ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> མདོས་གླུད་དར་ཚུལ།
མདོས་གླུད་དར་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲང་སྲོང་རྣམ་རྒྱལ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      མདོས་ཀྱི་ལམ་སྲོལ་ཐོག་མར་བོད་དུ་བར་བའི་དུས་སྐབས་དེ་ནི། མཁས་པ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་བོད་ལ་ཕེབས་པའི་དུས་སྐབས་དེར་ངོས་འཛིན་གནང་ཡོད། བོད་ནི་ཞང་བོད་གཉིས་སུ་ཕྱེ་པའི་བོད་དང་། ཞང་བོད་གཅིག་གྱུར་སྐབས་ཀྱི་བོད་ཅེས་པ་མི་འདྲ། ཕྱི་མའི་དབང་དུ་བྱས་ཏེ་མདོས་ཀྱི་ལམ་སྲོལ་དེ་ཐོག་མར་སྟོན་པ་བོད་དུ་ཕེབས་པའི་དུས་སྐབས་ལ་སྦྱར་ན་མ་འགྲིགས་ཏེ། ཞང་ཞུང་དང་བོད་ཡུལ་གཉིས་སུ་འབྲས་བུའི་ཐེག་པ་ལ་དང་སྔ་ཕྱི་ཡོད་པ་ཇི་བཞིན་རྒྱུ་ཡི་ཐེག་པ་ལའང་དར་སྔ་ཕྱི་ཡོད་ཆོག་པས་སོ། ། ཞང་བོད་གཉིས་སུ་ཕྱེ་བའི་བོད་ལ་མདོས་ཆོག་ཀོག་མར་དར་བའི་དུས་སྐབས་དེ་ནི་སྟོན་པ་གཤེན་རབ་མི་བོ་བོད་ལ་ཕེབས་པའི་དུས་དེར་ཡིན་ངེས། དེའི་ཚུལ་ཡང་མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ་བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་རྩི་ཤིང་བན་བུན་དང་། ཞུགས་ཤང་དང་། གསེར་སྐྱེམས་བསྟན། ཅེས་གསལ་འདུག་པ་མ་ཟད། སྣང་སྲིད་སྤྱི་མདོས་ལག་བྲིས་དཔེ་རྙིང་༼༨B༽ལས། བདུད་བོན་གྱི་དམར་ཐབས་ལ། ། གཤེན་རབ་ནི་ཅི་༼དགྱེས༽བགྱེས་ཏེ། ། ཁྱབ་པ་ནི་ཆམ་ལ་ཕབ། ། འབྲུ་དཀར་གྱི་ཏོར་མ་བཀང་༼བསྐང༽། ། དམར་ཐག་༼ཐབ་ཀྱི་༽གི་འདྲེས་བྱུང་ན། ། གཤེན་ལྷ་ལ་ནོང་པ་མཐོལ། ། གདོན་བོན་གྱི་ཤེ་ཆུའི་༼ཚུའི༽སྐྱེམས། ། གཤེན་རབ་ནི་ཅི་དགྱེས་ཏེ། ། གདོན་འདྲེ་ནི་ཆོམ་ལ་ཕབ། ། འབྲུ་ཀར༼དཀར་༽གྱི་ཡུ་ཏིས་བཀང་། ། ཤེ་ཚུ་ཡི་འདྲེས་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། ། ཞེས་དང་། ༼༡༠A༽ལས། བཙན་རྗེ་ནི་ཅི་ལ་བགྱིས། བཟའ་བ་དེ་ཤ་ལ་རྔམ། ། བཏུང་བ་དེ་ཁྲག་ལ་ཧབ། ། ལེན་པ་དེ་སྲོག་དབུགས་ལེན། ། སྡོང་བ་ན་བགེགས་དང་སྡོང་། །གྲོགས་པ་ན་གཉན་དང་འགྲོགས། ། མགོན་པ་ནི་བཚན་བོན་མགོན། ། འཚེ་བ་ནི་གསས༼ལྷ་ལ་གོ༽ལ་འཚེ། ། གཤེན་རབ་ནི་བཀའ་བཙན་པས། ། ཛོ་དམར་ན་ཀླད་ལ་གཟེར། ། སྲོག་ཐག་ནི་གཤེན་ལ་བཅོལ། ། ཐ་ཚིག་ནི་ཡས་སྟགས་སྲིད། ། སྲོག་གླུད་ལ་ནམ་མཁས་བརྔན། ། དབུགས་གླུད་ལ་རླུང་གིས་བརྔན། ། དྲོད་གླུད་ལ་མར་མྱེས་མེས་བརྔན། ། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ། ཤ་གླུད་ལ་ཁམ་སས་བརྔན། ། ཞེས་སོགས་འཁོད།

      སྲིད་པ་སྤྱི་མདོས་ཀྱི་ལུང་དལ་བུར་ཀླགས་ན་འདི་ལྟར་ཤེས་ནུས། སྟོན་པ་བོད་ལ་ཕེབས་དུས་ཆེས་ལ་ཐོག་གི་བོན་པོ་རྣམས་ཀྱིས་རང་བྱུང་ཁམས་བརྟག་དཔྱད་བྱས་ཏེ། གཙོ་བོ་ཡུལ་ལྷ་མཐུ་རྩལ་སྣ་ཚོགས་པ་དང་། གཡེན་ཁམས་ཀྱི་ལྷ་འདྲེའི་རྣམ་པ་ཅན་ཅི་རིགས་ཡོད་པ་དེ་དག དུས་ཡུན་རིང་པོའི་ནང་དུ་མི་རྣམས་དང་དངོས་སུ་འགྲོགས་འདྲིས་བྱས་པ་བརྒྱུད། དེ་དག་ལ་ཤ་ཁྲག་དང་སྲོག་མཆོད་ཕུལ་བས་གནས་སྐབས་འགར་མི་ལ་མགོན་དང་དཔུང་གཉེན་བྱེད་མཁཔ་ཡང་ཅི་མང་བྱུང་ཡོད་པར་བརྟེན། དེ་དག་ལ་ལྷ་འབོད་དང་ཀླུ་མཆོད་ཀྱི་འདོན་པ་གྱེར་མཁན་ནམ་བོན་མཁན་དེ་དག་ཆེས་ཡ་ཐོག་གི་བོན་པོ་ཡིན་ཞིང་། བོན་ཞེས་པ་ནི། གྱེར་བ་དང་བཟློ་བ་ལ་འཇུག་པས་དེ་ལ་བདག་སྒྲ་པོ་སྦྱར་བས་བོན་པོ་ཞེས་ཆགས་པ་རེད། དོན་དུ་བོན་པོ་ཞེས་པ་གྱེར་བ་པོ་དང་། བཟློ་བ་པོ་ཟེར་བ་དང་འདྲ། སྐབས་དེ་དུས་ཀྱི་བོན་པོ་དེ་དག་གི་ནང་ཚན་དུ་བདུད་མཆོད་པའི་རིགས་ཡིན་པའམ་བདུད་བཟློག་པར་བྱེད་མཁན་ལ་བདུད་བོན་དང་། བཙན་གསོལ་བའི་རིགས་སམ་བཙན་བཅོས་མཁན་ལ་བཙན་བོན་ཞེས་ཟེར། དེ་རྣམས་བླང་དོར་གྱི་གནང་ལ་ཤིན་ཏུ་རྨོངས་ཏེ་སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བའི་དམར་ཐབས་དང་། ཤེ་ཚུ་སྟེ༼ཞང་སྐད་དུ་ཁྲག་ལ་གོ༽ཁྲག་གི་སྐྱེམས་མཆོད་པར་བྱེད་དེ་ངན་འགྲོའི་རྒྱུ་མི་བཟད་པ་སྒྲུབ་མཁན་དེ་དག་ལ། སྟོན་པ་ཉིད་ཐུགས་ཤིན་ཏུ་མ་བཟོད་དེ་མ་དགྱེས་ནས། སྙིང་རྗེའི་དབང་གིས་བདུད་རྗེ་ཁྱབ་པ་ལག་རིང་དང་། གདོན་འདྲེ་སོགས་ཆམ་ལ་ཕབ་པ་དང་། ལྷག་ཏུ་བཙན་རྗེ་ནི། བཙན་བོན་རྣམས་ཀྱི་མགིན་བྱེད་པའི་རྒྱལ་བོ་ལྟ་བུ་ཡིན་པས། དེས་ཤད་དང་ཁྲག་ལ་རྔམ་ཞིང་འགྲོ་བའི་སྲོག་དབུགས་ལ་འཚེ་བ་དང་། བགེགས་ཏེ་སེམས་ཅན་གྱི་ཚེ་སྲོག་ལ་གེགས་བྱེད་མཁན་དང་ཡིད་མཐུན་ཞིང་། བདུད་སྡིག་ཏོ་ཅན་དང་མཉམ་དུ་བསྡོངས་ནས་རྟག་ཏུ་སེམས་ཅན་ལ་གནོད་འཚེ་བྱེད་ཀྱི་ཡོད་པས། བཙན་རྗེ་ནི་ཅི་ལ་དགྱེས། ཞེས་སྟོན་པས་བཙན་རྗེ་ལ་ནི་ཅི་ལ་དགྱེས་ཏེ་མ་དགྱེས་ནས། སྙིང་རྗེས་ཛོ་དམར་ཞེས་པ་མཐུ་སྟོབས་ཀྱིས་བྱིན་གྱི་བརླབས་པའ་རྫས་ཆ་གང་ཞིག་བཙན་རྗེའི་ཀླད་ལ་གཟེར་ནས་དམ་བཏགས་པས། བཙན་རྗེ་རང་དབང་མེད་པར་དམ་ལ་འདུས་ཤིང་། རང་གི་སྲོག་སྙིང་ཕུལ་ནས་སྟོན་པས་ཇི་ལྟར་བགོས་པ་བཞིན་དུ་ཁས་ལེན་མི་ཞུ་དབང་མེད་དུ་གྱུར་པ་མ་ཟད།

     དེ་ནས་བཟུང་སྟེ་སྔར་གྱི་འཚེ་བ་ཅན་གྱི་དམར་ཐབས་དང་འདྲེས་པའི་ཉེས་པ་ལྷ་ལ་མཐོལ་དུ་བཅུག་སྟེ། དེའི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མ་འབུལ་བའི་སྲོལ་བཏོད་མཛད་པ་དང་། ཁྲག་གི་སྐྱེམས་མཆོད་དཔའི་སྐྱོན་རྣམས་གཤེན་གྱི་ལྷ་ལ་བཤགས་སུ་བཅུག་ནས་ཚབ་ཏུ་འབྲུ་དཀར་གྱི་ཡུ་ཏི་སྟེ་འབྲུ་ཆང་གིས་ཆོག་པར་མཛད་པ་དང་། སྲོག་གི་ཚབ་ཏུ་ནམ་མཁའ་སོགས་ཡས་སྟགས་ཅི་རིགས་འཐུས་པར་མཛད་པའི་མདོས་གླུད་ཀྱི་སྲོལ་གསར་དུ་ཕྱེས་པའི་གནས་ཚུལ་དེ་རིགས་ཤིན་ཏུ་གསལ་བར་བསྟན་ཡོད་པ་དེ་རེད། 
      མཁས་དབང་ནམ་མཁའི་ནོར་བུས་ཏི་སེའི་འོད་༥༠དུ། སྲིད་པ་སྤྱི་མདོས་ཀྱི་དཔེ་འདི་ལ་ཡིད་བརྟན་འཕེར་བའི་རྒྱུ་མཚན་འགའ་ཞིག་ཡོད་པ་ནི། ཞེས་པའི་སྐབས་སུ་དེ་ཉིད་ངོས་༥༡ལས། བོན་དང་ཆོས་ལུགས་སུ་གྲགས་པའི་མདོས་ཆོག་དང་། བསང་ཆོག གཡང་ཆོག རྩིས་གཏོའི་རིགས་མ་འདྲ་བ་དུ་མ་ཞིག་ཡོད་པ་འདི་དག་གིས་མཚོན། སྐུ་རིམ་གྱི་ཆོ་ག་ཞེས་སུ་གྲགས་པ་འདི་རིགས་ནི། དམངས་ཚོགས་ཀྱི་འཚོ་ཁམས་བདེ་ཐང་འབྱུང་བ་དང་། ཕྱི་ནང་སྣོད་བཅུད་ཀྱི་འབྱུང་ཁམས་ཆ་སྙོམས་པ། མིའི་ནུས་ཤུགས་དང་ཡུལ་གྱི་ནུས་ཤུགས་བར་གྱི་འབྲེལ་བ་ཇེ་བཟང་དང་། ཇེ་བརྟན་དུ་གཏོང་བ་སོགས་ཀྱི་དགོས་པ་དུ་མཞིག་ལ་བརྟེན་ནས་དམངས་ཚོགས་ཀྱིས་གནའ་རབས་ནས་ད་ལྟའི་བར་མི་རབས་སུ་རྒྱུན་མ་ཆད་པར་བེད་སྤྱོད་བྱས་ཡོད་པ་དང་བྱེད་བཞིན་འདུག ད་དུང་ཡང་བྱ་བར་འགྱུར་བའི་དངོས་པོ་ལས་ཤུགས་དང་ལྡན་པ་ཞིག་རེད། ཅེས་དང་། བོད་ཀྱི་ཡུལ་ཁམས་ཕལ་མི་ཆེར་མི་རབས་དང་། ཁྱིམ་ཚང་ནས་ཁྱིམ་ཙང་བརྒྱུད་ཅིང་། དཔེ་ནས་དཔེ་རུ་བཤུས་ཏེ་བོན་པོ་དང་། བན་དེའི་ཆོ་ག་མཁན་སུའང་བ་དག་གིས་བར་མ་ཆད་པར་བེད་སྤྱོད་བྱས་པའི་ཡིག་ལས་སྦྱོར་གྱི་སྲོག་དང་ལྡན་པ་ཞིག་ཡིན་སྟབས། དེ་དག་ལ་དུས་རིམ་གྱི་ནང་དུ་བྱུང་མྱོང་བའི་འཕོ་འགྱུར་ཅི་རིགས་ལ་ལྟོས་པའི་ལྟ་སྟངས་ཀྱི་སྐྱོན་རྩ་བ་ནས་ཞུགས་ཐབས་མེད་པ་དང་། དུས་འགྱུར་ལས་བྱུང་བའི་བསྟན་པ་སྔ་དར་དང་། ཕྱི་དར་གྱི་ཤན་ཞུགས་ཐབས་རྩ་བ་ནས་མེད། དེ་རིགས་ཀྱི་དཔེ་ཕལ་མོ་ཆེའི་ཐོག་མའི་འབྱུང་ཁུངས་ཀྱང་ཆེས་སྔ་བའི་དུས་ལ་ཐུག་ཐུབ་པ་སོགས་མདོར་ན་ཡོངས་གྲགས་ཀྱི་དཔེ་རྣམས་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མི་ཉུང་བ་ཞིག་ཡོད་ལ། ཞེས་བཀོད་པ་གནང་འདུག

