འདུལ་བའི་བསྟན་པ་རིན་པོ་ཆེ་སྲོལ་ཚུགས་པའི་ཚུལ་ལ། མདོ་དྲི་མེད་གཟི་བརྗིད་ཀྱི་ཁྱིམ་སྤངས་རབ་ཏུ་བྱང་བའི་ལེའུ་ལས། གཤེན་གྱི་ལོ་ནི་སུམ་ཅུ་རྩ་གཅིག་ལོན་ནས། སྟོན་པ་ཡང་ཁྱིམ་སྤངས་རབ་ཏུ་བྱུང་བར་དགོངས་ཏེ། དེའི་ཚེ་སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེ་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་དུ་བྱོན་ནས། འཇིག་རྟེན་འཁོར་བའི་ལས་སྤྱོད་སྤངས་ནས་ཡང་དག་ཐར་བའི་ལམ་ལ་ཞུགས་པར་དགོངས་ཏེ་འཁོར་བའི་སེམས་ཅན་གྱི་ལས་སྤྱོད་ལ་དགོངས་ཏེབཤུམས་སོ། །ཞེས་པ་ནས་དེའི་ཕྱིར་འཁོར་བའི་ལས་ལ་ཡ་ང་ནས། སྐྱེ་རྒ་ན་འཆི་བཞི་ལ་སྐྱི་འཇིགས་ཏེ། ཤིན་ཏུ་གདུང་ཞིང་རབ་ཏུ་བཤུམས་པ་ལགས། བདག་ནི་འཁོར་བའི་ལས་ལ་སྒྱིད་ལུགས་ཅིང་། སྐྱེ་རྒ་ན་འཆི་བཞི་ལ་གཡང་ཟ་བས། བཙུན་མོ་རྒྱལ་བློན་ཡུལ་འཁོར་གནས་སྤངས་ཏེ། འཁོར་བ་ཁྱིམ་སྤངས་རབ་ཏུ་བྱུང་བ་ལགས། འཁོར་རྣམས་ཀུན་སྤངས་རབ་ཏུ་བྱུང་། ཞེས་དང་། དེ་ནས་ཡང་དེ་ཡི་ཚེ་སྟོན་པས། དམིགས་མེད་སྦྱིན་པ་བཏང་ནས་སུ། ཆགས་མེད་མ་ལ་གནས་པའི་དུས། སྦྱིན་པ་སྟོབས་ཆེན་དེ་ཡི་མཐུས། བར་སྣང་སྟོང་བའི་དབྱིངས་རུམ་ནས། ཡེ་ཤེས་ལྷ་ཡི་ཐུགས་རྗེ་ལས། རིན་ཆེན་བླངས་པའི་རྫས་ལྔ་དང་། ཐབས་ཀྱི་མཆོག་གི་སངས་པོ་ལས། ནབ་བཟའ་བླངས་པའི་གོས་དྲུག་བབས་ཏེ། ཞེས་སོགས་ཀྱིས་བདག་ཅག་གི་སྟོན་པས་ལས་དང་པོ་ངེས་འབྱུང་གི་རྒྱུ་འཁོར་བའི་ཉེས་དམིགས་བསྟན། དེ་རྗེས་ཚུལ་ཁྲིམས་ཀྱི་རྟེན་འཁོར་བ་ལས་བློ་ལོག་ཐར་པ་རུ་ཡིད་ཞུགས་པའི་ངེས་འབྱུང་བསྟན། དེ་རྗེས་རྒྱལ་བ་ཉིད་མཛད་པ་འདིར་དད་པའི་འཁོར་དང་བཅས་ཏེ་གྲོང་ཁྱེར་ཆེན་པོ་རྨ་དག་བཀོད་པ་ཅན་གྱི་དབུས། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་གཤེགས་ཏེ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་པར་མཛད། དེ་ལ་ཡང་བླང་བྱ་མཁན་པོ་ལས་ཐོབ་པའི་ཚུལ་ལྔ། སློབ་དཔོན་ལས་ཐོབ་པའི་ཁྲིམས་ཉི་ཤུ། ཚུལ་ལྔ་ནི། བཞར་བྲེགས་ཀྱི་རྗེས་སྲུང་། ཁྲུས་ཀྱི་རྗེས་སྲུང་། རྫས་ཀྱི་རྗེས་སྲུང་། སྤྱོད་ཚུལ་གྱི་རྗེས་སྲུང་དང་ལྔའོ། ། སློབ་དཔོན་ལས་ཐོབ་པའི་ཁྲིམས་ཉི་ཤུ་ནི། རྩ་བ་བཞི། སྲོག་གཅོད་པ་སྤོང་པ། མ་བྱིན་པར་ལེན་པ་སྤོང་པ། མི་གཙང་སྤྱོད་པ་སྤོང་པ། རྫུན་དུ་སྨྲ་བ་སྤོང་པ་དང་བཞི། མི་དགེ་བའི་སྡེ་དྲུག་སྤོང་བ་ལ། ངག་འཁྱལ། ཚིག་རྩུབ། འཕྲ་མ། མངན་སེམས། གདུག་སེམས། ལོག་ལྟའོ། ། ཁ་ཟས་སྡེ་བཞི་སྤོང་པ་སྟེ། ཤ་ཆང་སྒོག་བཙོང་། དུས་མིན་གྱི་ཁ་ཟས་སྤོང་པའོ། ། ཁྲི་གདན་གྱི་སྡེ་གསུམ་ནི། ཁྲི་གདན་མཐོན་པོ་སྤོང་བ། རིན་པོ་ཆེའི་ཁྲི་སྤོང་པ། གཞའ་མཚོན་རིས་ཀྱི་གདན། སིལ་བུའི་སྡེ་གསུམ་སྤོང་བ་ནི། རྒྱན་དང་བྱུག་པ་སྤོང་བ། གསེར་དངུལ་ལེན་པ་སྤོང་བ། མ་དག་པའི་སྤྱོད་པ་སྤོང་པའོ། ། དེ་ལྟར་གཙང་གཙུག་གི་བསླབ་པ་རྫོགས་པའི་སངས་རྒྱས་མཆོག་འོག་མིན་གྱི་ཞིང་དུ་སྔོན་གྱི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་གདུང་འཚོབ་ཆེན་པོ་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་དུ་བསྙེན་པ་རྫོགས་པར་བཞེས་ཏེ། དེའང་དྲང་སྲོང་རྒྱལ་བས་གསུངས་པ། བླ་མེད་སྲུང་བཅས་འདུལ་ཁྲིམས་རྣམ་དག་བོན། ཉིད་ལ་ཉིད་ཀྱིས་བཤད་པ་མི་འཚལ་ཡང་། སྔོན་གྱི་སྟོན་པ་རབ་ཏུ་བྱུང་བ་ཡི། བླ་མེད་སྲུང་བཅས་བསླབ་གསུམ་སྡོམ་པ་རྣམས། ཐབས་ལ་བརྟེན་ཕྱིར་བདག་གིས་བཤད་པར་བྱ། ཞེས་གསུངས་སོགས་ལྟར་སྣང་ངོ་། ། དེ་ལྟར་སྟོན་པས་བསླབ་སྡོམ་གྱི་རིམ་པ་རྣམས་བཞེས་པའི་ཚུལ་བཟུང་ནས་སླར་རྩ་གསུམ་གྱི་གནས་སུ་དག་པ་ལྷ་ཡི་དཀའ་ཐུབ་ལོ་གཅིག དེ་འོག་འོལ་མོ་ལུང་རིང་གི་བྱང་ནུབ་ཏུ་རྨད་བྱུང་མི་ཡི་དཀའ་ཐུབ་ལོ་གཅིག དེ་འོག་རྒྱལ་ཆེན་རིགས་བཞི་གནས་སུ་དྲི་མེད་རྒྱལ་གྱི་དཀའ་ཐུབ་ལོ་གཅིག་བཅས་མཛད་པའི་མཐར་རྒྱལ་བའི་མཛད་པ་ལ་ཡིད་རངས་ཏེ་བདུད་དང་མུ་སྟེགས་བཅས་དུ་མ་རབ་ཏུ་བྱུང་། ཁྱད་པར་དུ་སྲིད་པའི་དཀའ་ཐུབ་ཆེན་པོ་གཡུང་དྲུང་གཙུག་གཤེན་རྒྱལ་བས་མཁན་པོ་མཛད། སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། འ་ཞ་གསང་བས་དཔང་པོ་མཛད་དེ། གཏོ་བུ་འབུམ་སངས་དང་མུ་ཆོ་ལྡེམ་དྲུག་སོགས་ཀྱི་གཙོས་པའི་ཕོ་ཡི་སྡེ་དང་། གཤེན་བཟའ་ནེའུ་ཆུང་ལ་སོགས་མོ་རིགས་ཀྱི་སྡོམ་ཁྲིམས་རྣམས་ཚུལ་བཞིན་དུ་བླངས་སོ། ། སྟོན་པས་ཀྱང་འཁོར་དེ་རྣམས་ལ་སྡེ་བཞི་ཡ་བརྒྱད་དུ་ཕྱེས། སྡེ་བཞི་ནི་བཀའ་གཞུང་ཉན་བཤད་ཀྱི་སྡེ། རི་ཁྲོད་ཅོག་པུའི་སྡེ། ཤིང་དྲུང་མི་རྟག་སྒོམ་པའི་སྡེ། བྲག་སྒོམ་དཀའ་ཐུབ་ཀྱི་སྡེ། དྲང་སྲོང་ཕོ་མོའི་སྡེ། གཙང་གཙུག་ཕོ་མོའི་སྡེ། དགེ་བསྙེན་ཕོ་མོའི་སྡེ། བསྙེན་གནས་ཕོ་མོའི་སྡེ་རྣམས་ཕྱེས་སྟེ་སོ་སོར་བསྐོས། དེའི་དུས་སུ་སྟོན་པས་འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མདོར་བསྡུས་ལྔ་བཅུ་རྩ་བདུན་ལས་ཁྲིག་གི་བྱང་བུ་བཞི་བཅུ་རྣམས་གསུངས། གདུང་ཚོབ་མུ་ཆོའི་མཁན་བུ་དམུ་ཚ་ཏྲ་ཧེ་ཞེས་པས་བྲག་དགོན་དཀའ་ཐུབ་སྡེ་བཟུང་། དེའི་མཁན་བུ་ཁྲི་ལྡེ་འོད་པོས་ཉན་བཤད་ཀྱི་སྡེ་བཟུང་། དེའི་མཁན་བུ་དྲང་སྲོང་ལྷང་ལྷང་གཙུག་ཕུད་ཀྱིས་འདུལ་བ་རྒྱུད་དྲུག་གི་ཡིག་སྣ་དང་འདུལ་བ་རྣམ་པར་འབྱེད་པའི་ལྡེའུ་མིག་མཛད། དེའི་མཁན་བུ་དྲང་སྲོང་དང་བ་ཡིད་རིང་ཉིད་ཀྱིས་མངོན་པ་སྡེ་བཞི་ལ་ཡིག་སྣ་བཏབ་ཉན་བཤད་ཀྱི་སྡེ་བཙུགས་མངོན་པ་དྲི་མེད་གསལ་བའི་ལུང་ཞེས་བཏགས། དེའི་མཁན་བུ་དྲང་སྲོང་ཐུགས་ཀར་ཡེ་ཤེས་ཀྱིས་ལས་ཁྲིག་གི་བྱང་བུ་བཞི་ལ་ཕྱག་ལེན་མཛད། ལས་ཁྲིག་གསལ་བའི་རིག་པའི་སྒྲོལ་མ་ཞེས་གྲགས། དེའི་མཁན་བུ་དྲང་སོང་གུང་རུམ་ཡེ་ཤེས་ཀྱིས་གོང་མའི་རྗེས་བཟུང་བསྟན་པའི་གཉེར་མཛད། དེའི་མཁན་བུ་འོད་ལྷ་གསལ་འབར་གྱིས་དུས་ཆེན་གྱི་སྡེ་བཟུང་། དེའི་མཁན་དྲང་སྲོང་རྫུ་འཕྲུལ་ཡེ་ཤེས་སོ། ། འདི་རྣམས་སྟག་གཟིག་གི་མཁན་རྒྱུད་ཡིན། དེའི་དུས་སུ་ཞང་ཞུང་གི་ཡུལ་དུ་ནེ་གུ་གེ་ཁོད་དཔལ་ཞེས་པ་སྔགས་ལ་བརྟེན་པའི་ཏིང་འཛིན་དུ་བཞུགས་