་པར་སྣང་ངོ་། །མདོར་དེད་ན་གོང་གསལ་བོད་རིག་པའི་ཚིག་མཛོད་ཀྱི་ལུགས་ལས་འབྱུང་བའི་གླུད་ཀྱི་གོ་དོན་འཇོག་ཚུལ་འདི་དག་ནི་ཚུར་བསླུ་བའམ་ཚབ་ཏུ་གཏོང་བའི་དོན་ཡིན་ལ་འདི་དག་ནི་གླུད་ཀྱི་ཕྱོགས་རེ་བའི་གོ་དོན་ལེན་ཚུལ་ཙམ་ལས་ཡོངས་ཁྱབ་ཀྱི་སྤྱི་བསྡོམས་ཞིག་ཏུ་འཇོག་པར་མི་རིགས་སོ། །
ད་ནི་རིམ་པ་གཉིས་པ་སྟེ་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་ཅན་དག་གིས་གླུད་ཀྱི་གོ་དོན་བཞག་པའི་གནས་ཚུལ་གྱི་སྐོར་ཡིན། ཏུའུ་ཆི་དང་ཧེ་སེག་[13]གིས་གླུད་ནི་འཕྲུལ་གྱི་བླུ་ཡོན་ཡིན་པར་བཤད་ཡོད་པ་དང་ལ་ལོ་[14]ཡིས་ཐུགས་གླུད་ནི་བླ་བཀུག་གི་བསླུ་ཡོན་དུ་འགྲེལ་བ། སེ་ནེལ་གོ་རུབ[15]ཀྱིས་གླུད་ནི་སྲོག་མེད་གཟུགས་བརྙན་ཞིག་ཡིན་པར་བཤད་པ། མཁར་རྨེའུ་བསམ་གཏན[16]གྱིས་གླུད་ནི་རང་རང་སོ་སོའི་ལུས་ནས་བོར་བརླག་ཏུ་སོང་བ་གང་ཞིག་ཚུར་བསླུས་པའམ་ཡང་ན་འདྲེན་བྱེད་ཀྱི་ཡུལ་དུ་མ་མངོན་པའི་ལྷ་སྲིན་གདུག་པ་ཅན་གྱི་གནོད་པ་འགོག་པར་བྱེད་པའི་དོན་ཡིན་ཞེས་བཀོད་པ། ནམ་མཁའི་ནོར་བུ[17]ཡིས་གླུད་ཅེས་པའི་ཚིག་གི་གོ་དོན་དངོས་ནི་མིའམ་དུད་འགྲོ་གང་ཡང་རུང་བ་ཞིག་གི་ཚབ་བྱས་པ་དེ་ལ་ཟེར་ཞེས་བཀོད་པ་སོགས་ནི་ཉེ་ཆར་བོད་རིག་པའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ལྟ་ཚུལ་ཁ་ཤས་ཡིན། ང་ཚོས་ལྟ་ཚུལ་འདི་དག་ལ་དབྱེ་ཞིབ་དང་དགག་པ་རྒྱག་པ་ནི་གླུད་ཀྱི་གོ་དོན་ཇེ་གསལ་དུ་གཏོང་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་གོ་དགོས་ཤིང་ཁོ་བོས་ལྟ་ཚུལ་འདི་དག་སྡོམ་ཚིག་ཅིག་ལ་མ་བཞག་པར་ཞིབ་དཔྱད་བྱེད་རྒྱུ་ཡིན་པ་གཤམ་གསལ་ལྟར།
གླུད་ནི་འཕྲུལ་གྱི་བླུ་ཡོན་དུ་འགྲེལ་བ་ནི་གོང་གསལ་བོད་རིག་པའི་ཚིག་མཛོད་ལས་ཐོན་པའི་གླུད་ཀྱི་གོ་དོན་ཁྲོད་དུ་བཤད་ཟིན་ནའང་“འཕྲུལ”ཞེས་པའི་ཐ་སྙད་ཀྱི་གོ་དོན་དེས་ཡང་སྙིང་ཅི་ཞིག་བསྟན་ཡོད་པར་དཔྱད་པ་བྱེད་དགོས། འཕྲུལ་ཞེས་པ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ཅན་གྱི་གླུད་བདག་ལྷ་འདྲེ་དག་ལ་གོ་བའམ་ཡང་ན་རྫུ་འཕྲུལ་གྱི་སྒོ་ནས་སྤེལ་བའི་བླུ་ཡོན་ལྟ་བུ་ཞིག་ལ་གོ་བར་འདོད་ཅིང་དེ་ལས་བརྒལ་ན་གླུད་ཀྱི་གོ་དོན་ལས་ཀྱང་བརྒལ་བར་ཟད་དོ། །དེ་ལྟར་ན་གླུད་ནི་ཡིན་གཅིག་མིན་གཉིས་འདྲེན་བྱེད་ཀྱི་ཡུལ་དུ་མངོན་མི་ཐུབ་པའི་རྫུ་འཕྲུལ་ཅན་གྱི་ལྷ་འདྲེ་དག་ལ་འབུལ་བ་ཡིན་དགོས་པས་དྲི་གུམ་བཙན་པོའི་སྤུར་བདག་ཀླུ་སྲིན་བྱེ་མ་ལག་རིང་ལ་མཚན་མ་བཟང་བོར་བརྩི་བའི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་གླུད་དུ་བཏང་བའི་གཏམ་རྒྱུད་[18]དེས་ང་ཚོར་ཅི་ཞིག་གསལ་བཤད་བྱས་ཡོད། དེའི་གླུད་བདག་ཀླུ་སྲིན་བྱེ་མ་ལག་རིང་ནི་ཀོང་བོའི་ཡུལ་གྱི་མངའ་སྡེ་ཞིག་གི་འགོ་དཔོན་ཡིན་པ་ཁོ་བོའི་དཔྱད་རྩོམ་[19]ཞིག་ལས་སྒྲུབ་ཡོད་ལ་ང་ཚོས་ཡང་བསྐྱར་གླུད་ནི་འཕྲུལ་གྱི་བླུ་ཡོན་ལ་གོ་བ་ཡིན་ཞེས་པའི་འཕྲུལ་ཡིག་ལ་དཔྱད་བསྡུར་ཟབ་མོ་བྱེད་དགོས་སོ། །
ལ་ལོ་ཡིས་ཐུགས་གླུད་ནི་བླ་བཀུག་གི་བསླུ་ཡོན་དུ་འགྲེལ་བའང་གོང་དུ་བཤད་ཟིན་པའི་གླུད་ཀྱི་གོ་དོན་དག་དང་མ་འདྲ་བ་མེད་ནའང་ཁོ་མོའི་ཐུགས་གླུད་ཀྱི་གོ་དོན་འདི་ནི་གླུད་ཀྱི་ཡིག་ཆ་ཁ་ཤས་ཙམ་ལ་ཞིབ་བསྡུར་བརྒྱུད་ནས་བཞག་པ་ཞིག་ལས་གླུད་ཀྱི་གོ་དོན་ཡོངས་ཁྱབ་པ་ཞིག་ལ་ངོས་འཛིན་བྱེད་མི་རིགས་ལ་ཐུགས་གླུད་ཡོད་ཚད་བླ་བོར་བའི་ཆེད་དུ་གཏོང་བ་མ་ཡིན་པར་ཐུགས་ལ་གདོན་བགེགས་ཀྱིས་གནོད་པ་བྱས་ནས་སྨྱོན་པ་ཆགས་པ་སོགས་ནད་ཚ་དྭངས་པའི་ཆེད་དུ་གླུད་འབུལ་བའི་སྲོལ་ཀྱང་ཡོད་པ་ནི་《ངར་གླུད་བརྒྱ་བ》[20]ལས་རྒྱལ་སྲས་ལྕམ་དྲལ་ནད་ཀྱི་ཟིན་ནས་སྐུ་གླུད་འབུལ་བའི་ཆོ་ག་དེ་ལས་ཤེས་པར་བྱ་དགོས་སོ། །
སེ་ནེལ་གོ་རུབ་ཀྱིས་གླུད་ནི་སྲོག་མེད་གཟུགས་བརྙན་ཞིག་ཡིན་པར་བཤད་པ་དང་ལྟ་བ་དེར་མཁར་རྨེའུ་བསམ་གཏན་རྒྱལ་མཚན་[21]གྱིས་ཐུགས་མོས་མཛད་ཡོད། ཡིན་ནའང་འདི་ནི་ཡང་དག་པའི་གླུད་ཀྱི་གོ་དོན་ཞིག་གཏན་ནས་མ་ཡིན་པ་ནི་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་ཐོན་པའི་བོན་གྱི་དཔེ་རྙིང་[22]གི་ཁྲོད་དུ་བཞུགས་པའི་“བྱོལ་པོ་སྙིང་གླུད”[23]ཅེས་པའི་ལེའུ་ལས་གཤེན་པོ་བཞིའི་གླུད་རྫས་ཀྱི་ཁྲོད་དུ་འབྲི་གཡག་ར་ལུག་སོགས་སེམས་ཅན་ཡོད་པ་དེས་ར་སྤྲོད་བྱེད་ཐུབ་ཅིང་ཉང་རལ་ཆོས་འབྱུང་[24]ལས་ཀྱང་མི་ན་བའི་གླུད་དུ་ངེས་པ་མེད་ཟེར་ནས་ར་ལུག་དང་བྱ་ཕག་དང༌། ཡས་ཐག་གཏོང་ཟེར་ནས་སྲོག་ཆགས་གསོད་ཅེས་འབྱུང་བ་དག་ལས་གླུད་ནི་སྲོག་མེད་གཟུགས་བརྙན་ཞིག་ཡིན་པར་སྒྲུབ་མི་ཐུབ་ཀྱང་གླུད་ཀྱི་གོ་དོན་འདི་ཉིད་ནི་སྟོན་པ་གཤེན་རབ་མི་བོས་ཡ་ཐོག་གླུད་ཀྱི་ཆོ་ག་བཅོས་བསྒྱུར་བཏང་བའི་ཕྱིས་ཀྱི་གླུད་རབས་ཆོ་གའི་ནང་གི་གླུད་གཟུགས་ཀྱི་གོ་དོན་དུ་འགྲེལ་ན་འོས་ཤིང་འཚམས་པ་ཞིག་རེད། དེ་ལས་གཞན་མཁར་རྨེའུ་བསམ་གཏན་གྱིས་གླུད་ཀྱི་གོ་དོན་འཇོག་ཚུལ་བཤད་པ་དེ་ནི་གནའ་བོའི་བླ་བོར་བ་དང་བླ་འགུགས་པའི་ཕྱིར་དུ་གླུད་གཏོང་བའི་སྣང་ཚུལ་ལྟ་བུ་ཞིག་ལས་གླུད་ཀྱི་གོ་དོན་ལ་སྤྱི་སྡོམ་བརྒྱབ་པ་ལྟ་བུ་ཞིག་ཡིན་ཞིང་ནམ་མཁའི་ནོར་བུ་མཆོག་གི་གླུད་ཀྱི་གོ་དོན་དེ་ནི་གོང་ནས་བཤད་པ་དག་དང་མཐུན་པས་ཡང་བསྐྱར་གླེང་བའི་དགོས་པ་མེད་དོ། །
ད་ནི་མུ་མཐུད་ནས་གླེང་དགོས་པ་ནི་བོན་གྱི་ཆོ་གའི་དཔེ་རྙིང་དང་ལོ་རྒྱུས་ཡིག་ཆ་སོགས་འབྱུང་བའི་གླུད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པའི་སྐབས་དེ་ཡིན་ཞིང་དེ་ནི་ང་ཚོས་གླུད་ཀྱི་གོ་དོན་དངོས་རྟོགས་པའི་ཐབས་ལམ་ཆེས་ལེགས་ཤོས་ཞིག་ཡིན། རྒྱུ་མཚན་ནི་གནའ་བོའི་གླུད་ཀྱི་གོ་དོན་དག་ནི་གནའ་བོའི་གླུད་ཀྱི་ཆོ་གའི་མངལ་དུ་སྦྲུམ་པའི་བརྗོད་བྱའི་གསང་བ་ཞིག་ཀྱང་ཡིན་སྲིད་དེ་《འཕྲོག་མ་ལྔ་བརྒྱའི་གླུད་སྔོན》[25]ལས་བདག་དང་རྒྱུ་འབྱོར་ཡོན་བདག་གི། དབང་བོ་དོན་སྣོད་ཚེ་སྲོག་ལ། །གནོད་པའི་བསམ་སྦྱོར་ཞི་བར་མཛོད། །སྐྱིན་དུ་འདོད་ཡོན་གཏོར་མ་འབུལ། །ཞེས་པའི་སྐྱིན་དང་《མདོས་སྤྱིའི་གཞུང་ཆུང་རྒྱུན་ཁྱེར》[26]ལས་ཚེ་སྲོག་སྐྱིན་དུ་ངར་མི་ཁྱེར་ཞེས་དང༌།《ཀླུ་བཙན་གདོན་གྲོལ་དང་ཞགས་གྲོལ་བྱེད་ཚུལ》[27]ལས་ཁྱད་པར་ཀླུ་བཙན་རྒྱལ་བོ་ལ། །དམིགས་ཡུལ་འདི་ཡི་གླུད་དུ་འབུལ། །ཚེ་དང་སྲོག་གི་སྐྱིན་དུ་འབུལ། །བུ་ལོན་ཆད་པའི་དོན་དུ་འབུལ་ཞེས་འབྱུང་བའི་གོ་དོན་དག་ལ་དཔྱད་ན་གླུད་ནི་སེམས་ཅན་ལ་གནོད་པ་བྱེད་མཁན་རྣམས་ལ་སྐྱིན་འཚབ་བམ་བུ་ལོན་འཇལ་བའི་དོན་དུ་འབུལ་བའི་གོ་དོན་ལྡན་པ་ཤེས་ཐུབ་ལ་འདི་ནི་གནའ་བོའི་དུས་སུ་གླུད་བདག་ལྷ་འདྲེ་ལ་འཛིན་པའི་རྣམ་འགྱུར་དང་དེ་ལས་ཐོན་པའི་བསམ་བློའི་འབྱུང་གཞི་ཞིག་ཡིན། ཡང་《ཤ་རུ་བཙན་མདོས》[28]ལས་འདོད་ཡོན་ལོངས་སྤྱོད་སྣ་ཚོགས་འདི། །རྒྱུ་འབྱོར་ཡོན་གྱི་བདག་པོ་འདིའི། །ཚེ་སྲོག་གླུད་དུ་ཁྱོད་ལ་འབུལ། །ཞེས་དང་《ས་མིག་བྱིན་རླབས་གླུད་བསྔོས》ལས་ས་ཡི་ལྷ་མོ་བརྟན་མ་ལ། །འབྲུ་ཟན་སྣ་དགུ་ཡོན་དུ་འབུལ[29]ཞེས་པ། 《མདོས་སྤྱིའི་གཞུང་ཆུང་རྒྱུན་ཁྱེར》[30]ལས་འཆི་བདག་ལག་ནས་མི་ཚེ་འགུགས། །རིན་དང་ཚབ་ཏུ་མདོས་འདི་ཁྱེར། །ཞེས་འབྱུང་བའི་ནང་དོན་ལ་བརྟགས་ན་གླུད་ནི་བཀྲ་མ་ཤིས་པར་ནད་བྱུང་བའམ་བླ་ཁྱེར་བ་གང་དེའི་ཚབ་བམ་རིན། ཡོན་དུ་འབུལ་བའི་གོ་དོན་ལྡན་ཡོད་ལ་ཏུན་ཧོང་ཡིག་རྙིང་ལས་དྲི་གུམ་བཙན་པོའི་སྤུར་གྱི་གླུད་དུ་མིག་བྱ་མིག་དང་མཚུངས་པའི་བུ་མོ་ཞིག་བཏང་བའི་གཏམ་རྒྱུད་དེའི་ཁྲོད་ཀྱི་གླུད་ནི་ངེས་པར་དུ་རིན་ཞེས་པའི་དོན་ལ་འཇུག་ཅིང་ཡིག་རྙིང་རང་ན་བཙན་པོའི་སྤུར་ཇི་འདོད་པས་བླུ[31]ཞེས་གླུད་ནི་‘བླུ’ཞེས་པའི་ཐ་སྙད་དང་འབྲེལ་ནས་ཐོན་ཡོད་པ་ཞིག་རེད། བོད་ཀྱི་སྐད་ཆའི་གོ་དོན་ལས་བསླུ་བའམ་བླུ་བའི་དོན་དུ་སྟེར་བ་ལ་ཡོན་དང་རིན་ཟེར་བ་ལས་ཚབ་ལ་སྟེར་རྒྱུའི་དངོས་པོར་རིན་དང་ཡོན་ཞེས་མི་འཇུག་པའི་ཕྱིར་རོ། །ཡང་སྐབས་ཁ་ཤས་སུ་གླུད་ཀྱི་ཚབ་ཏུ་རྟེན་ཞེས་པའི་ཐ་སྙད་ཅིག་གིས་ཚབ་བྱེད་བཞིན་ཡོད་པ་སྟེ་《པར་ཁ་ཟམ་ཐུག་གི་གཏོའི་བཅོས་ཐབས》[32]ལས་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་ཡིས། །གཟའ་ར་གཟའ་ལུག་རྟེན་དུ་འབུལ་ཅེས་འབྱུང་བའི་‘རྟེན’ཡིག་གི་འཇུག་ཚུལ་ལ་བརྟགས་པས་ཤེས་ཐུབ་ཅིང་སྣང་ཚུལ་འདི་ཡང་གླུད་ཀྱི་གོ་དོན་ལ་དཔྱད་པའི་ས་བོན་གཙོ་གྲས་ཤིག་རེད། གླུད་ནི་གནོད་པ་ཐེབས་པ་པོས་ནད་དང་གདོན་སོགས་སྤོར་སའི་རྟེན་གཞི་ལ་ངོས་འཛིན་ཤིན་ཏུ་ནས་བྱེད་འོས་པ་ཞིག་སྟེ《ཆུང་སྲི་མི་ལ་སྤུན་དགུའི་བཀར་བ》[33]ལས་གནོད་པ་བྱེད་པའི་ནད་དང་བདུད། །ངར་མི་མཛེས་ཆུང་འདི་ལ་སྤོར། །ཞེས་པས་གསལ་བོར་ར་སྤྲོད་ཐུབ་པ་དང་ནད་གདོན་སོགས་ལྷ་འདྲེ་ཡི་གནོད་པར་ངོས་འཛིན་པ་མཐའ་དག་རང་རང་སོ་སོའི་ལུས་སྟེང་ནས་རྟེན་གཞན་ཞིག་ལ་སྤར་བའི་གོ་དོན་ནི་《སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས་མཛད་པའི་ཀླུ་བཙན་ཞགས་གྲོལ》[34]བྱ་བར་ཀླུ་བཙན་གྱི་ཞགས་པ་མི་ལས་གྲོལ་ནས་ལུག་ལ་བརྒྱབ་པ་ལྟ་བུའི་གཏམ་རྒྱུད་ཀྱིས་གསལ་བཤད་བྱེད་ཐུབ་པས་སོ། །གཞན་ཡང་ཡ་མཚར་ཞིང་གསར་དུ་ཤེས་རྟོགས་བྱེད་ཐུབ་པ་ནི་《ཏུན་ཧོང་ཡིག་རྙིང་ལས་རྟ་འདུལ་བའི་ཐབས་ལག་ལེན་མྱོང་གྲུབ》[35]བྱ་བར་དྲོམ་ཆེ་ཆུང་གི་ལྟོ་སྦྱོར་ཁུགས་ཆེན་གྱི་ནང་བར་བུ་རམ་དཀར་པོ་སྲང་གཉིས་དང་བྱ་གག་གི་སྒོ་ང་གཉིས་ཆང་ཞིམ་པོ་སྐྱོགས་དོའི་ནང་དུ་སྦྱར་ཏེ་གླུད་དོ་ཞེས་འབྱུང་བའི་ཁྲོད་ཀྱི་གླུད་ནི་འབུལ་བའམ་སྦྱིན་པའི་གོ་དོན་ལྡན་ཡོད་ལ་འདིའི་སྐབས་ཀྱི་གླུད་ནི་བྱ་ཚིག་ལ་གོ་དགོས་པ་ལྟ་བུར་སྣང་བས་དཔྱད་ལ་འདི་ལྟ་བུའི་གླུད་ཀྱི་གོ་དོན་ནི་བོན་གྱི་ཆོ་གའི་དཔེ་རྙིང་དང་ལོ་རྒྱུས་ཡིག་ཆ་སོགས་ལས་མཐོང་དཀོན་པ་ཞིག་རེད།
གཞན་ཡང་གླུད་ཀྱི་གོ་དོན་ལ་མཉམ་གཉིས་བརྗེ་བའི་གླུད[36]ཅེས་བསླུ་བྱ་དང་བསླུ་བྱེད་གཉིས་ཕན་ཚུན་མཉམ་པའི་སྒོ་ནས་སྤེལ་བའི་ཆོ་ག་ཞིག་ལ་འདོད་ཅིང་འདི་ནི་འདྲེན་བྱེད་ཀྱི་ཡུལ་དུ་མངོན་མི་ཐུབ་པའི་ལྷ་འདྲེ་དང་མིའི་བར་གྱི་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བའི་ཚོང་ལས་ལྟ་བུ་ཞིག་ཡིན་ཞིང་གནའ་བོའི་བསམ་བློའི་ཁྱད་ཆོས་ཅུང་ཟད་ལྡན་ཡོད་ནའང་དུས་རབས་བཅུ་བཞིའི་སྐབས་སུ་ཐོན་པའི་《མདོ་དྲི་མེད་གཟི་བརྗིད》[37]ཀྱི་སྣང་གཤེན་ཐེག་པའི་མདོ་ནའང་མཉམ་གཉིས་བརྗེ་བའི་གླུད་ཀྱི་ནང་དོན་འདི་ཐོན་གྱི་ཡོད་ལ་《སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་ཆུང་སྲི་མི་ལ་སྤུན་དགུའི་བཀར་བ》[38]ནའང་འདི་ལྟར་ཐོན་གྱི་ཡོད་པ་ནི་དཔྱད་དགོས་པ་ཞིག་རེད། སྣང་ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཞིབ་འཇུག་པ་མང་བོ་ཞིག་གིས་མཉམ་གཉིས་བརྗེ་བའི་གླུད་ཀྱི་གོ་དོན་འདི་ནི་སྟོན་པ་གཤེན་རབ་མི་བོ་ཆེས་ཡ་ཐོག་ཆོ་གའི་ནང་དོན་བསྒྱུར་ནས་ཐེག་དགུའི་ཁོངས་སུ་བསྡུས་པའི་དུས་སྐབས་ཤིག་གམ་ཡང་ན་སངས་རྒྱས་ཆོས་ལུགས་དར་བའི་དུས་སྐབས་ཀྱི་ཆོ་གའི་ནང་དོན་ལས་ཐོན་པའི་གོ་དོན་ཞིག་རེད་བསམ་བཞིན་ཡོད་ནའང་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཆོ་གའི་ཡིག་རྙིང་ལས་ཀྱང་མཉམ་གཉིས་བརྗེ་རུ་གནང་བའི་གླུད་[39]ཀྱི་གོ་དོན་དེ་ཐོན་གྱི་ཡོད། དེ་ནི་ཡབ་བླ་བདལ་དྲུག་གི་བླ་འགུགས་པའི་ཕྱིར་དུ་སྤེལ་བའི་གླུད་ཀྱི་ཆོ་ག་ཞིག་ཡིན་ཞིང་ནང་དོན་དང་ཆོ་གའི་ཡས་རྫས་སོགས་གང་ལ་བརྟགས་ཀྱང་བོན་གྱི་ལུགས་རྙིང་མའི་ཆོ་ག་ཞིག་ཡིན་པ་བརྗོད་དུ་མེད་པ་ཞིག་རེད། དེའི་ནང་དུ་སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་ཀྱང་དམར་མཆོད་ཀྱི་ཆོ་ག[40]སྤེལ་བ་ནི་ཁོང་གིས་ཐེག་དགུ་གསར་གཏོད་མ་བྱས་གོང་གི་མི་ཚེའི་ནང་འཇིག་རྟེན་པའི་རྒྱུ་བོན་གྱི་སྐོར་ལ་སློབ་སྦྱོང་བྱེད་པའི་དུས་མཚམས་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད། ཡིག་རྙིང་འདིའི་སྐབས་སུ་འབྱུང་བའི་གླུད་ཀྱི་གོ་དོན་ནི་མི་དང་ལྷ་སོགས་ཀྱི་སོ་སོའི་ལུས་སྟེང་ནས་བོར་བརླག་ཏུ་སོང་བ་ནི་བདུད་དང་བཙན་སོགས་ལྷ་འདྲེའི་མཐུ་བོ་ཆེ་རྣམས་ཀྱིས་འཕྲོག་པར་ངོས་འཛིན་ཞིང་དེ་དག་གི་དགའ་ཕྱོགས་དང་མཐུན་པར་བླུ་བྱ་དང་བླུ་བྱེད་ཀྱི་གླུད་རྣམས་དོ་མཉམ་གྱི་སྒོ་ནས་སྤེལ་བའི་ལྷ་འདྲེའི་དང་མིའི་དབར་གྱི་འགལ་མཐུན་གྱི་བྱ་འགུལ་ཞིག་ཡིན་ལ་གླུད་ནི་བྱ་འགུལ་དེའི་ནང་གི་གཙོ་རྒྱུགས་ནང་དོན་དུ་ཆགས་ཡོད་པ་ཞིག་རེད།
མདོ་དོན་གླུད་ཅེས་པའི་གོ་དོན་འཇོག་ཚུལ་ལ་ཉམས་ཞིབ་བྱེད་སྐབས་ཆོ་གའི་ཡིག་རྙིང་དང་ལོ་རྒྱུས་ཡིག་ཆ་འབའ་ཞིག་ལ་བརྟེན་ནས་བཤད་རྒྱུ་མེད་པར་སྐབས་བསྟུན་གོ་ཐོབ་ཀྱི་གོ་བ་ལེན་ཚུལ་སྣ་ཚོགས་ཤིག་འདུག་ལ་འདི་དག་ཆ་ཚང་ཡང་གླུད་དང་གླུད་རབས་ཀྱི་ཆོ་ག་ཁོ་ནར་འབྲེལ་བ་ཡོད་མིན་ལ་མ་ལྟོས་པར་དཔྱད་ན་བོད་རིག་པའི་ཐ་སྙད་རྙིང་མ་དག་གིས་སྲུང་འཛིན་བྱས་ཡོད་པའི་བརྗོད་བྱའི་གསང་གཏེར་བརྔོག་པར་ཕན་པ་ཆེན་པོ་ཡོད་སྙམ་མོ། །
དཔྱད་གཞིའི་ཡིག་རིགས་དང་མཆན་འགྲེལ།
[1]《ཤ་རུ་རྒྱས་མདོས》བོན་གྱི་དཔེ་རྙིང་ལག་བྲིས་མ། དེར་“མིའུ་གླུད་ཀྱིས་བསླུའོ་ཟེར”ཞེས་པ་ལས་གླུད་ཅེས་པའི་ཐ་སྙད་འབྱུང་བ་ཧ་ཅང་སྔ་བར་ཤེས་པ་སོགས་འདི་འདྲའི་ཆོ་གའི་ཡིག་རྙིང་ཤིན་ཏུ་མང་། [2]《བོད་ཀྱི་རྩོམ་རིག་དཔེ་ཆ་དང་ཤིན་ཅང་ཡུལ་འབྲེལ་གྱི་ཡིག་ཚངས》ཐོ་མ་སིས་བརྩམས། 1993ལོར་ལུང་ཏུང་ནས་པར་བསྐྲུན་བྱས། [3]《བོད་རྒྱ་ཚིག་མཛོད་ཆེན་མོ》ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོས་426ན་གསལ།[4]《དག་ཡིག་གསར་བསྒྲིགས》བསམ་གཏན་སོགས་ཀྱིས་བསྒྲིགས 1979ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོས་ན་གསལ།[5]《དུང་དཀར་ཚིག་མཛོད》མཁས་དབང་དུང་དཀར་མཆོག་གིས་མཛད། 2002ལོར་ཀྲུང་གོ་བོད་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས583ན་གསལ།[6]《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང》བསོད་ནམས་རྒྱལ་མཚན་གྱིས་བརྩམས། 1980ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ཤོག་ངོས71ན་གསལ།[7]《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ》དགེ་བཤེས་ཆོས་གྲགས་ཀྱིས་བརྩམས། 1957ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོས་141ནས་གསལ།[8]གླུད་འགོང་རྒྱལ་བོའི་སྐོར་ནི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དུས་སུ་བོད་སྲིད་གཞུང་གིས་སྤེལ་བའི་ཆོས་ལུགས་ཀྱི་ཆོ་ག་གཟབ་རྒྱས་ཤིག་ཡིན་ཞིང་དེར་གོང་ས་ཏཱ་ལའི་བླ་མའི་སྐུ་གླུད་ཀྱི་མི་གཉིས་བསམ་ཡས་དང་འཕན་པོའི་ཕྱོགས་སུ་གཏོང་སྲོལ་ཡོད་པ་སོགས་འདིའི་སྐོར་དཔྱད་རྩོམ་གྱི་ས་བཅད་གཞན་དུ་གསལ་བས་ཞིབ་པར་འགྲེལ་བཤད་བྱེད་དགོས་མེད་དོ། །[9]《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》ར་སངས་ཁྲིན་ཁོད་ཀྱིས་མཛད། བོན་གྱི་དཔེ་རྙིང་ལག་བྲིས་མ། གཞུང་དེར་སྟོན་པ་གཤེན་རབ་མི་བོས་ཤ་སོགས་ཀྱི་ཚབ་ཏུ་འབྲུ་རིགས་དང་ཁྲག་སོགས་ཀྱི་ཚབ་ཏུ་ཆང་སོགས་ཀྱིས་འཐུས་པར་བྱས་ནས་ཡ་ཐོག་གི་ཆོ་ག་རྙིང་མའི་སྐོར་ལ་བཅོས་བསྒྱུར་གནང་བའི་གནས་ཚུལ་འཁོད་ཡོད། [10]《མི་ཕྱུགས་གླུད་རབས》སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། གཞུང་དེར་རུས་པའི་གླུད་དུ་རྡོ་དང་ཁྲག་གི་གླུད་དུ་ཆུ་གཏོང་བ་སོགས་ཀྱིས་འཐུས་པར་བྱས་ཡོད།[11][16][21]《མཁར་རྨེའུ་བསམ་གཏན་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས》(སྨད་ཆ) བདེ་ཁང་བསོད་ནམས་ཆོས་རྒྱལ་ནས་བསྒྱུར། 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར། ཤོག་ངོས183ན་གསལ།[12][15][13]《བོད་དང་སོག་པོའི་ཆོས་ལུགས》ཏུའི་ཆི་དང་ཧེ་སུ་རྒུ་གཉིས་བརྩམས། 1973ལོར་ཧྥ་རན་སིའི་རྒྱལ་ས་པ་ལེས་ནས་པར་དུ་བསྐྲུན། ཤོག་ངོས230ན་གསལ།[14]《བོད་ཚིག---བོད་དང་བོན》ལ་ལོད་ཀྱིས་བརྩམས། 1952ལོར་ཡ་གླིང་གི་དུས་དེབ་དུ་བཀོད་ཡོད། VOL, CCXLI,275-76[17]《ནམ་མཁའ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ནམ་མཁའི་ནོར་བུས་མཛད། 2009ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར། ཤོག་ངོས304ན་གསལ།[18]《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། 1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་དཔར། ཤོག་ངོས27ན་གསལ། དེར་དྲི་གུམ་བཙན་པོའི་སྤུར་གྱི་གླུད་དུ་མིག་བྱ་ཡི་མིག་ལྟར་འོག་ནས་ཡར་འགེབས་པ་ཞིག་བཏང་ཡོད་ཅིང་གནས་ཚུལ་དེས་གནའ་བོའི་དུས་སུ་མི་ཡང་གླུད་དུ་གཏོང་བའི་སྲོལ་ཡོད་པ་རྟོགས་ནུས་ཤིང་བུ་མོ་དེའི་མཚན་མ་རྣམས་ནི་སྐབས་དེར་ཡ་མཚར་བའི་བཀྲ་ཤིས་པ་ཞིག་ཏུ་བརྩི་སྲོལ་ཡོད་པ་ནི་བོན་གྱི《བྱམས་མ》ལས་བཙུན་མོ་ལ་བྱིན་གྱིས་བརླབས་པས་བཀྲ་ཤིས་སྣ་མ་ལ་བུ་གཅིག་བྱུང༌། རྣ་བ་གཡུང་དྲུང༌། མིག་ཡས་མར་འགེབས་པ། སོར་མོ་དྲྭ་བ་ལྟར་འབྲེལ་བ་ཅིག་བྱུང་ཞེས་བཀོད་པ་ལས་གསལ་བོར་རྟོགས་ནུས་ཤིང་ཕྱིས་སུ་ལུགས་དེའི་རྗེས་སུ་ཞུགས་པའི་མཁས་དབང་མང་བར་སྣང་ངོ་། །[19]ཁོ་བོའི་ལོ་རྒྱུས་ཀྱི་དཔྱད་རྩོམ་《ཡུལ་གངས་ཅན་བོད་ཀྱི་ལོ་རྒྱུས་ལས་འཁྱོག་པོར་བྲིས་པའི་ལྟ་ཚུལ་ཁ་ཤས་དྲང་བོའི་གཏམ་ལ་གསར་དུ་བརྗེ་བའི་ལེགས་བཤད་གཟི་ཡི་ཐང་མ་ཞེས་བྱ་བ》རུ་གསལ།[20]《ངར་གླུད་བརྒྱ་བ》རུ་གསལ། མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས《ཁུ་བྱུག་སྔོན་མོའི་གསུང་སྙན》ཁྲོད་བསྡུས་ཡོད། 