སྤྱིར་དཔོན་གསས་བླ་མ་ཞེས་པ་འདི་སྔ་ནས་ད་བར་ལ་ཡོངས་སུ་གྲགས་པ་དེ་གཡུང་དྲུང་བོན་བསྟན་དར་བ་ནས་བཟུང་བར་མ་ཆད་པའི་སྲོལ་རྒྱུན་གྱི་ལོ་རྒྱུས་ཁུངས་ལྡན་དུ་གྲུབ་པ་ཞིག་ཡིན་པ་ནི་ཡིག་ངག་གཉིས་ཐོག་ནས། དེང་དུས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་ཆེ་ཤོས་ཤིག་དང་སྔར་སྲོལ་ནང་ནས་སྲ་བརྟན་དུ་གནས་པའི་ལོ་རྒྱུས་ཀྱི་ལྕགས་རི་རིང་བོ་ཞིག་ཡིན། བླ་མ་ངོས་འཛིན་བྱེད་སྟངས་ཐད་བན་བོནགཉིས་ཅུང་མི་འདྲ་བའི་ཚུལ་ཡོད་དེ། བན་དེའི་ནང་སྤྲུལ་སྐུ་དང་འདུལ་རྒྱུད་ཀྱི་བླ་མ་གཙོ་ཆེར་འཛིན་ལ། བོན་པོའི་ནང་གདུང་རྒྱུད་ཀྱི་བླ་མ་དང་སྒྲུབ་རྒྱུད་ཀྱི་བླ་མ་གཉིས་མང་ཡོད། འོན་ཀྱང་བོན་པོའི་བླ་མ་ནང་གསེས་གདུང་རྒྱུད་ཀྱི་བླ་མ་དང་འདུལ་རྒྱུད་བླ་མ་སྒྲུབ་རྒྱུད་ཀྱི་བླ་མ་དང་གསུམ་དབྱེ་ཆོག མདོ་སྔགས་གཉིས་ཀྱི་རྒྱུད་པ་འཛིན་མཁན་འདུལ་རྒྱུད་བླ་མ་དང་སྒྲུབ་རྒྱུད་བླ་མར་བཞག་ལ། རྫོགས་ཆེན་ལ་སྒོམ་རྒྱུད་བླ་མའམ་རྣལ་འབྱོར་པ་ཟེར། གདུང་རྒྱུད་བླ་མ་ནི་མདོ་སྔགས་རྫོགས་གསུམ་ཀུན་ལ་སྤྱི་རུ་རྒྱུག་ཆོག་པ་ཡིན། འདིར་གོང་ལྟར་བསྟན་པའི་རྫོགས་ཆེན་གྱི་རྣལ་འབྱོར་པ་ནི་རང་བྱུང་གི་བྲག་ཕུག་དང་གད་ཕུག་ལ་གཅིག་འདུག་བྱས་ཏེ། རྩ་རླུང་གཏུམ་མོའི་གོས་དང་ཏིང་འཛིན་གྱི་འཚོ་བ་རོལ་མཁན་སྙན་རྒྱུད་ལྟར་གཅིག་རྒྱུད་ཀྱི་འཇའ་ལུས་ཉེར་བཞི་རུ་གྲགས་པ་རྣམས་དོན་གྱི་བླ་མ་མཆོག་ཡིན་ཀྱང་། སྐབས་འདིར་གདུང་རྒྱུད་ཀྱི་བླ་མ་དང་། འདུལ་རྒྱུད་བླ་མ། སྒྲུབ་རྒྱུད་བླ་མ་དང་གསུམ་དུ་ཕྱེས་ཏེ་བཤད་ན།
དང་བོ་གདུང་རྒྱུད་ཀྱི་བླ་མ། བྲུ་ཞུ་སྤ་རྨེའུ་གཤེན་དང་ཁྱུང་ཞིག་པོ་བཅོ་བརྒྱད་དང་། མེ་ཉག་ སུམ་པ། འ་ཞ། སྐྱང་འཕགས་སོགས་དེ་བཞིན་སྐོམ་ཚངས་དང་སྣང་ཞིག་དོ་འཕགས་ཆེན་པོ་གཙོས་སྨད་ཕྱོགས་སུ་ལོ་རྒྱུས་ལྡན་པའི་གདུང་རྒྱུད་ཀྱི་བླ་མ་དེ་རྣམས་ཀྱིས་མདོ་དབུས་ཁམས་གསུམ་ཀུན་ལ་ཁྱབ་ཡོད། དེ་ལ་གདུང་རྒྱུད་ཀྱི་བླ་མ་ཞེས་པ་གདུང་རུས་ལ་གཙོ་བོར་བྱེད་ཀྱང་། རུས་རྒྱུད་ཡོད་པ་ཙམ་གྱིས་བླ་མ་ཡིན་པས་ཁྱབ་པ་མེད་དེ། གཤེན་ཀླུ་དགའི་སྤུན་མཆེད་གཅིག་བདུད་ཀྱི་སྤྲུལ་པ་ཡིན་པར་རང་ལུགས་ལས་གསལ། བླ་མའི་ཐུགས་རྗེ་བྱིན་རླབས་ནི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་ལ་ཉམས་ལེན་བྱས་པའི་ལག་རྗེས་ལས་བྱུང་བ་ལས་རུས་པ་ཁོ་ནར་སེམས་ཅན་འདྲེན་པའི་ནུས་པ་ཡོད་པ་བཤད་ཚུལ་བོན་ལུགས་ལ་མེད། འོ་ན་གདུང་རྒྱུད་བླ་མ་ཟེར་དགོས་དོན་གང་ཡིན་ཞེ་ན། སྤྱིར་གང་ཟག་ལ་རིགས་རུས་མཐོ་དམན་གྱི་དབང་གིས་ཡོན་ཏན་ཆེ་ཆུང་ཡོད་པ་ཡོངས་གྲགས་སུ་བཤད་བཞིན་མཆིས་ལ། ལྷག་པར་དུ་བླ་མའི་རུས་རྒྱུད་ཐོབ་པའི་མི་རིགས་མང་ཆེ་བ་ནི་རྒྱུ་ཞིང་ས་གཤིན་པོ་དང་འདྲ་སྟེ། ཞིང་ས་གཤིན་པོ་ལ་ས་བོན་ཆུ་ལུད་དྲོད་གཤེར་འཛོམ་ན་འབྲས་བུ་གཞན་དང་མི་འདྲ་བར་ལེགས་པོ་སྨིན་པ་ལྟར། གདུང་རྒྱུད་མཁན་རྣམས་ནས། དོན་གྱི་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱས་ཚེ་གཞན་དང་མི་འདྲ་བའི་རིག་རྩལ་དང་ནུས་སྟོབས་ཡོད་པ་དང་། དེ་ལ་བརྟེན་ནས་བྱུང་བའི་ཐུགས་རྗེ་དང་བྱིན་རླབས་ཀྱི་ནུས་པ་ཡང་གཞན་དང་མི་འདྲ་བའི་ཁྱད་པར་ཡོད་པ། ཀུན་གྱིས་མཐོང་ཆོས་སུ་གྱུར་པ་འདི་བཞིན་རེད་ལ། མི་རྣམས་ཀྱི་ངག་རྒྱུན་དུ་རིགས་ངན་དམན་པའི་ལུས་སུ་མི་སྐྱེ་བར། རིགས་བཟང་ཁུང་བཙུན་དལ་འབྱོར་ཐོབ་པར་ཤོག ཅེས་པའི་སྨོན་ལམ་འདེབས་པ་མི་རབས་ནས་མི་རབས་བར་རང་བཞིན་དུ་གནས་ཐུབ་པ་འདི་བདེན་པའི་དཔང་རྟགས་སུ་གནས་པ་ལོས་ཡིན་སྙམ་ཆོག དེང་དུས་འགའ་ཞིག་ནས་མུ་སྟེགས་ཁ་ཅིག་གིས་རུས་པ་ལྷ་རུ་འདོད་པ་དེ་དང་བོན་པོས་གདུང་རྒྱུད་ཀྱི་བླ་མ་གཅིག་མཚུངས་རེད་བསམ་མཁན་ཡོད་ཀྱང་། བོན་ལུགས་ལ་རུས་པ་ལྷ་རུ་གཞུང་གང་གིས་བསྟན་པ་མེད་ལ་རུས་པ་བཟང་ངན་བརྩི་ཚུལ་ཙམ་ལ་ལོག་རྟོག་འཆང་བ་ནི་རྒྱུ་མཚན་མེད་པའི་བྱིས་པ་བསམ་ཚུལ་ལས་མ་འདས་ཏེ། དེང་དུས་ཚན་རིག་གིས་ཞིབ་འཇུག་ནང་དུ་ཡང་ཕ་མའི་རིགས་རུས་སམ་ཁུ་ཁྲག་བཟང་ངན་གྱིས་བུ་ཕྲུག་བློ་རྩལ་ཆེ་ཆུང་དང་སྙིང་སྟོབས་དྲག་ཞན་འབྱུང་བ་བཤད་ཀྱི་ཡོད་ལ། སྐྱེ་འགྲོ་གཞན་རྟ་དང་། ཁྱི་ནོར་གནག་སོགས་དུད་འགྲོའི་རིགས་ལ་ཡང་རིགས་བཟང་ངན་ཡོད་པར་ཀུན་གྱིས་གླེང་བ་ལ། བདེན་པའི་དོན་གྲུབ་པ་དངོས་མཐོང་ལག་ཟིན་ཡིན་པས། མི་ལ་རིགས་བཟང་ངན་ཡོད་པ་ལྟ་ཅི་སྨོས། ཁ་ཅིག་ནས་བོན་ལུགས་ལ་རིགས་རུས་བཟང་ངན་ལབ་པ་འདིས་མི་རིགས་འདྲ་མཉམ་དང་མི་འཚམས་པ་ཞིག་རེད་བསམ་མཁན་ཡོད་པ་ཀྱང་། སྤྱིར་རིགས་རུས་བཟང་ངན་ནི་གང་ཟག་རང་རང་གི་ཆེ་བའི་ཡོན་ཏན་ཆེ་ཆུང་གིས་ཡིན་པ་ལས། བོན་གཞུང་ནང་རིགས་རུས་དམན་པ་ལ་བཟང་བོ་འབྱུང་མི་ཆོག་པའི་བཀའ་ཡིས་བཅད་པ་མ་ཡིན་པས་དེ་ལྟར་མ་གྲུབ། དཔེར་ན་དེང་དུས་སྤྱི་ཚོགས་ཐོག་ཏུ་མི་རིགས་འདྲ་མཉམ་ཡིན་ཀྱང་། གང་ཟག་སོ་སོའི་ཡོན་ཏན་བཟང་ངན་གྱིས་འགའ་ཞིག་རྒྱལ་ཁབ་ཀྱི་བདག་པོར་གྱུར་པ་དང་། འགའ་རེ་རང་ལྟོ་རང་གིས་མི་སོས་མཁན་ཡོད་པ་འདི་ལྟ་བུ་རེད། རྒྱུ་མཚན་དེ་ལྟ་བུའི་གདུང་རུས་ཁྱད་པར་ཅན་དམུ་རྒྱལ་གཤེན་གྱི་གདུང་རྒྱུད་གཙོ་བོ་བྱས་ཏེ་གསལ་བཤད་བྱེད་ནས་གཞན་ཤུགས་ལ་གོ་བའི་དབང་དུ་བྱས་ན། སྤྱིར་རྟག་གཟིགས་འོལ་མོའི་གླིང་ལ་གདུང་རྒྱུད་ཆེ་དྲུག་ཡོད་པའི་ནང་ནས་དམུ་རིགས་གཤེན་ལྷའི་གདུང་ལས་གཤེན་གྱི་གདུང་རྒྱུད་བྱུང་། གང་དེའི་གདུང་རབས་མང་བོ་འདས་རྗེས་རྒྱལ་བོན་ཐོད་དཀར་གྱི་སྲས་པོ་བོན་གྱི་སྟོན་པ་གཤེན་རབ་མི་བོ་འཁྲུངས་སྟོན་པ་མཆོག་གི་སྐུ་སྲས་ཀྱི་ནང་ནས་ཀྱང་གཞན་རབ་བྱུང་མཛད་པས་གདུང་རྒྱུད་འཛིན་པ་ནི་ཀོང་བཟའ་ཁྲི་སྕམ་ལས་འཁྲུངས་པའི་རྒྱལ་སྲས་གཡུང་དྲུང་དབང་ལྡན་མཆོག་ཡིན། དམ་པ་དེའི་གདུང་རབས་མང་བོ་འདས་རྗེས་སུ། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་ཞང་ཞུང་ནས་མཁས་པ་མང་བོ་གདན་དྲངས་པའི་གཙོ་བོ་དམུ་ཁ་སྤོ་མི་སྤོ་དང་། དམུ་རྗེ་ཡང་དག་སོགས་དམུ་རིགས་གཤེན་གྱི་གདུང་བླ་ཡིན་ཚུལ་བཤད་ཡོད་ལ། ལྷག་པར་དེ་ཉིད་ཚེ་ལ་རང་དབང་ཐོབ་པས་ཕྱིས་བཙན་པོ་ཁྲི་སྲོང་གི་དུས་སུ་བཞུགས་ཡོད་པར་གྲགས། སྐབས་དེར་ཆབ་སྲིད་ཀྱི་འཐབ་རྩོད་འོག་བོན་གཤེན་མང་བོ་ལ་མཐར་བསྐྲད་པས་ཁོང་གཉིས་ཀྱང་ཤར་ཙོང་ཁའི་ཡུལ་དུ་ཕེབས་དགོས་བྱུང་། དེ་གཉིས་ཀྱི་གདུང་ལས་དམུ་བཀྲ་གསལ་ཀླུ་ཡི་རྒྱལ་པོ་བྱ་བ་བྱུང་། དམ་པ་དེ་ཉིད་གཙང་གི་ཕྱོགས་སུ་ཡར་ཕེབས་འབྲིག་མཚམས་སུ་ཆགས་ཏེ་ཡུལ་སྡེ་ཀུན་ལ་དབང་བསྒྱུར་བྱས། དེ་ལས་སྲས་གསུམ་འཁྲུངས་པའི་བར་པ་འབྲུག་སྲས་ལས་གཤེན་ཀླུ་དགའ་འཁྲུངས། ཀླུ་དགའ་མཆོག་ནི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཐུགས་སུ་ཆུད་པས་བྲུ་ཞུ་སྤ་རྨེའུ་ཀུན་གྱིས་གཙུག་ཏུ་བཀུར་ཏེ། བུ་སློབ་བྲུ་ཞུ་སྤ་རྨེའུ་མཁས་པ་མང་བོ་བྱུང་ནས་བོན་གྱི་གྲྭ་ས་ཡ་བཞི་གྱེས་པ་སྟེ། ཞུ་རི་ཞིང་དགོན། སྤ་ལ་ཕུག་དགོན། བྲུ་གཡས་རུ་དབེན་ས་ཁ། རྨེའུ་བཟང་པོ་རི། གཞན་ཁྱུང་ཕོའམ་སོག་གཡུང་དྲུང་གླིང་སོགས་བསྟན་པ་ཕྱི་དར་གྱི་སྐབས་སུ་བཤད་སྒྲུབ་གཉིས་ལྡན་གྱི་བོན་གྱི་འདུས་སྡེ་ཆེན་པོ་ཇི་སྙེད་ཅིག་ཆགས་ནས་བོན་གྱི་བསྟན་པ་རྒྱས་པར་གྱུར་པ་མ་ཟད་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་གཤེན་དར་ལྡིང་དགོན་ཕྱག་བཏབ་སྟེ་གཡུང་དྲུང་བོན་གྱི་འདུས་སྡེ་སྟོང་ཕྲག་བརྒལ་བར་འཕེལ་ཞིང་བོན་བསྟན་དར་རྒྱས་སུ་བཏང་ཡོད། གཤེན་དར་ལྡིང་ལ་གཤེན་ཚང་གི་གདུང་རྒྱུད་མུ་ཏིག་སྟར་ལ་རྒྱུད་པ་ལྟར་དུ་གྲོལ་བ་དེ། གཤེན་འཛམ་གླིང་རིན་པོ་ཆེའི་སྐུ་སྲས་ད་སྐབས་སྐུ་འཚོ་བཞུགས་མནང་བའི་བོན་གྱི་༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་བར་དུ་རྒྱུད་པའི་ཟམ་མ་ཆད་པར་རང་ཅག་ལྷ་མི་ཀུན་གྱི་བསོད་སྐལ་དུ་བཞུགས་ཡོད། དེས་ན་བོན་ལུགས་ལ་གདུང་རྒྱུད་ཀུན་གྱི་གཙོ་བོ་གཤེན་ཚང་ལ་བྱེད་དགོས་དོན་གཅིག་ནི་སྟོན་མཆོག་རྒྱལ་བ་གཤེན་རབ་ཀྱི་གདུང་ལས་གྲོལ་བ་དང་། གཉིས་སུ་བོན་བསྟན་ཕྱི་དར་གྱི་སྐབས་སུ་བྲུ་ཞུ་སྤ་རྨེའུ་ཁྱུང་སོགས་བོན་པོ་ཡོངས་རྫོགས་ཀྱིས་གདམས་རྒྱུད་བླ་མ་གཤེན་ཀླུ་དགའ་ལ་གཏུག་པ་མ་ཚད་གྲྭ་ས་ཡ་བཞི་གྱེས་སའི་གཞི་མ་གཤེན་དར་ལྡིང་ཡིན་པས་རྒྱུ་མཚན་གྱིས་དེ་ལྟར་གཙིགས་ཆེར་འཛིན་པ་ཡིན། གཞན་ཡང་གདུང་རྒྱུད་བླ་མའི་རུས་རིགས་མང་ཆེ་བ་ནི་གང་ཟག་ཕལ་པའི་རྒྱུད་པ་དང་མི་འདྲ་བ་ཏེ་སངས་རྒྱས་ཀྱིས་འདུལ་བྱའི་ཆེད་དུ་གདུང་རྒྱུད་བྱིན་གྱིས་རླབས་པ་ཡིན་པ་ལ་བརྟེན། ཞང་ཞུང་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་རིང་དང་། དེ་བཞིན་ཐོག་མ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ་ནས་བཟུང་ད་བར་གདུང་རྒྱུད་བླ་མའི་འགྲོ་དོན་རྒྱུན་ཆགས་སུ་གནས་ཡོད། ཁྲི་སྲོང་གི་སྐབས་བོན་གཤེན་དེ་རྣམས་ས་མཐར་བཞུད་དགོས་པའི་གནས་ཚུལ་ལྷག་ཀྱང་། དམ་པ་ཁོང་རྣམས་བདེར་གཤེགས་ཀྱི་སྤྲུལ་བ་ཡིན་སྟབས་སླར་ཡང་བསྟན་པ་ཕྱི་དར་མེ་རོ་སློང་བའི་དོན་དུ་བྱོན་ཏེ་བླ་མ་གཤེན་གྱིས་ལྷོ་འབྲིག་མཚམས་མཐའ་ཀར་ནས་གཏེར་ཞལ་ཕྱེས་ཏེ་རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་སོགས་ལ་འཆད་འཁྲིད་བཀའ་དྲིན་བསྩལ་བས། སྟོད་མངའ་རིས་དང་དབུས་གཙང་ཁུལ་དུ་འདུས་གྲྭ་མང་བོ་ཆགས་པ་དང་། བར་དུ་ཁྱུང་བོའི་གདན་ས་སྦྲ་ཆེན་རྒྱུད་ལ་སོག་གཡུང་དྲུང་གླིང་དང་། ཁྱུང་ཕོའི་ཁུལ་དུ་བྱ་ཟེར་རྫོང་། རྗེས་བཞག་བཀྲ་ཤིས་འབར། ཁྱུང་ཕོ་རི་རྩེ་དྲུག་སོགས་དང་། སྐོམ་ཚང་གི་གདན་ས་སྡེ་དགེའི་རྒྱུད་སྐོམ་ཐོག་དགོན་སོགས་དང་། སྨད་ཕྱོགས་སུ་དོ་འཕགས་ཆེན་པོ་དང་ཞིག་པོ་བཅོ་བརྒྱད་ཀྱི་གདུང་ལས་འཁྲུངས་པའི་བླ་མ་རྣམས་ཀྱིས་ཕྱག་བཏབ་པའི་དགོན་སྡེ་མང་བོ་ཡོད་པ་ཡིན། དེས་ན་སྟོད་ན་བྲུ་ཞུ་སྤ་རྨེའུ་སོགས་དང་། བར་ན་ཁྱུང་བོ་དཀར་ནག་སེར་གསུམ། སྨད་ན་དོ་སྐྱང་ཞིག་གསུམ་གྱི་དགོན་པ་བཅས་མང་བོ་ཡོད་ཀྱང་། ཕྱིས་དུས་རབས་བཅུ་གསུམ་པའི་སྐབས་སུ་ཕྱོགས་མང་བོ་འཕེལ་ཏེ་ཁོང་རྣམ་པའི་རྒྱུད་འཛིན་རྣམས་ཀྱིས་དགོན་པ་མི་ཉུང་བ་ཕྱག་བཏབ་ནས་སོ་སོའི་དགོན་པ་དག་གི་བླ་མ་ཡང་མང་བོ་ཡོད། འདུལ་རྒྱུད་བླ་མ་ནི། རུས་པའི་ཁྱད་པར་མ་ཡིན་པར་བསྙེན་གནས་དང་། དགེ་བསྙེན། གཙང་གཙུག དྲང་སྲོང་སྟེ་སོ་ཐར་རིགས་བཞི་ལ་རིམ་པས་མྱོང་བ་ཐོན་པ་དང་ཁྱབ་ཅིག་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བཅས་ཀྱི་སྦྱང་འབྲས་ཀྱི་ཚད་ངེས་ཅན་ལོན་པ་ལ་བརྟེན་ནས། འདུས་སྡེ་རྒྱ་མཚོའི་དབུས་ན་ཨུ་དཔལ་གྱི་མེ་ཏོག་ལྟར་ཀུན་ལས་འཕགས་པ་འདུས་སྤྱི་ནས་མོས་མཐུན་ཐོབ་པ་ཞིག་དཔོན་གསས་བླ་མའི་ཁྲི་ལ་མངའ་གསོལ་དགོས། ལྷག་པར་ཏུ་བོན་གྱི་སྐྱབས་མགོན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ལྟ་བུ་ནི། མདོ་སྔགས་སེམས་གསུམ་གྱི་གཞུང་གུགས་ཀུན་གྱི་དབང་ལུང་ཁྲིད་གསུམ་ལྡན་དགོས་པ་མ་ཟད། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་བསྙེན་སྒྲུབ་ལས་གསུམ་ཕུལ་དུ་ཕྱིན་ཅིང་གྲྭ་ས་ཆེན་མོའི་འདུས་པ་རྒྱ་མཚོའི་དབུས་ནས་རབ་འབྱམས་དགེ་བའི་བཤེས་གཉེན་མཚན་གྱི་ཅོད་པན་འཆང་བ་མང་པོར་བསྡུས་ཏེ་དེ་དག་སུས་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་ཐུབ་མིན་མི་ཡིས་ཆག་བཞག་མ་ཡིན་པར། ཡི་དམ་གྱི་ལྷ་དང་བོན་སྐྱོང་སྲུང་མ་རྣམས་ལ་མཆོད་ཚོགས་རྒྱས་འབུལ་གྲུབ་མཐར་འཕྲིན་བཅོལ་ཞུ་ནས་རྟགས་རིལ་གང་བབས་དེ་ཉིད་གསེར་ཁྲི་མངའ་གསོལ་དགོས། དེ་ནི་བོན་པོ་སྤྱི་ཡིས་བླ་མར་བཀུར་ཞིང་བླ་ཡི་བླ་མ་སྟེ་ཀུན་གྱི་གཙོ་བོ་ཡིན། སྒྲུབ་རྒྱུད་ཀྱི་བླ་མ་ནི། ལྟ་སྒོམ་སྤྱོད་གསུམ་དང་། བསྙེན་སྒྲུབ་ལས་གསུམ་གཙོ་བོར་བྱེད་དགོས། འོན་ཀྱང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་བཞུགས་པ་ཡོད་ཀྱང་། འདུལ་འཛིན་གྱི་བླ་མ་ནང་བཞིན་དེ་གཙོ་བོ་མ་ཡིན། དེས་ན་སྒྲུབ་རྒྱུད་ཀྱི་བླ་མ་ལྟ་སྒོམ་ཁྱད་པར་ཅན་གྱི་ཐོག་ནས་ཡི་དམ་གསས་མཁར་མཆོག་ལྔའམ་བཀའ་ཆེན་སྡེ་དགུའི་བསྙེན་སྒྲུབ་རྟགས་ཚད་ངེས་ཅན་ཐོབ་པ་ཞིག་དགོས། གོང་དུ་བསྟན་པའི་བླ་མ་གསུམ་པོ་གང་ཡིན་ཡང་ཐོག་མར་བློ་ལྡོག་རྣམ་བཞིས་རང་རྒྱུད་ལས་སུ་རུང་བར་བྱས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཟབ་གདམ་རྒྱུད་ལ་སྦྱར་ཞིང་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་ཚད་ལོན་པར་བྱས་པ་དང་རང་ཡུལ་ལ་རྩེ་གཅིག་གནས་པའི་གསལ་ངར་ཅན་སེམས་འབྱུང་ཞི་གནས་ཐོབ་ཆེད་ཨ་གཏད་བལྟ་བ་སོགས་དང་། ཨ་ཁྲིད་དང་སྙན་རྒྱུད་གང་རུང་གི་ཁྲིད་སྒོམ་ལ་ཞུགས་ཏེ་ཁྲིད་དང་ཉམས་ལེན་ཟུང་དུ་སྦྲེལ་ནས་རང་གཞན་གྱི་འཕོ་བ་དང་། རིགས་དྲུག་རང་སྦྱང་། ཐར་ལམ་སྡེ་དྲུག་སོགས་ལ་ཟབ་སྦྱང་མ་མཐར་ལོ་གསུམ་དང་ལྔ་བར་གྱི་ཁྲིད་རྐང་མྱོང་བ་ཐོན་ནས་ཡི་དམ་གསས་མཁར་མཆོག་ལྔ་སོགས་སྒྲུབ་གཞུང་ཁག་ལ་བསྙེན་སྒྲུབ་མ་མཐར་ལོ་བཞིར་བཞུགས་ཏེ་རྩ་རླུང་བཅས་ལ་འོས་འཚམས་ཀྱི་ཚད་གཞི་ལོན་དགོས། འོན་ཀྱང་གདུང་རྒྱུད་བླ་མ་ཡིན་ཚད་ཁྱིམ་པ་ཡིན་མི་དགོས་ཏེ་གདུང་རྒྱུད་ཀྱི་བླ་མའི་ནང་འདུལ་རྒྱུད་ཀྱི་བླ་མའང་ཡིན་པ་ཡོད་དེ། སྔར་བྲུ་ཞུ་སྤ་རྨེའུ་ཁྱུང་སོགས་ཀྱི་ཁྱིམ་ཚང་ལ་བུ་གཅིག་ལས་མེད་ན་དེ་ཉིད་ཁྱིམ་པ་མཛད་ཅིང་། གཉིས་ཡན་ཆོད་ཡོད་ན་དེའི་ནང་གཅིག་རབ་བྱུང་བསྒྲུབས་ནས་དགོན་པའི་ནང་དུ་བཞུགས་སྲོལ་ཡོད། སྒྲུབ་རྒྱུད་ཀྱི་བླ་མ་དང་གདུང་རྒྱུད་བླ་མ་ཕལ་ཆེར་གསང་སྔགས་པ་ཡིན་ཡང་གྲོང་ཆོག་གི་རིམ་གྲོ་འདུར་བཅའ་བ་དང་། ཟློག་བསད་ཀྱི་ལས་མཐའ་ཆ་ཚང་བྱེད་པའི་སྔགས་པ་གཉིས་མི་འདྲ་སྟེ། གཅིག་ཤོས་ནི་ཕན་སེམས་དང་ཏིང་འཛིན་བསྙེན་སྔགས་བཅས་ཀྱི་ནུས་པ་ཐོན་པ་ཙམ་ལས་མེད། གསང་སྔགས་ཀྱི་བླ་མ་ནི་སྔགས་སེམས་ཀྱི་ལྟ་སྒོམ་ཁྱད་པར་མངའ་ཞིང་དབང་ལུང་གི་རྒྱུད་པ་འཛིན་ཏེ་སྐལ་ལྡན་གྱི་བུ་སློབ་སྨིན་གྲོལ་ནུས་པ་ཞིག་དགོས། གཞན་བོན་ལུགས་ཀྱི་དགོན་པ་ལ་འདུལ་དགོན་དང་སྔགས་དགོན་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་འདུལ་དགོན་གྱི་མཁན་པོ་དང་སློབ་དཔོན་གཉིས་གཙོས་འདུས་སྤྱི་ལ་རབ་བྱུང་བ་ལས་གཞན་པ་འཚོགས་མི་ཆོག་སྔགས་དགོན་ལ་དགེ་བསྙེན་གྱི་སྡོམ་པ་ལྡན་པའི་སྔགས་པ་འཚོགས་དགོས། རབ་བྱུང་བ་ཡང་འཚོགས་ཆོག་དེས་ན་འདུལ་དགོན་གྱི་བླ་མའམ་མཁན་དཔོན་སློབ་གཉིས་ནི་རབ་བྱུང་ཡིན་དགོས། སྔགས་དགོན་གྱི་དཔོན་གསས་བླ་མའམ་མཁན་པོ་ནི་གཙོ་བོར་གདུང་རྒྱུད་ཀྱི་བླ་མའམ་སྒྲུབ་རྒྱུད་ཞིག་དགོས་ཀྱི་བླ་མ་གང་རུང་དེ་ཉིད་རབ་བྱུང་བ་ཡིན་མིན་སྣ་ཚོགས་ཡོད་ཆོག གཞན་ཡང་བོན་ལུགས་ལ་བླ་མ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་ན་གཞུང་ལུགས་ཐོས་བསམ་སྦྱངས་མཐར་བླ་མ་བྱེད་སྲོལ་ཡོད། བླ་མའི་ཆས་ལུགས་སམ་ན་བཟའ་ནི་འདུལ་རྒྱུད་ཀྱི་བླ་མ་ནི་རབ་བྱུང་གི་ན་བཟའ་གོས་དྲུག་དང་ལྡན་དགོས་ལ། རབ་བྱུང་མ་ཡིན་པའི་བླ་མས་ན་བཟའ་སྟག་བེར་དང་། སྟག་ཞུ་སོག་ཕོད་ཁ་ཅན་གྱི་སྔགས་ཆས་གྱོན་པ་ལས་རབ་བྱུང་གི་ན་བཟའ་གྱོན་སྲོལ་མེད། བོན་ལུགས་གྱི་བླ་མ་ལ་གོ་རིམ་གྱི་ཚད་ངེས་ཅན་ཞིག་ཡོད་པ་དེ། སྐྱབས་རྗེ་རྒྱལ་བ་སྨན་རི་བ་དང་གཤེན་རིན་པོ་ཆེ་གྲྭ་ས་འོག་མ་གཡུང་དྲུང་གླིང་གི་མཁན་པོ་གསུམ་བོན་སྤྱི་ཡི་བླ་ཆེན་ཡིན་ལ། དེའི་ནང་སྨན་རི་བ་ནི་བོན་སྤྱི་ཡི་སྐྱབས་མགོན་ཆེན་པོ་དེ། གཤེན་གྱི་བསྟན་པའི་བདག་པོ་བྱེད་སྲོལ་ཡོད། དེ་བཞིན་མདོ་དབུས་ཁམས་གསུམ་གྱི་དཔོན་གསས་བླ་མ་རྣམས་དགོན་པ་ཆེ་ཆུང་དང་འདུས་སྡེ་མང་ཉུང་ལ་བསྟུན་པའི་གོ་རིམ་ཡང་ཡོད། དེར་བརྟེན་བོན་ལུགས་ཀྱི་ཡོངས་འཛིན་སློབ་དཔོན་དང་། མཁན་པོ་དཔེ་ཁྲིད་དགེ་རྒན་དགེ་བཤེས་སོགས་ཀྱང་གོ་རིམ་ཡོད་པ་དེ། བོན་གྱི་འདུས་སྡེའི་བསླབ་སྦྱང་གནང་ས་བཤད་སྒྲུབ་སྒོམ་གསུམ་ཡོད་པའི། ཡོངས་འཛིན་སློབ་དཔོན་ནི་བཤད་སྒྲུབ་སྒོམ་གསུམ་མཐར་ཐོན་པ་ཞིག་འདུས་སྡེའི་ཁྲི་ལ་མངའ་གསོལ་དགོས། དཔེ་ཁྲིད་མཁམ་པོ་རབ་དེ་གསུམ་མཐར་ཐོན་དགོས་ཀྱང་། བཤད་སྒྲུབ་མ་སྦྱང་བའི་སྒྲུབ་གྲྭ་དང་སྒོམ་གྲྭའི་མཁམ་པོ་ཡང་ཡོད་པས། མཁན་པོ་ཡིན་ན་མ་མཐའ་བཤད་སྒྲུབ་སྒོམ་གསུམ་གང་རུང་གི་སློབ་ཐོན་པ་ཞིག་དགོས་ལ། དེའི་འོག་མ་བཤད་སྒྲུབ་སྒོམ་གསུམ་གྱི་གཞུང་ཁྲིད་དགེ་རྒན་ལ་ཡང་གོང་ལྟར་སློབ་སྦྱོང་གི་ཚད་གཞིའི་སྟེང་ནས་འགྲོ་དགོས། དགེ་བཤེས་ལ་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་ཐོན་པ་ཡོད་ཀྱང་། མ་མཐའ་བཤད་གྲྭའི་སློབ་མཐར་མ་ཕྱིན་ན་དགེ་བཤེས་ཟེར་གྱི་མེད། དེ་རྣམས་ཀྱི་འགྲིག་རིམ་ནི་རྒྱལ་བ་སྨན་རི་བའི་སློབ་དཔོན་ནི་བོན་སྤྱི་ཡི་ཡོང་འཛིན་ཆེན་མོ་ཡིན་ལ། གཞན་རྣམས་དགོན་པ་ཆེ་ཆུང་དང་བསྟན་འགྲོའི་དོན་ཆེ་ཆུང་གིས་གོ་རིམ་འཇོག་གི་ཡོད། དགེ་བཤེས་ལ་ཡང་གྲྭ་ས་གོང་འོག་གི་དགེ་བཤེས་བོན་སྤྱི་ཡི་དགེ་བཤེས་ཆེན་མོ་བྱེད་ནས། གཞན་མ་རྣམས་ལ་གོང་བཞིན་གོ་རིམ་ཡོད་པ་བྱེད་ཀྱི་ཡོད། ལྷག་པར་དུ་བོན་གྱི་བླ་མ་གང་ཞིག་ཡིན་ན་མདོ་སྔགས་རྫོགས་གསུམ་གྱི་རྒྱུད་པ་བོན་རྫོགས་སྤྲུལ་གསུམ་ནས་རྩ་བའི་བླ་མའི་བར་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་གཞུང་དོན་ཉམས་འོག་ཚུད་པ་བར་མ་ཆད་པར་བྱུང་བ་ཞིག་ལས། དམ་ཚིག་ལ་རུ་ཏྲས་བསླད་ཞུགས་ན་རྒྱུད་འཛིན་གོ་མ་ཆོད་པ་ཡིན། དེས་ན་སྐབས་འདིའི་བླ་མ་ཡིན་ན་རྒྱུད་པའི་ཟམ་མ་ཆད་བྱིན་རླབས་ཀྱི་ན་བུན་མ་ཡལ་སྐལ་ལྡན་སློབ་མའི་རྒྱུད་སྨིན་ཐུབ་པའི་བླ་མ་ཡིན་དགོས་པ་༧རྒྱལ་བ་མཉམ་མེད་ཆེན་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསུངས་པ་མ་ཟད་ཡི་དམ་སྒྲུབ་གཞུང་གང་ཞིག་གི་ཕྲིན་ལས་ཀྱི་ཐོག་མར་དཔོན་གསས་བླ་མར་བསྙེན་དགོས་པ་གཞུང་ཀུན་གྱི་བསྟན་དོན་ཡིན་པ་ནི། གསང་སྔགས་སྤྱི་སྤུངས་ལས་དཔོན་གསས་བླ་མ་དེ་ཉིད་སྐུ་རི་རབ་བས་གཉེན་ཞིང་བརྗིད་ཆེ་བ། གསུང་རྒྱ་མཚོ་བས་ཟབ་ཅིང་བརྟགས་དཀའ་བ། ཐུགས་ནམ་མཁའ་ལྟར་སྤྲོས་དང་བྲལ་ཞིང་མིག་སྙིང་སྲོག་གསུམ་པས་ཀྱང་གཅེས་པར་སྒོམས་ཞེས་དང་། བོན་ལུགས་ཀྱི་སྐྱབས་ཡུལ་གཡུང་དྲུང་གནས་བཞི་ཞེས་བླ་མ་སྐྱབས་ཡུལ་གྱི་གཙོ་བོར་འཛིན་དགོས་པར་གསུངས་ལ། བོན་ལུགས་ལ་དཀོན་མཆོག་གསུམ་གཙོ་བོར་བྱེད། བླ་མ་སྐུ་གཤེགས་པའི་ཚེ་སྐུ་གདུང་ཉར་ཚག་བྱེད་སྟངས་དང་འདས་མཆོད་སྒྲུབ་ཚུལ་ནི་སྤྱིར་བོན་གྱི་བླ་མ་སྐུ་གཤེགས་དུས་རབ་དཀྱིལ་ཀྲུང་མཛད་དེ། ཐུགས་དམ་སོང་ངེར་བཞུགས་སྲོལ་ཡོད་ལ། འགའ་ཞིག་སེང་གེ་ཉལ་སྟབས་ཞེས་གཞོགས་གཡས་ས་ལ་ཕབ་ལག་གཡས་ཀྱིས་འགྲམ་པར་སྐྱོར་གཡོན་དཔྱི་འགོར་བཞག རྐང་པ་ཅུང་བསྐུམ་པའི་ཚུལ་དུ་གཟིམས་མལ་དུ་གཤེགས་མཁན་ཡང་ཡོད། གང་ལྟར་བླ་མ་འདས་ནས་ཞག་གསུམ་མམ་ཉིན་བདུན་རིང་གཟིམས་ཁང་སྒོ་བཀག་ནས་དག་ཞིང་གི་སྨོན་ལམ་དང་གསལ་གདབ་ཀྱི་ཚུལ་དུ་ཐོས་གྲོལ་སོགས་སྙན་གསན་འབུལ་ཞིང་། ཞག་གསུམ་གྲོ་བཞིའམ་བླ་མའི་ཞལ་ཆེམ་བཞིན་གཟིམས་སྒོ་དབྱེ་དགོས། དེ་ཡང་བོན་སྔ་རབས་ཀྱི་བླ་མ་མང་དག་ཅིག་གདུང་རང་ཡལ་ཞེས་སྐུ་གདུང་ས་ལ་མ་བཞག་པར་འཇའ་ལུས་འཕོ་བ་ཆེ་ཆུང་གི་སྐུ་རུ་བཞེངས་ཏེ་གདུང་འཇའ་འོད་དེངས་པའི་ལོ་རྒྱུས་མང་བོ་ཡོད། གདུང་བཞུགས་པ་རྣམས་དགོངས་པ་གྲོལ་ཚེ་དཔོན་གསས་བླ་མ་ཨང་དང་བོ་ཞིག་དང་། ཕྱག་རོགས་དམ་ཚིག་གཙང་བའི་གྲྭ་པ་འགའ་ཞིག་དང་བཅས་ཀྱིས་སྐུ་གདུང་ཕྱི་ནང་ཀུན་ལེགས་པར་བཀྲུས་ནས་གདུང་བསྲེག་ཡི་གེ་འཁོར་ལོའི་བཞུང་ལྟར་འཕྲུལ་ཡིག་བཞི་བཅུ་ལུས་གནས་སོ་སོར་མ་འཛོལ་སྦྲང་རྒོད་ཀྱིས་ལེགས་པར་སྦྱར། དེ་ནས་གདུང་དཀྲིས་ཞེས་རས་དཀར་གཙང་མ་ཡུག་གཅིག་མར་ཁུར་དྲང་སྟེ་སྐུ་གདུང་ལེགས་པར་དཀྲིས་ནས་གཡུང་དྲུང་དཀྱིལ་ཀྲུང་བཞུགས་པའི་ཚུལ་དུ་རབ་བྱུང་བ་ཡིན་ན་ན་བཟའ་ཆས་དྲུག་གསོལ་ཞིང་གཞན་དག་མང་ཕལ་ཆེར་ལ་རྫོགས་ཆེན་ཐུན་མིན་གྱི་ན་བཟའ་གཟན་དཀར་དང་། ཞྭ་དཀར་མོ་རྩེ་རྒྱལ་གསོལ་ལ། འགར་རིགས་ལྔ་དང་སྟོད་ཁེབ་གསོལ་ནས་ཁྲི་ཐོག་ཏུ་བཤམས། དེའི་སྟེང་བླ་བྲེའམ་དབུ་གདུགས་ཕུབ་ཅིང་མདུན་དུ་བང་རིམ་ལྡན་པའི་མཆོད་སྟེགས་སྟེང་དུ་མནཌལ་དང་མཆོད་པ་རྣམ་ལྔ་སྟེ། མར་མེ་དང་། སྤོས། ཡོན་ཆབ། ཞལ་ཟས། མེ་ཏོག་བཅས་ཕུན་སུམ་འཚོགས་པར་གཙང་དག་ཡིད་དུ་འོང་བར་བཤམས་ཤིང་དགུང་ཞག་ཞེ་དགུའི་རིང་བླ་གྲྭ་མང་པོས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཆོད་སྦྱིན་དང་། བླ་མ་དེའི་ལྷག་པའི་ལྷ་མཆོག་ཡི་དམ་གང་ཡིན་གྱི་མཆོད་ཚོགས་རྒྱས་འབུལ་དུ་གདུང་འདབས་མཆོད་འབུལ་བྱེད་ཅིང་སྐུ་གདུང་ཉར་ཚག་བྱེད། སྐུ་གདུང་ཞུགས་ལ་འབུལ་ཁར་ཉིན་གང་འཚམས་རིང་མང་ཚོགས་ལ་གདུང་མཇལ་གནང་ཞིང་ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེས་འཕྲིན་ལས་ཀྱི་གཞུང་ཚར་གཅིག་འགྲོ་བར་བྱེད་ནས་སྐུ་གདུང་ཞུགས་ལ་འབུལ་ཉིན་སྐུ་གདུང་སྤུར་སྒྲོམ་ནང་བཞུགས་སུ་གསོལ་ནས་མཆོད་ཆས་དང་སེར་འཕྲེང་གིས་མདུན་བསུས་ཏེ། གདུང་ཁང་ཞེས་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ལུས་ཚད་དུ་རྡུལ་ཚོན་བྲིས་པའི་སྟེང་སྦྱིན་སྲེག་འབུལ་སའི་སྲེག་ཁང་བཞེངས་པ་དེར་གནས་དྲངས་ཏེ་སྲེག་ཁང་གི་དཀྱིལ་འཁོར་སྟེང་དུ་བཤམས། དེ་ནས་དཔོན་གསས་བླ་མས་སྐུ་གསུམ་སྡོང་བུ་དང་ལས་བཞིའི་ཤིང་བརྩེགས་ལ་མེ་སྤར་ཞིང་ལས་བཞི་རྒྱུན་ལྔའི་གཙོ་འཁོར་གྱི་སྙིང་བོ་བཟང་ཤིང་ལ་གསེར་དངུལ་གྱིས་དབུ་ཅན་ཚག་མེད་དུ་གཙོ་བརྒྱ་འཁོར་བཅུའམ་ཡང་ན་ལྔ་སྐོར་སོགས་སུ་བྲིས་པའི་ཤིང་བྱང་ཁྲི་ཕྲག་གམ་སྟོང་ཕྲག་གསུམ་དང་། གཞན་ཡང་བདེར་གཤེགས་ཀྱི་སྟོང་འཛབ་གསེར་དངུལ་གྱིས་བྲིས་པའི་ཤིང་བྱང་སྟོང་ཐོག་བརྒྱ་བཞག་དང་། མཆོད་རྫས་རིན་ཆེན་སྣ་ལྔ་ཕྱེ་མའམ་ཁྲོ་བུ། ཟ་འོག་སྣ་ཚོགས་སུ་བཟོས་པའི་རྒྱལ་མཚན་ལྷབ་ལྷུབ་དང་དར་ཟབ། སྨན་སྣ་བརྒྱ་རྩ། དཀར་གསུམ་མངར་གསུམ། འབྲུ་སྣ་སྤོས་སྣ་འཚོགས་ཚད། མར་མེ། སྤོས། ཚན་ཆབ། ལྷ་སངས། མེ་ཏོག་དང་རྣམ་ལྔ། རྣམ་རྒྱད། སྤྱན་གཟིགས། རྔ་གཤང་། དུང་གླིང་སོགས་རོལ་མོ་དང་། གོ་ཁྲབ་མཚོན་ཆ། བཀྲ་ཤིས་རྫས་བརྒྱད་སོགས་མཆོད་རྫས་གྱ་ནོམ་པ་གྲངས་སྟོང་ཕྲག་གམ་ཁྲི་ཕྲག་ཇི་སྙེད་དང་ལྷན་དུ་སྐུ་གདུང་ཞུགས་ལ་འབུལ་དགོས། དེའི་སྐབས་སུ་བླ་མའི་ཉམས་རྟོགས་ཀྱི་ཡོན་ཏན་རྟགས་ལས་ནམ་མཁར་འཇའ་འོད་འཁྲིག་པ་དང་མེ་ཏོག་གི་ཆར་འབེབ་པ་དང་། ཕྱི་རབས་ཀྱི་དད་རྟེན་དུ་གདུང་ཁང་ཕྱི་ནང་བར་གསུམ་དུ་འཕེལ་གདུང་རིང་སྲེལ་དང་། གདུང་རུས་དང་ལྷན་དུ་རིང་སྲེལ་ཤ་རི་རམ་དང་། ཆུ་རི་རམ། བ་རི་རམ། ཉ་རི་རམ། པཎ་ཙ་རམ་སོགས་གང་རིགས་འབྱུང་ལ། གཞན་ཡང་མེ་སྡུག་ཅེས་ཡི་གེ་དཔའ་བོ་འབྲུ་ལྔ་སོགས་དང་ལྷ་སྐུ་རང་བྱོན་ཡོད་པའི་དབུ་གཡང་དང་། ལྗགས་སོགས་མེས་འཇིག་མ་ཐུབ་ནས་བཞུགས་པའང་ཡོད། གདུང་རུས་ལྷག་འཕྲོ་གཞན་མ་དང་། དབུ་སྐྲ་ཕྱག་སེན་སོགས་ནང་རྫོངས་བྱ་ཞིང་དགོན་པའི་ནང་དུ་མཆོད་རྟེན་དང་སྐུ་གཟུགས་གང་རུང་ཟངས་གསེར་སོགས་ཕྱི་རབས་ཀྱི་དད་རྟེན་དུ་སྐུ་གདུང་གཟུངས་གཞུག་ལྡན་པར་བཞེངས་སྲོལ་ཡོད། གཞན་ཡང་བོན་ལུགས་ལ་བླ་མའི་ཡང་སྲིད་ངོས་འཛིན་ཚུལ་ཡོད་ཀྱང་། གཞན་སྡེ་ནང་བཞིན་སྤྲུལ་སྐུའི་རྒྱུད་པ་འཛིན་པའི་ལམ་སྲོལ་འགའ་མེད། ཕྱིས་དུས་རབས་བཅུ་བདུན་ཡན་མན་ཞིག་ན་དེ་འདྲ་ཡོད་པ་བོན་དང་མཐུན་མིན་བརྟག་གཞིག་གི་གནས་སུ་གྱུར་ཡོད། །
བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་ཆེན་མོའི་དབུ་ཁྲིད་ཟླ་ཆུང་ལགས་དང་། དེ་བཞིན་ལྗོངས་ཆོས་དོན་ཅུས་ཀྱི་དབུ་ཁྲིད་རྣམ་པས་འདི་ལྟར་དགོས་ཞེས་བཀས་བསྐུལ་བ་ལ་བརྟེན་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རྩེ་དྲུག་བཤད་གྲྭའི་ཐུན་མཚམས་སུ་བྲིས་པས་དགེའོ།། བཀྲ་ཤིས།།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽སྤྱིའི་འདོན་ཐེངས་བཞི་བ་ལས་བཤུས།