པ་ཞིག་ཡོད་པ་ཁོང་གི་རྨི་ལམ་དུ་སྔ་ན་མཐོང་ཐོས་མེད་པའི་ན་བཟའ་གོས་དྲུག་དང་ལྡན་པའི་སྐྱེས་བུ་ཞིག་མཇལ་བར་ཐེངས་འགར་བྱུང་། དེ་རྗེས་ཁོང་གི་དགོངས་ཉམས་སུ་མཇལ་བ་བྱུང་། དེ་རྗེས་ཉིན་གཅིག་སྔར་ཉམས་སུ་བྱུང་བའི་སྐྱེས་བུ་དེ་དངོས་མདུན་དུ་ཕེབས་པ་དང་། གེ་ཁོད་ཉིད་མི་ཕྱེད་པའི་དད་པས་རྒྱུད་བསྐུལ་ཏེ་སྐྱེས་མཆོག་དེ་ལ་བྱིན་རླབས་ཞུ་བ་དྲན་པས་མ་ཚད། དག་པ་དྲང་སྲོང་གི་ཁྲིམས་གཅིག་རྫོགས་སུ་མཛད་ཅིང་ཚུལ་མཚན་དུ་ཡེ་ཤེས་ཚུལ་ཁྲིམས་གསོལ། མཁན་པོའི་ལུང་བཞིན་བླངས་པ་ནི། ལུང་དང་པོ་ཁམས་སྡེ་བཞི། གཉིས་པ་སྐྱོང་ཐབས་ལྔ། གསུམ་པ་བསྲུང་བའི་ཡོན་ཏན་དྲུག བཞི་པ་མངོན་པ་བླ་མེད་ཀྱི་སྐོར་བཅས་ཞུས་ནས་སྡེ་དང་ཚན་པ་རུ་སོ་སོར་ཕྱེས། རྫུ་འཕྲུལ་ཡེ་ཤེས་རྫུ་འཕྲུལ་གྱིས་ཞང་ཞུང་དུ་ཕེབས་སྐབས་རྟག་གཟིགས་འོལ་མོའི་གླིང་དུ་བཞུགས་པའི་རང་བྱུང་ཤེལ་གྱི་མཆོད་རྟེན་གྱི་ནང་ནས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་གདན་དྲངས་ཏེ་གཟི་ཡི་གའུ་དངུལ་གྱིས་ཁྱུད་མོ་བྱས་པའི་ནང་དུ་བཅུགས་ཏེ་དད་པའི་རྟེན་དུ་བཞག ཡེ་ཤེས་ཚུལ་ཁྲིམས་ཀྱི་མཁན་བུ་གཡུང་དྲུང་ཚུལ་ཁྲིམས། དེས་བྲག་དཀར་རྩེ་རྫོང་ལ་སོགས་གཡུང་དྲུང་ལྷ་རྩེའི་གསས་མཁར་བཞེངས། ཁྲིམས་ཀྱི་སྡེ་ལ་གནས་པར་བྱས། བྲག་དཀར་རྩེ་རྫོང་ནི་བྱང་གནམ་མཚོའི་བྱང་ནུབ་ཀྱི་ཕྱོགས་སུ་ཉིན་ལམ་གྱི་བར་དེང་དུས་སུ་ཤེལ་བྲག་ཟེར་བ་ངོས་འཛིན་མཛད་པའང་འདུག དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས། དེས་གྲོམ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་གསས་ཁང་བཞེངས། དེང་དུས་དྲུམ་བུ་ཟེར་བ་མིན་ནམ་སྙམ། གཤེན་རབ་ཀྱི་ཚུལ་བཞིན་དུ་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ཁྲིམས་ཀྱི་སྡེ་བཟུང་། དེ་ཡན་ཆད་ཞང་ཞུང་གི་བརྒྱུད་པ་ཡིན་ལ། དེའི་མཁན་བུ་བཞི་བྱུང་བ་ནི། ག་ཆུ་གཙུག་ཕུད་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་མཚན། ཕམ་ཤི་དཔལ་གྱི་དབང་ཕྱུག ལྡེ་བཙུན་རབ་གསལ་དང་བཞིའི་རིང་དུ་གནས་སྡེ་ཆེན་པོ་བཞི་བཞེངས་པ་ཡིན་ཏེ། ག་ཆུས་བྱང་འདམ་ཤོད་སྣར་མོ་ལྗོངས་སུ་གཡུང་དྲུང་ཞིང་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་འོག་སུམ་ལག་ཏུ་ཁྲི་འདུལ་གསང་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་བསྐོར་རོ། ། ཡ་གོང་གིས་ལྷ་ས་ཡེར་པའི་ཀླུང་དུ་བདུད་བཏུལ་གཡུང་དྲུང་ཁྲིམས་གནས་ཀྱི་ལྷ་ཁང་བཞེངས། བདུད་ནག་པོ་པིར་གདོང་ཚར་བཅད། ཕམ་ཤིས་ལ་སྟོད་གྲམ་པ་རྒྱང་དུ་ཁྲི་འདུས་འོད་ཀྱི་དགོན་གནས་བཞེངས། འདུལ་བའི་བསྟན་པ་དར་བར་མཛད། ལྡེ་བཙུན་གྱི་ར་སར་གཡུང་དྲུང་རོལ་པའི་ལྷ་ཁང་བཞེངས། གཡས་རུ་གཡོན་རུ་གནས་ཕྲན་བཅུ་གཉིས་བརྩེགས། གོས་སྔོན་པོ་མིན་པ་གོན་དབང་མེད། དགེ་སྤྱོད་བོན་ལ་བྱེད། དེའི་དུས་སུ་རྣམ་དག་འབུམ་གྱི་སྐོར་ལ་ཀློག་འདོན་འབྲི་གསུམ་བྱེད། ལས་སྤྱོད་ཚུལ་ལ་གནས། བར་ཆད་ཚྭ་ཚྭ་མཆོད་གཏོར་གྱིས་སེལ། དོན་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད། རྒྱལ་གྱི་སྐུ་འཚོ། བོན་གྱི་བུ་གསོ། དད་པ་ཅན་ཚུལ་ཁྲིམས་ལ་གཞུག ཤི་བ་སྐྱབས་དང་མཆོད་སྦྱིན་གྱིས་འདྲེན་པའི་སྐབས་སུ་སྡེ་གནས་དབང་ཆེ་བཙུན་པ་ཕྲག་དོག་ཆེ་བའི་དབང་གིས་གཤེན་རབ་གདུང་ལ་མ་འཆམ་ནས་སྡེ་རིགས་གཉིས་སུ་ཆད། ག་ཆུ་དང་ཕམ་ཤི་གཉིས་ཀྱིས་སྡེ་གཅིག་བཟུང་། ཡ་གོང་དང་ལྡེ་བཙུན་གཉིས་ཀྱིས་སྡེ་གཅིག་བཟུང་། ལྡེ་བཙུན་གྱི་མཁན་ཡེ་ཤེས་ཀྱིས་སྟོན་པའི་གདུང་རིང་བསྲེལ་རྣམས་ཆ་ལྔར་བགོས་ནས་གནས་སྡེ་ལྔར་གདན་དྲངས་པའི་ཞུ་བ་ཕུལ་ཏེ་བརྒྱ་ཤེལ་གྱི་གའུར་བཅུགས་ཏེ། འདམ་ཤོད་དུ་གཡུང་དྲུང་ཁྲི་འདུས་ཀྱི་ལྷ་ཁང་དུ་བཅུགས། བརྒྱ་དངུལ་གྱི་གའུར་བཅུགས་ཏེ་སྟབས་སུ་བདུད་འདུལ་གྱི་ལྷ་ཁང་དུ་བཅུགས། བརྒྱ་སྡེ་བཙུན་རབ་གསལ་གྱིས་མཆོང་གི་གའུར་བཅུགས་ཏེ། ར་ས་གཡུང་དྲུང་རོལ་པར་ལོ་པན་ཤེལ་གྱི་མཆོད་རྟེན་དབུ་གསུམ་པའི་ནང་དུ་བཅུག བརྒྱ་ཅོ་ཡེ་ཤེས་ཀྱིས་བཞི་རུ་བགོས་ཏེ་ཉི་ཤུ་རྩ་ལྔ་མཐའ་ཡི་རི་བྲག་ཀུན་ལ་མཐའ་མའི་དོན་དུ་སྦས། ཅོ་བཙུན་གྱི་མཁན་བུ་མུ་ཟི་གསལ་བཟང་གིས་ཉི་ཤུ་རྩ་ལྔ་བསྣམས་ནས་གངས་གཉན་རྟ་སྒོ་གངས་ཏི་སེ་མཐོ་ལ་རྨོག་འགོ་རྣམས་སུ་སྦས། ལྔ་བཅུ་ཅོ་ཡེ་ཤེས་རང་གི་ཐུགས་དམ་མཛད། དེའི་དུས་སུ་སྡེ་པ་ནང་འཁྲུགས། རབ་ཏུ་བྱུང་བའི་འདུལ་ཁྲིམས་ཀྱང་ཉམས། གཡུང་དྲུང་ཚུལ་གནས་ཀྱི་སྡེ་ཡང་འཆལ་ལོ། ། གཡུང་དྲུང་རོལ་པ་ལས་སོགས་གནས་སྡེ་ཆེན་པོ་བཞི་བཤིགས། གནས་ཕྲན་བཅུ་གཉིས་ཞིག་སྐྱ་གདུང་རྣམས་ནམ་མཁའ་ལ་ཡལ། སྟོན་པའི་བྱིན་རླབས་ཀྱང་བྲི། མུ་ཟི་གསལ་བཟང་ནི་མདོ་སྨད་དུ་འགོག་པ་ལ་བྲོས། བྲག་དཀར་རྩེ་རྫོང་དུ་ཏིང་ངེ་འཛིན་དུ་བཞུགས། བོན་གྱི་བསྟན་པ་ཐེངས་གཅིག་དེར་ནུབ་བོ། ། ཅོ་ཡེ་ཤེས་ཐུགས་ཆད་ནས་ཡོད་པའི་སྐབས་ཉིན་ཞིག་ཐོ་རེངས་ཁར་ནབ་བཟའ་སྣ་དྲུག་གོན་པའི་སྐྱེས་བུ་ཞིག་སྟེ་ན་རེ། ཅོ་བཙུན་ཐུགས་ཆད་མི་འཚལ་བསྟན་པ་མི་ནུབ་ངེས་སོགས་ནས། བྲག་དཀར་གཡུང་དྲུང་གི་རི་ལ་རྫུ་འཕྲུལ་ཡེ་ཤེས་མཇལ་ཏེ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་རྣམས་ཞུས་པས། སྤྱིར་གཡུང་དྲུང་བོན་གྱི་བསྟན་པའི་དར་ནུབ་དམིགས་བསལ་འདུལ་བའི་བསྟན་པའི་འཕེལ་འགྲིབ་བྱུང་ཚུལ་བསྟན་འཛིན་གྱི་སྐྱེས་བུ་འབྱུང་ཚུལ་བཅས་གསུངས་ཤིང་། འདུལ་བ་གླིང་གྲགས་ལས། དེའི་དུས་རྗེས་ལ་སྔགས་ཀྱི་གདུང་རྒྱུད་བཅུ་ཡོང་། དེ་དུས་ཁོ་བོ་ཁོད་སྤུངས་དྲན་པ་འགྱུར། གསུངས་པ་བདག་ནི་ཡུལ་ཞང་ཞུང་གི་ཡུལ། གྲོང་ཁྱེར་རྒྱལ་བ་མཉེས་པའི་དབུས། ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱྭ་བཙུན་གུང་མའི་སྲས་སྐྱེས་ནས་བསྟན་པའི་སྲོག་ཤིང་འཛུག་ཞེས་གསུངས། ཡང་ལུང་དེ་ཉིད་ལས་ཐོ་ཐོ་རི་བྱ་བ་རྒྱ་གར་ཤར་ཕྱོགས་རྒྱལ་སྲིམ་བཙུན་བྱ་བའི་སྤྲུལ་པ་ཞིག་གི་རིང་ལ་བ་ལ་ར་ཙའི་བསྟན་པའི་འགོ་ཟིན་ནས། རྒྱལ་པོ་བྱོལ་སོང་གི་མིང་ཅན་ཞིག་གི་རིང་ལ་བ་ལ་ར་ཙའི་བསྟན་པ་ནུབ་ནས་འགྲོ། ཞེས་གསུངས་པ་ནས་བཟུང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གངས་ཅན་གྱི་ཁྲོད་དུ་འཕེལ་འགྲིབ་ཅི་ལྟར་འབྱུང་བའི་ལུང་བསྟན་ཏོ། ། མཁན་པོ་ག་ཆུ་ནས་བོད་ཡུལ་དུ་འདུལ་བསྟན་དབུ་བརྙེས་ཤིང་། དེའི་དུས་སུ་བོད་ཀྱི་རྒྱལ་པོ་མུ་ཁྲི་བཙན་པོ་ཡིན་པར་གསུངས། འདུལ་འཛིན་ནང་འཁྲུགས་བྱུང་སྐབས་བོད་རྒྱལ་འོག་གི་བཙན་ལྔའི་རིང་མུ་ཟིའི་མཁན་བུ་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་རྒྱའོ་ལག་ནག་གི་བུ་ལྷ་མཐུ་ཁྲ་ཐར་བྱ་བ། རྒྱ་ཡུན་མང་གི་ཆད་པ་ཕོག་ནས་སོག་པོའི་ཡུལ་དུ་སྤྱུགས་ཏེ་སོག་པོའི་སྟོང་དཔོན་ནི་ན་དཔལ་གྱི་རྟ་བཙས་ནས་ཡོད་པ་མེ་ཉག་གི་རྒྱལ་པོས་ལུས་བསླུས་ཏེ་རྟ་རྫིར་བཅུག་སོག་པོའི་ཡུལ་ནས་ཡོང་དུས་སྤྲེའུ་སླག་པ་ཞིག་གོན་ནས་རྟ་རྫི་བྱེད་པར། དེ་ལ་སྐྱོ་བ་སྐྱེས་ནས་སྡུག་བསྔལ་བའི་དུས་སུ་གཙུག་གཤེན་རྒྱལ་བས་ལུང་ཕོག་བྱིན་གྱིས་བརླབས་ཏེ་བྲག་དཀར་རྩེ་རྫོང་དུ་མུ་ཆོའི་ཐུགས་ཀྱི་སྤྲུལ་པ་མུ་ཟི་གསལ་བཟང་ལ་ལུང་ནོས་ལ་བསྟན་པའི་དོན་གྱིས་གསུངས་ཏེ་འོད་ཟེར་ལྔ་རང་ལ་ཐིམ་པ་བྱུང་། འདིར་བསྟན་པའི་བྲག་དཀར་རྩེ་རྫོང་ཁམས་སུ་ཡོད་པར་མངོན། དེའི་མཁན་བུ་འདན་མ་རྒྱལ་བ་གཙུག་ཕུད། དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས། དེའི་མཁན་བུ་བླ་ཆེན་མུ་ཐུར། ཡབ་བླ་མ་ཡ་ཟི་ཁྲོམ་འབར། སྲས་ཡ་ཟི་བོན་སྟོན་ནམ་ཚུལ་མིང་ཤེས་རབ་ཚུལ་ཁྲིམས་ཞེས་པ་ནས་ད་བར་རིམ་བཞིན་མཁན་སློབ་དྲི་མ་མེད་པ་རྣམས་ཀྱི་རྒྱུད་འཛིན་བྱུང་ངོ་། ། དེ་ལྟ་བུའི་བོན་གྱི་འདུལ་འཛིན་དང་འདུལ་ཁྲིམས་བཙུགས་པའི་སྲོལ་གྱི་གནའ་རྒྱུན་ཇི་སྙེད་པ་ཞིག་རང་རེ་གངས་ཅན་པའི་དགེ་བྱེད་རྣམས་ཀྱི་མཛེས་རྒྱན་དུ་གྱུར་པ་ལགས་ཏེ་དཔེ་རུ་སྣ་འགའ་ཞིག་འདིར་བཀོད་ན་འདུལ་འཛིན་པའི་སྟོད་གོས་དང་། དགེ་སྤྱོད་ཀྱི་ཚྭ་ཚྭ། རླུང་འཁོར་ལྟ་བུ་དང་། གཞན་ཡང་འབུམ་སྒྲོག་སོགས་མཐའ་ཡས་སོ། །