2002ལོར་ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར།[22]《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་སྒྲིག》པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་ནས་བསྒྲིགས། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས15-17
ན་གསལ། [23]བྱོལ་པོ་སྙིང་གླུད་ཅེས་པ་ནི་ཡིག་རྙིང་འདིའི་བརྗོད་བྱའི་གོ་བབ་ལྟར་དཔྱད་ན་ཡབ་བླ་བདལ་དྲུག་གི་བླ་བདུད་བཙན་སོགས་ཀྱི་ཉེན་ཁ་ལས་བྱོལ་བའི་ཆེད་དུ་སེམས་ཅན་འབྲི་དང་ལུག་སོགས་ཀྱི་སྙིང་གསོན་པོ་དང་མི་སྙིང་གཉིས་ཕན་ཚུན་བརྗེ་རེས་བྱེད་པའི་སྲིད་པའི་གླུད་གཏོང་གི་ཆོ་གའི་བྱ་འགུལ་ཞིག་གི་དོན་ཡིན།[24]《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད》ཉང་ཉི་མ་འོད་ཟེར་གྱིས་བརྩམས། 1988ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན༌། ཤོག་ངོས161ན་གསལ།[25]《འཕྲོག་མ་ལྔ་བརྒྱའི་གླུད་སྔོན་དབུ་ཡི་གཟིགས་ཕྱོགས་བཞུགས་སོ》ཤཱཀྱའི་དགེ་སློང་མཁས་བཙུན་རྒྱ་མཚོས་གསུངས། དམངས་ཁྲོད་ལག་བྲིས་མ།[26][29]《མདོས་སྤྱིའི་གཞུང་ཆུང་རྒྱུན་འཁྱེར་གསལ་བའི་མེ་ལོང་བཞུགས་སོ》བྲག་དཀར་སྔགས་རམས་པས་སྦྱར། དམངས་ཁྲོད་ལག་བྲིས་མ།[27]《ཀླུ་བཙན་གདོན་འདྲེ་དང་ཞགས་གྲོལ་བྱེད་ཚུལ་མདོས་མགྲོན་དགྱེས་བསྐྱེད་བཞུགས་སོ》དམངས་ཁྲོད་ལག་བྲིས་མ།[28]《ཤ་རུ་བཙན་མདོས་འདོན་འགྲིགས་བཅོས་ཚོགས་བཞུགས་སོ》དམངས་ཁྲོད་ལག་བྲིས་མ།[29]《ས་མིག་བྱིན་རླབས་གླུད་བསྔོས་སོགས་བཞུགས་པ་དགེ་ལེགས་འཕེལ》དམངས་ཁྲོད་ལག་བྲིས་མ།
[31]《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། 1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་དཔར། ཤོག་ངོས27ན་གསལ།[32]《པར་ཁ་ཟམ་ཐུག་གི་གཏོའི་བཅོས་ཐབས》ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་མཛད། དམངས་ཁྲོད་ལག་བྲིས་མ།[33]《སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆུང་སྲི་མི་ལ་སྤུན་དགུའི་བཀར་བ་བཞུགས་སོ》སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། དམངས་ཁྲོད་ལག་བྲིས་མ།[34]《སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས་མཛད་པའི་ཀླུ་བཙན་ཞགས་གྲོལ་བཞུགས་སོ》དམངས་ཁྲོད་ལག་བྲིས་མར། ཀྱེ་ལྷ་འདྲེ་མ་ལུས་ཚུར་གསོན་དང་། །ཀླུ་བཙན་ཞགས་པ་ལུག་ལ་བརྒྱབ། །མི་ལས་བཀྲོལ་ནས་ལུག་ལ་བརྒྱབ། །ལུག་གི་ཕོ་མོ་སྨོས་པ། །གནམ་ལུག་རྒྱུད་དཀར་ལ། །མ་ནི་ས་ལུག་གྲོ་མོ་ཆེ། །དེ་གཉིས་སྲིད་ཅིང་སྤྲུལ་བ་ལས། །བུ་ནི་དུང་གི་སྒོང་གཅིག་སྲིད། །ལོ་གཅིག་ལོན་པ་དང་། །དེ་ལས་སྲིད་པའི་ལུག་ཅེས་སྲིད། །ཅེས་པའི་གཏམ་རྒྱུད་དེར་ཁུངས་བཅོལ་ཡོད།[35]《敦煌吐蕃文书论文集》王尧 陈践编著 1988年四川民族出版社出版 p326 དཔེ་ཆ་འདིའི་ཁྲོད་ཀྱི《རྟ་འདུལ་བའི་ཐབས་ལག་ལེན་མྱོང་གྲུབ》ཅེས་པའི་དཔྱད་ཡིག་དེར་གསལ།[36][39]མཉམ་གཉིས་བརྗེ་བའི་གླུད་ནི་ཁ་ཅིག་གིས་བོན་གྱི་སྣང་གཤེན་ཐེག་པ་ལས་ཐོག་མར་ཐོན་པར་བཤད་ནའང་སྟོན་པ་གཤེན་རབ་མི་བོའི་ཡན་ཆོད་ནས་བཟུང་མཉམ་གཉིས་བརྗེ་བའི་གླུད་གཏོང་སྲོལ་ཡོད་པ་ནི་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་ཡིག་རྙིང་ལས་ཐར་བོན་དྲུ་སྐྱོལ་གྱིས་སྤེལ་བའི་གླུད་གཏོང་ཆོ་གའི་ཁྲོད་དུ་མཉམ་གཉིས་བརྗེ་རུ་གནང་བའི་ནང་དོན་ཐོན་གྱི་ཡོད་པ་དེས་ཤེས་རྟོགས་བྱེད་ནུས་སོ། །[37]《མདོ་དྲི་མེད་གཟི་བརྗིད》དེབ་གཉིས་པ། 2000ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར། ཤོག་ངོས412ན་གསུམ་པ་འཕན་ཡུལ་གླུད་ཀྱི་སྒོ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྣང་ཞིང་སྲིད་པ་ཐམས་ཅད་ལ། །ཕན་དང་གནོད་པར་བྱེད་ནས་སུ། །གླུད་དང་ཡས་སུ་བསྙེགས་པ་ལ། །ཆབ་ནག་སྲིད་པའི་བོན་པོ་ཡིས། །སེམས་ཅན་འགྲོ་ལ་ཕན་གདགས་ཕྱིར། །མཉམ་གཉིས་བརྗེ་ལ་གླུད་རེ་བཟང༌། །མཉམ་གཉིས་བརྗེ་ཡི་མཚུངས་གཏོ་བྱ། །ཞེས་བཀོད་ཡོད།[38]《སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆུང་སྲི་མི་ལ་སྤུན་དགུའི་བཀར་བ་བཞུགས་སོ》སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། དམངས་ཁྲོད་ལག་བྲིས་མ་རུ་བྱིས་པ་འདི་དང་བརྗེ་བའི་ཡས། །མཚུངས་ཀྱང་མཚུངས་ལ་ལྷག་ཀྱང་ལྷག །མཉམ་གཉིས་བརྗེ་ན་གླུད་འདི་བཟང་། །མཚུངས་གཉིས་སྤོས་ན་ཡས་འདི་མཚུངས། །ཞེས་བཀོད་ཡོད།[40]དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་ཡིག་རྙིང་ན་སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་ཐར་ལུག་གི་ཁོངས་ནས་སྙིང་ཕྱུངས་སྟེ་དམར་མཆོད་གྱི་ཆོ་ག་སྤེལ་བཞིན་འདུག་མོད་འདི་ནི་ཁོང་གིས་བོད་ཀྱི་རྒྱུ་བོན་ཟངས་མའི་སྐོར་ལ་བཅོས་བསྒྱུར་མ་བཏང་བའི་ཡར་སྔོན་ནས་དེའི་ཆོ་གའི་སྐོར་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་དེའི་ནང་གི་བརྗོད་བྱ་ཁག་ཅིག་ཡིན་ལ་ཕྱིས་སུ་རྒྱུ་བོན་ཐེག་དགུའི་ཁོངས་སུ་བསྒྲིགས་དུས་སུ་དམར་མཆོད་ཀྱི་ཆོ་ག་དེའི་ངོ་བོར་བཅོས་བསྒྱུར་བཏང་ཡོད་པ་སྲིད་པ་སྤྱི་མདོས་དང་སྣང་གཤེན་ཐེག་པའི་མདོ་སོགས་ཀྱིས་ཀྱང་ར་སྤྲོད་བྱེད་ནུས་སོ།

༢༠༡༡ལོའི་དེབ། ༼མུ་ཁྲི་བཙན་པོ༽སྤྱིའི་འདོན་ཐེངས་ལྔ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག