ཤེས་བྱ་ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན། །རབ་འབྱམས་རིག་གནས་ཀུན་༼མཁྱེན༽པཎ་ཊི་ཏ། །རྒྱལ་ཀུན་ངོ་བོ་བསྟན་འགྲོའི་མུན་སེལ་སྒྲོན། །མཚན་དཔེའི་རྒྱན་སྤྲོད་༼སྤྲས༽རྗེ་བཙུན་ཞབས་ལ་འདུད། །དེ་ཡང་བདག་ཅག་ཡོངས་ཀྱི་རྣམ་འདྲེན་དམ་པ་གཡུང་དྲུང་བོན་ལ་བཀའ་དྲིན་ཆེ་བ་མཉམ་མེད་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན་དེ་ཉིད་༼ཀྱིས༽གཟིགས་ཚད་ལྔ་ལ་དགོངས་པར་མཛད་ནས། ཡུལ་ལ་གཟིགས་པ་རྒྱལ་མོ་རིའི་གཡས་ཟུར། དོར་སྐྱོལ་བྱ་བ་ས་ཆ་རུ། ཡབ་བྲག་ར་ཀླུ་རྒྱས་དང་། ཡུམ་རིན་སྨན་གཉིས་ཀྱི་སྲས་སུ་མོ་སྤྲེའུ་ལོའི། ཧོར་ཟླ་དང་པོའི་ཚེས་བརྒྱད་ཉི་ཤར་ལ་འཁྲུངས་ནས། ནམ་མཁའ་བར་སྣང་ས་གཞི་གང་བའི་ལྷ་ཀླུ་མི་གསུམ་ཀུན་གྱིས་མཐོང་སྟེ་ཕྱག་འཚལ། བསྐོར་བ་བྱེད་པའི་ལོ་རྒྱུས་བརྗོད་ཀྱིས་མི་ལོང་། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན། །དབུས་རུ་དཀྱིལ་ན་བསླབ་གསུམ་བསྟན་པ་སྤེལ། །རྒྱལ་མཚན་བརྒྱད་ནས་དེའི་བསྟན་རྫོགས། ཡང་ཁྱད་པར་དྲན་པ་ང་ཡིས་བྱིན་རླབས་པས། །ཤེས་རབ་མིང་ཅན་བདུན་བརྒྱུད་འབྱུང་། །ཚད་གསུམ་ཟུང་འབྲེལ་འགྲོ་བ་འདྲེན་ཞེས་དང་། ཡང་ལི་ཤུའི་ཡོན་ཏན་སྤྲུལ་པ་ལ། སྤྱན་གཅིག་པ་ཤེས་རབ་རྒྱལ་མཚན་གྱིས། བོད་ལྗོངས་གངས་ཅན་དབུས་གཙང་སྟོད་སྨད་ལ། སྐྱེ་བ་བདུན་ལ་བསྟན་པའི་སྒྲོན་མེ་མཛད་ཞེས་དང་། མེ་སྟོན་ཤེས་འོད། འ་ཞ་བློ་གྲོས་རྒྱལ་མཚན། མཐའ་བྲལ་བསོད་ནམས་རྒྱལ་མཚན། རྗེ་ཤེས་རབ་རྒྱལ་མཚན། རྒྱ་གར་བསོད་ནམས་བློ་གྲོས། དཔལ་འབྱོར་ལྷུན་གྲུབ། མངའ་རིས་ཚུལ་ཁྲིམས་རྒྱལ་མཚན་བདུན་ཡིན་ནོ། །དགུང་ལོ་བཅོ་བརྒྱད་ན་གངས་ཆེན་བོད་དུ་བསྟན་པ་འཕེལ་བས་བོན་ཆོས། ཀུན་གྱི་ལུང་རྟོགས་ཀྱི་ཕུག་ཐག་གཅོད་ཅིང་དབང་ལུང་ཐམས་ཅད་རྫོགས་པར་མཁས་གྲུབ་དུ་མ་ལས་ཞུས། དེ་ནས་དགུང་ལོ་སོ་བརྒྱད་ནས་ཆུ་བྱ་ལོ་ལ་སྨན་རི་དགོན་པ་འདེབས་དུས་ལྷ་ཀླུ་ཀུན་གྱིས་སྡོང་གྲོགས་བྱེད་ནས། སྐད་ཅིག་ཙམ་ལ་ཁང་པ་བརྒྱ་དང་དྲུག་ཅུ་གྲུབ། དེ་ནས་དགུང་ལོ་དྲུག་བཅུའི་བར་དུ་ཡི་དམ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ཐམས་ཅད་རྫོགས་པར་བྱེད་ནས། ཡི་དམ་བོན་སྐྱོངས་རྣམས་ཀྱི་ཞལ་༼མི༽གཟིགས་པ་ནི་གཅིག་ཡང་མེད། དེ་ནས་དགུང་ལོ་དྲུག་ཅུ་ཤིང་མོ་ལུག་གི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཐོ་རེངས་མི་མངོན་དབྱིངས་སུ་གཤེགས། དེ་ནས་སྐུ་གདུང་བཞུས་ནས་ཡང་མེ་རང་བཞིན་མཛད་ནས་གནམ་ས་ཐམས་ཅད་གཞའ་ཚོན་འོད་དང་མེ་ཏོག་ཆར་པས་གང་། གདུང་རུས་ཐམས་ཅད་ལྷ་སྐུ་དང་ཡིག་འབྲུ་རིང་སིལ་བསམ་གྱིས་མི་ཁྱབ་བྱུང་། དེ་ཡི་ནང་ནས་ཤ་རི་རམ་ལྕོག་སྒང་ཙམ་གསུམ་ནི་ལྷ་ཀླུ་མི་གསུམ་གྱི་འགྲོ་དོན་དུ་བཞག་གོ །
༢ གསང་འདུས་སྤྲུལ་པ་རིན་ཆེན་རྒྱལ་མཚན་ནི། ས་ཁྱི་ལོ་ལ་རྒྱལ་རོང་སྒོ་འཛུངས་ས་ཆ་རུ། ཡབ་བཀྲ་ཤིས་དང་ཡུམ་སྐལ་བཟང་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ནས། ང་དགུ་མེ་སྤྲེལ་ལོ་ལ་གོང་མའི་གདན་ས་འཛིན། འགྲོ་དོན་རྒྱ་ཆེ་སེམས་ཅན་གྲངས་མེད་འདྲེན། གྱ་བརྒྱད་ཤིང་མོ་གླང་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་དགུ་ལ་སྒྲ་འོད་ཟེར་གསུམ་བཅས་བོན་ཉིད་དབྱིངས་སུ་གཤེགས།
༣ ལི་ཤུའི་སྤྲུལ་པ་ནམ་མཁའ་ཡེ་ཤེས་ནི། ས་མོ་གླང་གི་ལོ་ལ་རྟའུ་སྦ་ཞབས་སུ་ཡབ་ཚེ་དབང་དང་ཡུམ་ཡེ་ཤེས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ནས་དགུང་ལོ་སོ་བརྒྱད་མེ་ཕོ་སྟག་གི་ལོར། གོང་མའི་གདན་ས་འཛིན་ནས་སེམས་ཅན་བྱེ་བ་ས་ཡ་འདྲེན། རེ་དྲུག་ཤིང་ཕོ་རྟ་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ལ་མི་རྟག་ཚུལ་བསྟན་བདེ་ཆེན་དབྱིངས་སུ་གཤེགས།
༤ ཚེ་དབང་ཐུགས་སྤྲུལ་ཀུན་བཟང་རྒྱལ་མཚན་ཤིང་ཕོ་འབྲུག་གི་ལོར། རྒྱལ་རོང་རྫུ་ཡུལ་ཡབ་གནམ་བོན་ཀླུ་རྒྱས་དང་ཡུམ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ནས་དགུང་ལོ་ང་གཉིས་ཤིང་མོ་ལུག་གི་ལོར་རྒྱལ་བའི་གསེར་ཁྲི་སྐྱོངས་ནས་སེམས་ཅན་གྲངས་མེད་འདྲེན། རེ་གཅིག་ཤིང་འབྲུག་ལོ་ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་མྱ་ངན་བོན་ཉིད་དབྱིངས་སུ་གཤེགས།
༥ སྟོང་རྒྱུང་སྤྲུལ་པ་རིན་ཆེན་རྒྱལ་མཚན་ནི་ལྕགས་མོ་ལུག་ལ། རྒྱལ་རོང་སྤྲོད་ནང་ཡབ་གྲུབ་ཐོབ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སོ་ལྔ་ཤིང་མོ་སྦྲུལ་ལོར་གོང་མའི་གདན་ས་འཛིན་ནས་སེམས་ཅན་བྱེ་བ་འདྲེན། དྲུག་ཅུ་ལྕགས་རྟའི་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་ལ་ཕུང་པོ་ལྷག་མ་མ་ལུས་པར་སངས་རྒྱས་པའོ། །
༦ ཚེ་དབང་སྤྲུལ་པ་ཚུལ་ཁྲིམས་རྒྱལ་མཚན་ནི་ཤིང་མོ་ལུག་ལོ་ཚ་རོང་ཡུལ་ནས། ཡབ་སེང་གེ་རྒྱས་དང་ཡུམ་ས་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ནས་སོ་བདུན་ལྕགས་ལུག་མཉམ་མེད་གདན་ས་འཁོད་ནས་སེམས་ཅན་འབུམ་ཕྲག་འདྲེན། ང་བདུན་ལྕགས་ཡོས་ལོ་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ལ་དགོངས་པ་བོན་དབྱིངས་གཤེགས།
༧ སྟག་ལའི་སྤྲུལ་པ་བསོད་ནམས་ཡེ་ཤེས་ནི་མེ་ཕོ་འབྲུག་ལོར་རྒྱལ་རོང་སྒོ་འཛུང་ནས་ཡབ་ཚེ་དབང་སྐྱབས་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་ནས་སོ་བདུན་ཆུ་ཕོ་འབྲུག་གི་ལོ། གོང་མའི་གདན་ས་འཁོད་ནས་སེམས་དུང་ཕྱུར་འདྲེན། དོན་དགུ་ཤིང་ཁྱིའི་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་ལ་བོན་ཉིད་དབྱིངས་སུ་གཤེགས།
༨ གཡུ་ལོའི་སྤྲུལ་པ་བསོད་ནམས་གཡུང་དྲུང་ནི། མེ་བྱའི་ལོ་ལ་ཁྲོམ་ར་ཡབ་བྷ་ལ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སོ་དགུ་ཤིང་ཕག་ལོ་ལ་གདན་ས་སྐྱོངས་ནས་སེམས་ཅན་འབུམ་ཕྲག་འདྲེན། དོན་གསུམ་ས་བྱ་ལོ་ལ་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་བདེན་ཆེན་དབྱིངས་སུ་ཡེ་སངས་རྒྱས།
༩ འབྲུག་གསས་སྤྲུལ་པ་ཤེ་ཙུ་དྲུང་མུ་ནི་རྒྱལ་རོང་རྫུ་ཡུལ་ན་ལྕགས་འབྲུག་ཡབ་ཨ་མཁའ་བསོད་ནམས་འབུམ་དང་ཡུམ་གཡུང་དྲུང་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། སོ་གཅིག་ལྕགས་ཁྱི་ལོ་ལ་རྒྱལ་བའི་གདན་ས་འཛིན་ནས་སེམས་དགུ་འབུམ་འདྲེན། རེ་དགུ་ས་བྱི་ལོ་ལ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་བསྟན་དགྲ་འདུལ་ཕྱིར་འབྲུག་གསས་དངོས་སུ་སྤྲུལ་ནས་བསྟན་དགྲ་མ་ལུས་བསྒྲལ་ནས་གཞའ་ལུས་མཁའ་ལ་གཤེགས་ནས་ཕུང་པོ་ལྷག་མེད་སངས་རྒྱས་སོ། །
༡༠ དྲན་པའི་སྤྲུལ་པ་ཤེས་རབ་འོད་ཟེར་༼འདི་ཤོག་སྣེ་རུལ་བས་མི་གསལ༽ཡབ་ཤེས་རབ་འབུམ་དང་ཡུམ་ལྷ་མོ་གཉིས་ཀྱི་མེ་འབྲུལ་ལོ་ལ་སྲས་སུ་འཁྲུངས། སོ་བཞི་ས་མོ་གླང་ལོར་རྒྱལ་བའི་གདན་ས་འཛིན་སེམས་ཅན་དགུ་འབུམ་འདྲེན། ང་རྒྱད་ཆུ་གླང་ལོ་ལ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་བོན་ཉིད་དབྱིངས་སུ་གཤེགས།
༡༡ སྟོང་རྒྱུང་སྤྲུལ་པ་གཡུང་དྲུང་རྒྱལ་མཚན་ནི། རྒྱལ་རོང་བྲག་སྟེང་ས་ཆ་ཡབ་གཡུང་དྲུང་ཐར་དང་ཡུམ་ཚེ་དབང་མཚོ་གཉིས་མེ་ཁྱི་ལོ་ལ་སྲས་སུ་འཁྲུངས། ཉེར་དགུ་ཤིང་ཕོ་སྟག་ལོ་ལ་རྒྱལ་བའི་གདན་ས་སྐྱོངས་ནས་སེམས་ཅན་བྱེ་བ་འདྲེན། དྲུག་ཅུ་ཤིང་བྱ་ལོ་ཧོར་ཟླ་བཅུ་པ་ཚེས་སུམ་ཅུ་ལ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
༡༢ ཁྲི་ལྡེ་འོད་པོ་སྤྲུལ་པ་ཤེས་རབ་བློ་གྲོས་ནི། རྒྱལ་རོང་ཁྲོ་སྐྱབས་ཕུར་དུ་ཡབ་ཤེས་རབ་རྒྱལ་དང་ཡུམ་ས་སྨོན་གཉིས་ཀྱི་ཆུ་བྱི་ལོར་སྲས་སུ་འཁྲུངས། སོ་ལྔ་མེ་ཁྱི་ལོ་ལ་གོང་མའི་གདན་ས་འཛིན་ནས་སེམས་ཅན་དྲུག་འབུམ་འདྲེན། དྲུག་ཅུ་ལྕགས་མོ་ཕག་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ལ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
༡༣ ཙོ་མིན་གྱེར་ཆེན་སྤྲུལ་པ་ཤེས་རབ་འོད་ཟེར་ནི། མེ་ཁྱི་ལོ་རྒྱལ་རོང་འབྲུག་སྨན་ཡབ་བཀྲ་ཤིས་འབུམ་དང་ཡམ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཉེར་བདུན་ཆུ་བྱི་ལོ་ལ་མཉམ་མེད་གདན་ས་འཛིན་ནས་སེམས་ཅན་སུམ་སྟོང་འདྲེན། སུམ་ཅུ་ཤིང་མོ་ཡོས་ལོ་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་བོན་ཉིད་ཡེ་སངས་རྒྱས་སོ། །
༡༤ གཙུག་སྲས་རྨ་འོ་ཐུགས་སྤྲུལ་གཙུག་ཕུད་འོད་ཟེར་ནི། ས་གླང་ལོ་སོག་པོ་སྒོ་ཚེ་ཡབ་ནམ་མཁའ་ཚེ་རིང་དང་ཡམ་པད་མ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ཉེར་བརྒྱད་མེ་ཕོ་འབྲུག་ལོ་སྨན་རི་གསེར་ཁྲི་སྐྱོངས་ནས་སེམས་ཅན་ས་ཡའི་འགྲོ་དོན་མཛད། ཞེ་དགུ་མེ་མོ་གླང་ལོ་ཧོར་ཟླ་དང་པོ་ཚེས་བཅུ་དྲུག་ལ་བོན་ཉིད་དབྱིངས་སུ་གཤེགས་སོ། །
༡༥ རྒྱལ་གཤེན་བསམ་ལེགས་སྤྲུལ་པ་གཡུང་དྲུང་ཚུལ་ཁྲིམས་ནི། ཨ་མདོ་༼འདིར་ཤོག་སྣེ་རུལ་བས་མི་མཐོང་༽ཡབ་གཡུང་དྲུང་དང་ཡུམ་དར་སྨན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོ་ལ་འཁྲུངས། སོ་ལྔ་ས་སྟག་ལོ་རྒྱལ་བའི་གདན་ས་འཛིན་ནས་ སེམས་ཅན་དགུ་འབུམ་འདྲེན། དྲུག་ཅུ་ཆུ་ཡོས་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་བོན་ཉིད་དབྱིངས་སུ་གཤེགས།
༡༦ ཞང་ཞུང་ཏིང་གསལ་སྤྲུལ་པ་རིན་ཆེན་འོད་ཟེར་ནི། མེ་ལུག་ལོ་རྒྱལ་རོང་རྒྱལ་མོ་རོང་ས་ཆ་རུ་ཡབ་རྒྱ་མཚོ་ཚེ་རིང་དང་ཡུམ་གནམ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ང་བརྒྱད་ཤིང་འབྲུག་ལོ་མཉམ་མེད་གདན་ས་འཛིན་ནས་སེམས་ཅན་འབུམ་ཕྲག་འདྲེན། རེ་དགུ་ཤིང་ཡོས་ལོ་ཧོར་ཟླ་དང་པོ་ཚེས་ཉེར་དགུ་ལ་མི་རྟག་མྱ་ངན་འདས།
༡༧ འདོད་རྒུའི་སྤྲུལ་པ་རིན་ཆེན་ལྷུན་གྲུབ་ནི། མེ་འབྲུག་ལོ་ལ་རྒྱལ་རོང་བཙན་ལྷ་མ་ལོང་སྟེང་ཡབ་སྐལ་བཟང་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་ཅུ་ཤིང་ཡོས་ལ་གོང་མའི་གདན་ས་འཛིན་ནས་སེམས་འབུམ་ཕྲག་འདྲེན། གྱ་ལྔ་ས་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་བོན་ཉིད་དབྱིངས་སུ་གཤེགས།
༡༨ འོད་ཟེར་གནས་འཛིན་སྤྲུལ་པ་ཤེས་རབ་བསྟན་འཛིན་ནི། ཤིང་སྤྲེལ་ལོ་ལ་རྒྱལ་རོང་ཕོ་བྲང་སྟེང་ཡབ་གར་མགོན་ལྷ་འབུམ་དང་ཡུམ་བསོད་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ང་བདུན་ལྕགས་འབྲུག་ལོར་སྨན་རིའི་གསེར་ཁྲི་སྐྱོངས་ནས་སེམས་ཅན་དགུ་འབུམ་འདྲེན། དོན་གཉིས་ཤིང་ལུག་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ལ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
༡༩ ཚེ་དབང་སྤྲུལ་པ་ཤེས་རབ་དབང་རྒྱལ་ནི། མེ་སྟག་ལོ་རྒྱ་ནག་རྒྱ་ཡུལ་ལྕག་ཟམ་སྟོད་འགག་ས་ཆ་རུ། ཡབ་གཡུང་དྲུང་འབུམ་དང་ཡུམ་ཤེས་རབ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། སོ་གཅིག་མེ་སྤྲེལ་ལོ་མཉམ་མེད་གདན་ས་འཛིན་ནས་སེམས་ཅན་གྲངས་མེད་འདྲེན། ཞེ་གསུམ་ས་སྤྲེལ་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་བོན་ཉིད་དབྱིངས་སུ་གཤེགས།
༢༠ དྲང་སྲོང་རྒྱལ་བའི་སྤྲུ་པ་གཡུང་དྲུང་དབང་རྒྱལ་ནི། ཆུ་བྱ་ལོ་རྒྱལ་རོང་ཕོ་བྲང་སྟེང་ཡབ་རྒྱལ་བསྟན་ཚེ་དབང་གཡུང་དྲུང་དང་ཡུམ་བཀྲ་ཤིས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། སོ་བདུན་ས་བྱ་ལོ་ལ་གོང་མའི་གདན་ས་འཛིན་ནས་བསྟན་པ་ཕྱོགས་བཅུར་སྤེལ། ང་གཉིས་ཤིང་བྱི་ལོ་ཧོར་ཟླ་བཞི་པའི་ཚེས་ཉེར་གཅིག་ལ་བོན་ཉིད་དབྱིངས་སུ་གཤེགས།
༢༡ འ་ཞའི་ཐུགས་སྤྲུལ་ཕུན་ཚོགས་རྣམ་རྒྱལ་ནི། ༼འདིར་ཤོག་སྣེ་རུལ་བས་མི་མཐོང་༽ཡབ་ཤེས་རབ་འབུམ་དང་ཡུམ་རྣམ་རྒྱལ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཞེ་བཞི་ཤིང་གླང་ལོ་སྨན་རིའི་གདན་ས་འཛིན་ནས་བསླབ་གསུམ་བསྟན་པ་སྤེལ། ཞེ་བརྒྱད་ས་སྦྲུལ་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གཉིས་ལ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
༢༢ མ་འོངས་ལུང་བསྟན་ཆེན་པོ་ལ་སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་ནི། བསོད་ནམས་བློ་གྲོས་མཚན་ཅན་གྱིས། འབུམ་ཕྲག་དུ་མའི་འགྲོ་དོན་མཛད། སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་བསོད་ནམས་བློ་གྲོས་ནི་ཤིང་འབྲུག་རྒྱལ་རོང་རྫུ་ཡུལ་རྒྱར་ཚང་ཡབ་ཤཀྱ་བཀྲ་ཤིས་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱིས་སྲས་སུ་འཁྲུངས། ཉེར་བདུན་ལྕགས་རྟ་ལོ་ལ་རྒྱལ་བའི་གདན་སར་སྡོམ་གསུམ་བསྟན་པ་འཛིན། ༼འདིར་སྨར་ཆུང་གི་ནང་དོན་ལ། འབུམ་ཕྲག་དུ་མའི་འགྲོ་བ་འདྲེན། ཚེ་ཚད་ང་དགུ་བར་ཆད་ཞེས་ཡིན་སྙམ་བརྟག་དེ་མིན་མ་ཁྲོལ༽ཡོངས་འཛིན་དམ་པ་དེ་རྣམས་ཀྱི་ཡི་དམ་ཁྲོ་ཕུར་གཞུང་གསུམ་བཀའ་སྲུང་མ་བདུད་བཙན་གསུམ་ཕོ་ཉ་རྒྱལ་ཆེན་ཤེལ་ཁྲབ་ཡིན། བཀྲ་ཤིས་པར་གྱུར་ཅིག ཕན་ཤུགས་འགྲོ་གཉེར་རྟ་མགྲིན་གྱིས་ཡང་ཡང་བསྐུལ་ངོར། ཁྱི་ལ་སེང་གེའི་མིང་རྟགས་སྐུ་མདུན་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོས་སུག་བྲིས་བགྱིས་སོ། །འདིའི་ངོ་བོ་རྣམས་མ་འོང་ལུང་བསྟན་མཐའ་དག་ལ་གསུངས་འདུག་གོ །
ཨེ་མ་ཧོ། འདོད་དགུ་བོན་གྱི་འབྱུང་གནས་སྨན་རི་བ། །བཀའ་དྲིན་མཚུངས་མེད་རྒྱལ་ཚབ་རིམ་བྱོན་རྣམས། །མི་རྟག་ཚུལ་བསྟན་བོན་དབྱིངས་གཤེགས་པ་ཡི། །དུས་མཆོད་ཁྱད་པར་ཅན་ནི་འདི་ལྟར་རོ། །འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་ཤེས་རབ་རྒྱལ་མཚན་ཤིང་ལུག་ཧོར་ཟླ་དང་པོ་འདུལ་རྩིས་ཚེས་བརྒྱད། ཤེས་རབ་འོད་ཟེར་ཆུ་གླང་ཟླ་བཅུ་གཅིག་ཚེས་བརྒྱད་དུས་ཆེན་པོ། རིན་ཆེན་རྒྱལ་མཚན་ཤིང་སྤྲེལ་ཧོར་ཟླ་གསུམ་པའི་ཚེས་ཉེར་དགུ་དང་། ཤེས་རབ་དབང་རྒྱལ་ས་སྤྲེལ་ཟླ་བ་བཅུ་པའི་ཚེས་བཅུ་དུས་ཆེན་ཡིན། ནམ་མཁའ་ཡེ་ཤེས་ཤིང་རྟ་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་དང་། བསོད་ནམས་ཡེ་ཤེས་ཆུ་ཁྱི་ཧོར་ཟླ་དགུ་པའི་ཚེས་བཅོ་བརྒྱད་དུས་ཆེན་ཡིན་ནོ། ཀུན་བཟང་རྒྱལ་མཚན་ཤིང་འབྲུག་ཧོར་ཟླ་ལྔ་པའི་ཚེས་གཅིག་དང་། བསོད་ནམས་གཡུང་དྲུང་ཆུ་བྱ་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་དང་། གཡུང་དྲུང་དབང་རྒྱལ་ཤིང་བྱི་ཧོར་ཟླ་བཞི་པའི་ཚེས་གཅིག་ལ་དུས་ཆེན་ཡིན། རིན་ཆེན་རྒྱལ་མཚན་ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་དང་། ཤེས་རབ་བསྟན་འཛིན་མེ་ཡོས་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་དུས་ཆེན་ཡིན། ཚུལ་ཁྲིམས་རྒྱལ་མཚན་ས་ཡོས་ཧོར་ཟླ་བཞི་པའི་ཚེས་ཉེར་གཉིས་དང་། ཤེས་རབ་བློ་གྲོས་ལྕགས་ཕག་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་དང་། ཕུན་ཚོགས་རྣམ་རྒྱལ་ས་སྦྲུལ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ལ་དུས་ཆེན་ཡིན། ཤེ་ཙུ་དྲུང་མུ་ཆུ་བྱ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་དང་། གཙུག་ཕུད་འོད་ཟེར་མེ་གླང་ཧོར་ཟླ་གཅིག་པའི་ཚེས་བཅུ་དྲུག་དང་། རིན་ཆེན་འོད་ཟེར་ཤིང་ཡོས་ཧོར་ཟླ་གཅིག་པའི་ཚེས་ཉེར་དགུ་དུས་ཆེན་ཡིན། གཡུང་དྲུང་རྒྱལ་མཚན་ཤིང་བྱ་ཧོར་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ལ་དུས་ཆེན་ཡིན། ཤེས་རབ་འོད་ཟེར་ཤིང་ཡོས་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་དང་། གཡུང་དྲུང་ཚུལ་ཁྲིམས་ཆུ་ཡོས་ཧོར་ཟླ་གཅིག་པའི་ཚེས་བཅུ་གཅིག་དང་། རིན་ཆེན་ལྷུན་གྲུབ་ཤིང་ཁྱི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་དུས་ཆེན་ཡིན། ཚེས་གྲངས་རྣམས་འདུལ་རྩིས་ཡིན་ནོ། །དུས་ཁྱད་པར་ཅན་དེ་རྣམས་ལ་འགྱུར་ནི་ས་ཡ་དུང་འགྱུར་ཡོད། དེ་ཡན་ཆད་རྒྱས་ལ་བཤད་པ་ཡིན། མདོར་བསྡུས་ན་ཚེས། ༡༨ ༡༠ ༡༤ ༡༥ ༡༦ ༡༨ ༢༡ ༢༢ ༢༩ ༣༠རྣམས་དུས་ཆེན་ཡིན། རྒྱལ་བསྟན་དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
༧བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། །འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་གྱི་རྡོ་ཡི་རྟིང་རྟིང་བརྡུང་ཚུལ། ཐོག་མར་དགེ་འདུན་རྣམས་ཐུགས་དགོངས་ཟབ་མོ་ལ་བཞུགས་པ་རྣམས་དགོངས་གྲོག་པའི་ཕྱིར་ཚམ་ཚམ་གསུམ། དེ་ནས་སྙན་གསན་འབུལ་ཅིང་སྤྱན་དྲངས་པའི་ཕྱིར་གཅིག་ནས་བཅུ་གསུམ་བར་སྒྱུར་ཆེ་རྡུང་། དེ་ནས་ཕབ། རྒྱལ་བསྟན་ཆེས་ཆེར་རྒྱས་པའི་ཕྱིར་གཤང་ཆེན་གསུམ་དང་བཅས་བརྡུང་ངོ་། །མཆོག་གསུམ་རིན་ཆེན་རྣམས་ལ་ཕྱག་འཚལ་ལོ། །༧དཔལ་ལྡན་རྒྱལ་བ་སྨན་རི་བའི་ཚོགས་དུང་བཏང་བའི་ཚུལ་ནི། ཐོག་མར་བདེ་ཆེན་རྒྱལ་པོ་ཚར་གཅིག་འདོན་ནས། ཤེས་རབ་རྒྱལ་མཚན་ཞབས་ཏུ་མཆོད་དོ་ཟེར་ནས་དུང་བརྡ་གཏོང་། དེ་ནས་བདེ་ཆེན་རྒྱལ་པོ་ཚར་བཅུ་འདོན་ནས་དུང་ཚིག་བཞི་གཏོང་། དེ་ནས་ཚར་ལྔ་འདོན་ནས་དུང་ཚིག་བཞི་གཏོང་། དེ་ནས་ཚར་ལྔ་འདོན་ནས་དུང་ཚིག་བཞི་གཏོང་པའི་དུང་ཚིགས་བཅུ་གསུམ་རྫོགས་སོ། །གྲུབ་མཐའི་རྒྱལ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཐེག་ཆེན་གྱི་ས་བཅུ་གསུམ་ལ་སྙན་པའི་སྒྲ་ཆེན་བཅུ་གསུམ་སྒྲོགས་ནས་སྐུ་གསུམ་འབྲས་བུ་ཐོབ་པའི་དོན་བསྟན་པའོ། །
༧ བཀྲ་ཤིས་སྨན་རིའི་རྔ་བརྡུང་སྒྲ་དབྱངས་མ་བཞུགས་པ་ལགས།
གསང་བ་སྔགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །སྨྲ་བའི་སེང་གེ་ཤེས་རབ་རྒྱལ་མཚན་གྱི་རྔ་བརྡུང་གི་རིམ་པ་དང་ཞི་རྒྱས་དབང་དྲག་ཐོབ་ཚུལ་བཀོད་པ་དང་། གཉིས་བརྡུང་གཉིས་ནི་ཞི་བ་ཡིན། གསུམ་བརྡུང་གཉིས་ནི་དྲག་པོ་ཡིན། གཉིས་བརྡུང་གི་གསུམ་བརྡུང་ཁྲིད་པ་ནི་རྒྱས་པ་ཡིན། གསུམ་བརྡུང་གི་གཉིས་བརྡུང་ཁྲིད་པ་ནི་དབང་ཡིན། དབང་དང་རྒྱས་པ་མགོ་འཇུག་གར་བརྡུང་ཡང་། གོང་འོག་གཉིས་ཀྱི་རང་རང་གར་ཏེ་ཐོབ། ཕྱི་མཚམས་འགོ་ལ་རོལ་མོ་དགུ་བརྡུང་དང་ཞི་བ་གཉིས། ཚར་ནས་ཞི་བ་རོལ་མོ་ཞོག་རྔ་བྱ། སྐབས་འདིར་བུམ་པ་བཅའ་བ་སོགས་དང་རྒྱན་བཀོད་མེད་ན་རྒྱས་པ་ཐོབ། བར་མཚམས་དབུ་ལ་རོལ་མོ་གསུམ་བརྡུང་གཉིས། ཚར་ནས་གསུམ་བརྡུང་གཉིས་དང་རོལ་མོ་ཞོག་རྔ་བྱའོ། སྐབས་འདིར་སྐྱབས་འགྲོ་གསོལ་འདེབས་མངོན་རྟོགས་བསྒོམ། སྤྱན་འདྲེན་དབུ་ལ་རོལ་མོ་གཉིས་བརྡུང་གཉིས། ཚར་ནས་ཞི་བ་རོལ་མོ་ཞོག་རྔ་བྱའོ། སྐབས་འདིར་ཕྱག་བཤགས་སོགས་ལ་རྔ་མི་ཐོབ། གསང་མཚམས་དབུ་ལ་རོལ་མོ་གསུམ་བརྡུང་གཉིས། ཚར་ནས་གསང་མཚམས་རྣམ་བརྒྱད་བར་དབང་གི་རྔ། དབལ་གཏོར་ཤ་ཁྲག་གཉིས་ལ་དྲག་པོའོ། སྦྱོར་སྒྲོལ་སོགས་ལ་ཞི་བ་རོལ་མོ་མཛོད། སྐབས་འདིར་བསྟུན་ལ་འཛབ་བསྟོད་བྱ། འཛབ་བསྟོད་ལ་གཉིས་བརྡུང་དང་རོལ་མོ་ཞོག་རྔའོ། ཚོགས་ཀྱི་སྤྱན་འདྲེན་དབུ་ལ་ཕྱི་མཚམས་ལྟར། སྟོང་སྒྲོལ་དབུ་ལ་ཞི་བའི་རྔ། སྟོང་བསྒྲལ་མཆོད་པ་འབུལ་བར་ལ་རྒྱས་པའི་རྔ། མཆོད་འབུལ་བཤགས་པའི་རིགས་ལ་དབང་གི་རྔ། བཤགས་པ་བསྒྲལ་ཆེན་བར་ལ་རྒྱས་པའི་རྔ། བསྒྲལ་ཆེན་ཚར་ནས་དྲག་པོའི་རྔ། བསྟབ་པ་རྒྱུད་བསྐང་བར་དབང་གི་རྔ། རྒྱུད་བསྐང་སྔ་དར་བརྒྱུད་པ་ཞི་བའི་རྔ། ཕྱི་དར་ཁྱད་པར་བསྐང་བའི་བར་ལ་རྒྱས་པའི་རྔ། ཁྱད་པར་མི་མདུད་དབུ་ལ་དྲག་པོའི་རྔ། མི་བདུད་སྤྱན་འདྲེན་ཚར་ནས་དྲག་རྔ་མཐིང་བརྡུང་ཁྲིད་ནས་ཁ་བསྐང་གཏོར་འབུལ་ལྟར། ཚར་ནས་སུམ་བརྡུང་རོལ་མོ་ཞོག་རྔ་བྱ། སྐབས་འདིར་སྐུ་བསྟོད་དབུ་ལ་རོལ་མོ་ཞི་བའོ། སྐུ་བསྟོད་ཚར་ནས་ཞི་བ་རོལ་མོ་ཞོག་རྔའོ། །
སྐབས་འདིར་སྔགས་སྒྲུབས་བཏང་།
མེ་རི་སྙིང་ཐིག་སྟག་ལའི་དབུ་ལ་རོལ་མོ་མེད། དྲེའུ་ནག་དབུ་ལ་རོལ་མོ་དགུ་བརྡུང་གཉིས་བརྡུང་། དྲེའུ་གཉིས་བརྡུང་། མི་བདུད་སྤྱན་འདྲེན་ལ་རྒྱས་པའི་རྔ། ཞང་ཞུང་སྨར་གྱི་འབྲུག་ཁྱུང་སྔོན་མོ་རླུང་སྨྲིག་སོགས་ལ་དྲག་པོའི་རྔ། བཙན་རྒྱལ་ཡུམ་སྲས་རྣམས་ལ་དྲག་པོའི་རྔ། ཤམ་དུ་དབང་གི་རྔ་རོལ་མོ་ཞོག་རྔ་བྱ། གཤེན་ལྷ་འོད་དཀར་དབུ་ལ་རོལ་མོ་དང་ནི་ཞི་བ་བྱ། གོང་འོག་བར་རྒྱས་པའོ། འོག་མའི་ཞུག་དང་འདྲ་བའི་དབུ་ལ་དབང་གི་རྔ། ཚར་བའི་ཞུག་ནས་གཏོར་འབུལ་རྔ། གཞན་ཡང་ཞི་རྒྱས་དབང་དྲག་གསུམ་གྱི་སྐུ་བསྟོད་དང་། བྱིན་འབེབས་གསོལ་འདེབས་རྣམས་ལ་རྔ་བརྡུང་འཐད། །
༧ ཕྱི་ནང་གཉིས་ཀྱི་མཆོད་རྔ་ལ།
དང་པོ་ཚད་མེད་བཞི་ལྡན་དང་། རྔ་ཆུང་བ་བཅོ་བརྒྱད་ལ་བདེ་ཆེན་རྒྱལ་པོ་སོགས་ཚིག་བཤད་གཉིས་བརྗོད། དེ་རྗེས་རྔ་ཆེ་བ་བཅོ་བརྒྱད་ལ། འཛམ་གླིང་བོན་གྱི་སོགས་བཅོ་བརྒྱད་འདོན། དེ་བཞིན་ཚར་གསུམ་བརྗོད་ནས་རོལ་མོ་ཞོག་རྔ་དཔེ་རིས་ལྟར་བྱ། རྗེ་བཙུན་ཤེས་རབ་རྒྱལ་མཚན་གྱི་མ་འོངས་རྗེས་འཇུག་རྣམས་བརྩེ་བར་དགོངས་ནས་གསུངས་པའོ། ཕྱི་མཚམས་དང་བཀའ་སྐྱོང་འགོ་སྤྱན་འདྲེན་དབུ་གསུམ་འདྲེས་སོ། རྔ་བརྡུང་ཞི་བ། དྲག་པོ། རྒྱས་པ། དབང་སོགས། གཏོར་འབུལ་སོགས་དཔེ་རིས་ལྟར་ཟུར་དུ་ཤེས།
བཀྲ་ཤིས་སྨན་རིའི་རྔ་བརྡུང་སྒྲ་དབྱངས་མའོ།།
བདུད་ཀྱི་ཚོགས་རྔ་དྲལ་བཞི་ལྕམ་བརྒྱད་འདི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་མི་བདུད་ཞལ་གཟིགས་པའི་དུས་སུ་མཛད་པ། བརྡུང་ཚུལ་དཔེ་རིས་ལྟར།
རྐང་དུང་འབུད་ཚུལ་ནི།
བྱིན་རླབས་ཆར་འབེབས་མ། ཞི་བ། ཧ་གཅིག་ཅན་གཉིས། ཧ་བཞི་ཅན་གཉིས། ཧ་ལྔ་ཅན་གཅིག གཏད་པ་མདའ་གཞུ་མ། དབང་། ཧ་གཅིག་ཅན་གཅིག གཉིས་ཅན་གསུམ། བྱིན་ཆེན་དབྱིངས་འབེབས་མ། རྒྱས་པ། ཧ་གཅིག་ཅན་གསུམ། གཉིས་ཅན་གཅིག བཞི་ཅན་གཅིག དགྲ་བགེགས་དཔུང་འཇོམས་མ། དྲག་པོ། ཧ་གཅིག་ཅན་གཅིག ལྔ་ཅན་གཅིག་བཅས་གསལ། ཞི་རྒྱས་དབང་གི་རྐང་དུང་འབུད་ཚུལ་འདི་ནི་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྙན་དུ་བརྒྱུད་པའོ། །
༧ ཆུ་གཏོར་གྱི་སྒྲ་བཏང་ལུགས་ནི།
སྔོན་འགྲོའི་བོན་སྤྱོད་ལ། གཅིག་བརྡུང་། མཚམས་བཅད་ལ་གཅིག་བརྡུང་རིང་བ། བདུད་རྩི་ཆུ་རྒྱུན་སྲིད་ཞུ་ལྟར། གཅིག་བརྡུང་རིང་བ། ཀླུ་གཏོར་ཡོན་ཏན་ལྟར། གཉིས་བརྡུང་། འཛམ་ལྷ་ལ་ལན་ཆགས་ལ། གསུམ་བརྡུང་། ཆུ་སྦྱིན་གྲོ་མོ་དང་བར་དོ་གཏོར་མ་ལ། ཆེ་བ་གཅིག་ཆུང་བ་གཅིག་ཆེ་བ་གཉིས། དེ་ལྟར་རོ། ཆུ་སྦྱིན་ནག་མོ་ལ་སྒྲ་མི་འོས། ཁ་སྐོང་ལ། ཆེ་བ་གཅིག་ཆུང་བ་གཅིག་ཆེ་བ་གཉིས། བཤལ་ཆུ་ཁ་སྐོང་ལྟར་རོ། གཤེགས་གསོལ། གཉིས་བརྡུང་། བསྔོ་བ་སྨོན་ལམ་སྙིང་རྗེ་ལྟར་རོ། དཔེ་རིས་དུ་གཟིགས། ཆུ་གཏོར་གྱི་སྒྲ་བཏང་ཐབས་མཉམ་མེད་ཆེན་པོའི་ལུགས་དགེའོ། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དུང་ཆེན་འབུད་ཚུལ་གོང་མའི་ཕྱག་ལེན་འཁྱུག་མེད་བཞུགས། བླ་མ་སྤྱན་དྲངས། ཧ་ཧ་ཧ། ནང་དོན་ལ། ཨེ་མ་ཧོ། རྒྱལ་ཀུན་ངོ་བོ་རྗེ་བཙུན། རྩ་བའི་བླ་མ་བདག་གི་སྤྱི་བོའི་བར་མའི་གདན་བཞུགས་ལ། བྱང་ཆུབ་བར་དུ་བརྩེ་བས་རྗེས་བཟུང་སྟེ། གསང་བ་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ། ཧ་ཧ་ཧ། གངས་རི་ཉི་ཤར་ལ། ལྷ་རྒྱལ་ལོ་གསུམ། རང་སེམས་གངས་རི་དཀར་པོ་ལ། རང་རིག་གསེར་གྱི་ཉི་མ་ཤར། མ་རིག་བློ་ཡི་མུན་པ་སེལ། སྐུ་གསུམ་འབྲས་བུ་ཐོབ་པར་ཤོག ལྷ་རྒྱལ་ལོ༣། ཧ་ཧ་ཧ། སྦྲང་མ་ཚང་འཁོར་ལ། ཧ་ཧ་ཧ། ལྷ་རྒྱལ་ལོ༣། བོན་སྒོ་བརྒྱད་ཁྲི་བཞི་སྟོང་པད་ཚལ་དུ། མཁས་བཙུན་བཟང་པོ་ཡོན་ཏན་སྦྲང་རྩི་བཅུད། གདུལ་བྱ་རྐང་དྲུག་བློར་འཚམས་འདོད་པ་འཇོ། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཐུགས་རྗེས་བཟུང་། ཧ་ཧ་ཧ། ཀུན་བཟང་མཆོད་སྤྲིན་ལ། ཧ། མཆོད་དོ་འབུལ་ལོ། སྐྱབས་གནས་ཕྱི་ནང་གསང་བའི་ཡང་གསང་ལ། ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བའི་མཁྱེན། ཡོངས་སུ་གོང་ནས་འབུལ་ལོ་བཞེས་སུ་གསོལ། མཆོག་ཐུན་དངོས་གྲུབ་སྩོལ། གཡུང་དྲུང་དགུ་རྩགཧ་ཧ་ཧ། ལྷ་རྒྱལ་ལོ༣། གཡུང་དུང་བོན་བསྟན་དར་ཞིང་རྒྱས་པ་དང་། རྒྱལ་ལོ་བོན་དང་གཤེན་གྱི་ལྷ་རྒྱལ་ལོ། རྣམ་བཞི་འཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་། རྒྱལ་ལོ་བོན་དང་གཤེན་གྱི་ལྷ་རྒྱལ་ལོ། སེམས་ཅན་བདེ་སྐྱིད་ཕུན་སུམ་འཚོགས་པར་ཤོག གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་ཕྱར། རྒྱལ་ལོ་བོན་དང་གཤེན་གྱི་ལྷ་རྒྱལ་ལོ། བཀྲ་ཤིས་དམ་པར་ཐོབ་པའི་བཀྲ་ཤིས་ཤོག ལྷ་རྒྱལ་ལོ༣། བཀྲ་ཤིས་ཤོག༣། སྐུ་སྤྱན་དྲངས་བའི་དོན་བླ་མ་སྤྱན་དྲངས་དང་། ཐུགས་གསལ་མངོན་དུ་ཕྱུང་བའི་དོན་དུ་གངས་རི་ཉི་ཤར་དང་། གསུང་ཚངས་དབྱངས་དྲུག་ཅུ་ཚང་བ་སྦྲང་མའི་ཚང་འཁོར་དང་། ཡོན་ཏན་དགོས་འདོད་ཀུན་འབྱུང་ཀུན་བཟང་མཆོད་སྤྲིན་དང་། འཕྲིན་ལས་ལྷུན་གྱིས་གྲུབ་པའི་གཡུང་དྲུང་དགུ་རྩག་འདི་རྣམས་༧རྗེ་རིན་པོ་ཆེ་སོགས་གོང་མའི་མཁས་གྲུབ་ཀུན་གྱིས་མཛད་སྲོལ་ཡིན་འདུག་པའི་བློ་དམན་རྣམས་ལ་ཕན་ཕྱིར་གཤེན་གྱི་དྲང་སྲོང་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོས་བློ་རྟེན་དུ་བྲིས་པ་དགེ་ལེགས་འཕེལ་བར་ཤོག བཀྲ་ཤིས་པར་ཤོག དགེའོ།། །།