      སྲིད་པ་སྤྱི་མདོས་ཀྱི་ལུང་དེས་ཞང་བོན་གཉིས་སུ་ཕྱེ་བའི་བོད་ལ་མདོས་ཆིག་ཐོག་མར་དར་བའི་དུས་སྐབས་དེ་གོང་བཤད་ལྟར་སྟོན་པ་བོད་ལ་ཕེབས་དུས་ཡིན་པ་ངེས་ཤེས་རྙེད་ཐུབ་པ་དེ་ལྟར་ཡོད་མོད་ཀྱང་། གཡུང་དྲུང་གི་བོན་དང་འགལ་བའི་ཆེས་ཡ་ཐོག་གི་བོན་པོ་རྣམས་ཀྱིས་ཤ་ཁྲག་དམར་ཐབས་དང་འབྲེལ་བའི་མཆོད་པ་འབུལ་བ་དེ་རིགས་ལ་མདོས་ཀྱིས་ཤ་ཁྲག་དམར་ཐབས་དང་འབྲེལ་བའི་མཆོད་པ་འབུལ་བ་དེ་རིགས་ལ་མདོས་ཀྱི་ཐ་སྙད་འདོགས་སམ་ཞེ་ན། རྣམ་པ་གཅིག་ཏུ་ན། སྐབས་དེ་དུས་དེ་རིགས་འགའ་ཤས་ལ་མདོས་ཞེས་ཐ་སྙད་སྦྱར་བའང་ཡོད་སྲིད་པས་སྒྲ་བཤད་པ་ཙམ་ལ་རྩོད་པ་མི་ཆེ་མོད། འོན་ཀྱང་དེ་དག་མདོས་མཚན་ཉིད་པའམ་དངོས་གནས་པ་ནི་ན་ཡིན་ཏེ། ཞང་བོན་གྱི་ལྗོངས་སུ་སྐྱོན་དང་བྲལ་བའི་མདོས་ཕུན་སུམ་ཚོགས་པ་སྲོལ་གཏོད་པ་པོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པ་གང་ཞིག དེས་མདོས་སྲོལ་བཏོད་མཛད་པའི་ཚེ། འཚེ་བ་དང་བཅས་པའི་མཆོད་པ་དེ་དག་མདོས་ཚད་ལྡན་མ་ཡིན་པ་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། འཚེ་བཅས་ཀྱི་ཡས་སྟགས་མདོས་ལ་མི་མཁོ་བ་བསྟན་པ་ཡིན་པའི་ཕྱིར་ཏེ། མདོས་ཞེས་པ་དེ་ཡས་སྟགས་ལས་གྲུབ་པའི་ཕུང་བོ་ཞིག་ཡིན་པ་གང་ཞིག མདོས་ལ་མཁོ་བའི་ཡས་སྟགས་ཡིན་ན་མི་འཚེ་བའི་ཡས་སྟགས་ཤིག་ཡིན་དགོས་པར་བསྟན་པ་ཡིན་པའི་ཕྱིར་ཏེ། གཞན་གྱི་འཚེ་བའི་མཆོད་པ་དེ་དག་ལ་ཐུགས་མ་དགྱེས་ཤིང་རྣམ་པ་གཞན་མི་འཚེ་བའི་ཡས་སྟགས་སུ་བསྒྱུར་ནས་གཏན་ལ་ཕབ་པ་ཡིན་པའི་ཕྱིར། ལུང་ནི་གོང་གི་སྲིད་པ་སྤྱི་མདོས་ཀྱིས་གྲུབ་ལ་རྒྱས་པར་འགོད་ན་བཀའ་ལུང་ཀུན་ནས་ཤེས་བྱིད་ཤིན་ཏུ་གསལ་བ་ཡོད་པའི་ཕྱིར་རོ། །
      འགའ་ཞིག་འདི་ལྟར་དྭོགས་ན། འོ་ན་སྟོན་པ་གཤེན་རབ་མི་ཆེས་ཤ་ཁྲག་གི་མཆོད་པ་བཀག་པ་བདེན་མོད། སྔགས་ཀྱི་གཞུང་རྣམས་སུ་བམ་ཆེན་ཤ་ལྔ་དང་། རཀྟའི་གཏོར་ཆུ། ཀེང་རུས་ཁྲལ་ཁྲོལ། ཙི་ཏའི་ཕོ་ལོང་། རྐང་ཚིལ་གྱི་མར་མེ་སོགས་དགོས་པར་བཤད་འདུག་པ་དང་མི་འགལ་ལམ་ཞེ་ན། མི་མཚུངས་ཏེ། དེ་དག་སྤྱིར་ནས་མཆོད་པའི་ཆེད་དུ་བསད་པའི་ཤ་ཁྲག་མ་ཡིན་ལ། དེ་དག་སྤྱིར་ནས་མཆོད་པའི་ཆེད་དུ་བསད་པའི་ཤ་ཁྲག་མ་ཡིན་ལ། ལྷག་ཏུ་སྔགས་ཀྱི་སྤངས་རྟོགས་ཡོན་ཏན་མཐོན་པོ་ཅན་ཞིག་ཡིན་ན་མ་གཏོགས། རྟོག་པས་མི་འཆུན་པའི་གང་ཟག་ཕལ་གྱིས་མཆོད་པ་དེ་དག་བྱ་མི་རུང་བ་བཤད་ཡོད་པ་རེད། གང་ཟག་ཁྱད་པར་ཅན་གྱིས་དེ་དག་ཉོན་མོངས་གནས་སུ་དག་པའི་བརྡ་རུ་སྔགས་ཀྱི་མཆོད་པ་ལ་སྤྱོད་ན་དགོས་ཆེད་དང་མཚོན་དོན་ཆེན་པོ་ཡོད་པ་བཤད་ཡོད་པ་བཤད་ཡོད་མོད། དེའི་ཚུལ་ཟུར་ཙམ་ཞིག་ནི། རྩོད་ཟློག་པོད་སྟོད༼མན་ངག་ཁོལ་ཕྱུང་༣༠༨ལས། ཉོན་མོངས་གཏི་མུག་ཕུང་པོ་ལ། །ཧ་ཏི་གླང་པོ་དངོས་སུ་གྲུབ། ། ཡེ་ཤེས་ཆེན་པོའི་མཚོན་ཆ་ཡིས། ། གཟུགས་ཀྱི་ཕུང་པོའི་བདུད་བཅོམ་ནས། ། བན་གླང་སྨུག་པོའི་རྒོད་པོའི་ཤ་གཏོརའབྱུང་། ། མང་སའི་གཏོར་ཤ་དེ་ན་བསྲིད། ། ཉོན་མོངས་ང་རྒྱལ་ཕུང་བོ་ལ། ། ཤུགས་ཆེན་རྟ་མཆོག་དངོས་སུ་གྲུབ། ། ཞི་བ་ཆེན་པའི་མཚོན་ཆ་ཡི། ། འདུ་བྱེད་ཕུང་པོའི་བདུད་བཅོམ་ནས། ། མགྱོགས་ཤུགས་རྟ་ཡི་རྐང་གཏོར་བྱུང་། ། ཞགས་ཆེན་ཐིག་ལེ་དེ་ནས་བསྲིད། ། ཉོན་མོངས་འདོད་ཆགས་ཕུང་པོ་ལ། ། ཀང་ཀ་བྱ་རྒོད་དངོས་སུ་གྲུབ། ། སྤྱིན་པ་ཡེ་ཤེས་མཚོན་ཆ་ཡིས། ། ཚོར་བའི་ཕུང་པོའི་བདུད་བཅོམ་ནས། ། རྒོད་པོ་རང་ཆས་ཀྱི་ཁྲག་གཏོར་བྱུང་། ། རཀྟའི་གཏོར་ཆ་དེ་ནས་སྲིད། ། ཉོམ་མོངས་འཕྲག་དོག་ཕུང་པོ་ལ། ། མ་ཧེ་ཆུ་སྲིན་དངོས་སུ་གྲུབ། ། ཡངས་པ་ཡེ་ཤེས་མཚོན་ཆ་ཡིས། ། འདུ་ཤེས་ཕུང་པོའི་བདུད་བཅོམ་ནས། ། ཆུ་སྲིན་མ་ཧེའི་རུས་གཏོར་འབྱུང་། ། ཀེང་རུས་ཁྲལ་ཁྲོལ་དེ་ནས་བསྲིད། ། ཉོན་མོངས་ཞེ་སྡང་ཕུང་པོ་ལ། ། རྩལ་ཆེན་སེང་གེ་དངོས་སུ་གྲུབ། ། བྱམས་པ་ཡེ་ཤེས་མཚོན་ཆ་ཡིས། ། རྣམ་ཤེས་ཕུང་པོའི་བདུད་བཅོམ་ནས། ། སེང་གེ་དཀར་མོའི་སྙིང་གཏོར་འབྱུང་། ། ཙི་རྟའི་ཕོ་ལོང་དེ་ནས་བསྲིད། ། ཉོན་མོངས་གཟུགས་ཀྱི་ཕུང་པོ་ལ། ། མཁའ་ལྡིང་ནག་མོ་གསེར་མིག་གྲུབ། ། ཀུན་གསལ་ཡེ་ཤེས་མཚོན་ཆ་ཡིས། ། རིག་དང་མ་རིག་བདུད་བཅོམ་ནས། ། མཁའ་ལྡིང་ནག་མོའི་སྤྱན་གཏོར་འབྱུང་། ། ཆུ་བུར་མིག་གི་མཆོད་པ་དང་། ། ཞུན་ཆེན་མར་མེ་དེ་ནས་བསྲིད། ། ་ཉོན་མོངས་སྒྲ་ཡི་ཕུང་པོ་ལ། ། རང་ཆེན་རྒྱལ་པོ་གཡུ་འབྲུག་གྲུབ། ། ཀུན་གསལ་ཡེ་ཤེས་མཚོན་ཆ་ཡིས། ། སྙན་དང་མི་སྙན་བདུད་བཅོམ་ནས། ། ངར་ཆེན་རྒྱལ་པོའི་སྙན་གཏོར་བྱུང་། ། ཀུན་ཚོར་སྙན་གྱི་མཆོད་པ་དང་། ། སྟག་༼ལྟག༽སྤྲོད་རྐང་གླིང་དེ་ནས་བསྲིད། ། ཉོན་མོངས་སྣ་ཡི་ཕུང་བོ་ལ། ། དྲི་ཞིམ་སྤོས་ཀྱི་གླ་བ༼གླང་བོ་གྲུབ། ། ཀུན་སྣོམ་ཡེ་ཤེས་མཚོན་ཆ་ཡིས། ། ཚོར་དང་མ་ཚོར་བདུད་བཅོམ་ནས། ། སྤོས་ཀྱི་གླང་པོའི་ཤངས་གཏོར་འབྱུང་། ། ཀུན་སྣོམ་ཤངས་ཀྱི་མཆོད་པ་དང་། ། ཚིལ་ཆེན་གསུར་དུད་དེ་ནས་བསྲིད། ། ཉོན་མོངས་རོ་ཡི་ཕུང་པོ་ལ། ། བཅུད་སྡུད་རྒྱལ་པོ་བོང་བུ་གྲུབ། ། ཀུན་གྲོལ་ཡེ་ཤེས་མཚོན་ཆ་ཡིས། ། གྲོལ་དང་མ་གྲོལ་བདུད་བཅོམ་ནས། ། བཅུད་སྡུད་རྒྱལ་པོའི་ལྗགས་གཏོར་འབྱུང་། ། རོ་ལེན་ལྗགས་ཀྱི་མཆོད་པ་དང་། ། ཀོ་ར་ཅ༼ཙ༽ན་དེ་ནས་བསྲིད། ། ཉོན་མོངས་རེག་གི་ཕུང་པོ་ལ། ། རྔམ་ཆེན་རྒྱལ་པོ་མི་རྒོད་གྲུབ། ། ཀུན་རྟོགས་ཡེ་ཤེས་མཚོན་ཆ་ཡིས། ། བརྟེན་དང་མ་བརྟེན་བདུད་བཅོམ་ནས། ། མི་རྒོད་རྔམ་པའི་ལུས་གཏོར་འབྱུང་། ། ཤ་དང་གཟུགས་ཀྱི་མཆོད་པ་དང་། ། སྟི་ར་བམ་ཆེན་དེ་ནས་བསྲིད། ། མ་རྟོགས་ལོག་པའི་ཕུང་པོ་ལ། ། ལས་དང་བདུད་དང་སྲིན་པོ་གྲུབ། ། རྟོག་མེད་བལྟ་༼ལྟ༽བའི་མཚོན་ཆ་ཡིས། ། མ་རྟོགས་ལོག་པའི་བདུད་བཅོམ་ནས། ། བདུད་སྲིན་ཐོད་པ་ཞལ་བུ་བྱུང་། ། བྷན་དྷ་ཡངས་པའི་གཏོར་གཞོང་དུ། ། རིན་ཆེན་གཟི་ཞལ་དེ་ནས་བསྲིད། ། ཅེས་གསལ་བ་འདི་དག་གིས་ཤེས་ནུས་པ་དེ་རེད། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག