ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> བཀའ་འཁོར་གྱི་རྣམ་བཞག་མདོ་ཙམ་གླེང་བ།
བཀའ་འཁོར་གྱི་རྣམ་བཞག་མདོ་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་ཡེ་ཤེས།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      དེ་ཡང་སྤྱིར་གདུལ་ཞིང་ཕྱི་སྣོད་གྱི་འཇིག་རྟེན་རྒྱ་ཆེ་ལ། གདུལ་བྱ་ནང་བཅུད་ཀྱི་སེམས་ཅན་གྲངས་མང་ཞིང་བརྗོད་ཀྱིས་མི་ལོང་བས། དེ་བཞིན་འདུལ་བྱེད་འདྲེན་པའི་སྟོན་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཏེ། གདུལ་བྱ་རིགས་ཅན་རྣམས་ལ་བོན་གྱི་འཁོར་ལོ་བསྐོར་བའི་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། བཤད་པར་བྱ་བ་ནི། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེནན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་གང་ཟག་རིམ་པར་བརྒྱུད་དེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཐུག་འོག་མིན་གྱི་ཞིང་དུ་མངོན་པར་རྫོགས་པའི་སངས་རྒྱས་ཏེ། ཡི་དམ་ལྷ་ཡི་ལུང་ནོས་པས་ཐོགས་མེད་སྤྲུལ་པའི་སྐུ་མཆོག་ཆེན་པོར་གྱུར་ནས་འགྲོ་བ་སེམས་ཅན་གྱི་དོན་དུ་གནས་རིས་ཆེན་པོ་བཞི་ནས་རིམ་བཞིན་འོད་གསལ་ལྷ་ལས་བབས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷ་ཡི་རྒྱལ་པོ་ཚངས་པ་དང་། བརྒྱ་བྱིན། ལྷ་བུ་བློ་གྲོས་བསྟན་པ་སོགས་ལྷ་འཁོར་རྣམས་ལ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས་ཏེ། ལྷ་བུ་བློ་གྲོས་བསྟན་པ་བདག་ཏུ་བསྐོས་ནས། ལྷ་རྣམས་འདྲེན་པར་ལུང་བསྟན། དེ་ནས་རི་རབ་ཀྱི་རྩེ་མོར་ལྷ་མཐུ་ཆེན་རྣམས་དམ་ལ་བཏགས་ནས་བསྟན་པ་སྲུང་བའི་དབང་བསྐུར། ལྷ་མིན་གྱི་སྡེ་རིགས་དབང་དུ་བསྡུད་ནས་གཡེན་སྡེ་སོ་གསུམ་དང་གྲངས་མཉམ་པའི་འདུལ་བོན་སྤྲུལ་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལུང་བསྟན། དེ་ནས་རྒྱལ་ཆེནརིགས་བཞིའི་གནས་ནས་ཡེ་གཤེན་གཡུང་དྲུང་སེམས་དཔའ་འཁོར་དང་བཅས་ཏེ་བྱོན་ནས་གཟིགས་དགོངས་རྣམ་ལྔ་ཐུགས་ལ་བཀྲམས་པས། གནས་ཕུན་སུམ་ཚོགས་པ་སོག་ཀ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་དུ། ཡབ་རྒྱལ་རིགས་དམུ་ཡི་གདུང་རྒྱུད་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ། ལོའི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལང་ཡོས། སྐར་མའི་དམ་པ་རྒྱལ་གྱི་རུ་སྒང་དུ་མཚན་དཔེ་ཡོངས་སུ་རྫོགས་པའི་གཟི་བརྗིད་རབ་ཏུ་འབར་བའི་སྐུ་མཆོག་མངོན་པར་འཁྲུངས་ཏེ། གདུལ་བྱ་མ་ངེས་པའི་རིགས་ཅན་རྣམས་ལ་བོན་གྱི་འཁོར་ལོ་བསྐོར་བའི་ཚུལ་ལ་གསུམ་སྟེ། བོན་འཁོར་ཞེས་པའི་དོན་ངོས་བཟུང་བ་དང་། དབྱེ་བ། གདུལ་བྱ་རྣམས་ལ་ཇི་ལྟར་སྐོར་བའི་ཚུལ་བསྟན་པ་དང་གསུམ་སྟེ། དང་པོ་ནི། བོན་འཁོར་གྱི་ངོ་བོ་ལ་དཔྱད་པ་མང་ཡང་། རང་ལུགས་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་གསུངས་པའི་ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཚུལ་མཚུངས་པར་སྟོན་པས་བསྐོར་བའི་རྣམ་དཀར་གྱི་ཡོན་ཏན། ཞེས་གསུངས་པས། སངས་རྒྱས་ཀྱི་བཀའ་དང་དེ་ལ་བརྟེན་ནས་ཐོབ་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ལ་བོན་གྱི་འཁོར་ལོ་ཞེས་བྱའོ། །དེ་ཡང་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ཞེས་པ་ནི་དཔེ་ཡི་སྒོ་ནས་དོན་མཚོན་པ་སྟེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེས་མངའ་དབང་བསྒྱུར་བའི་ཕྱིར། ཡུལ་ཕྱོགས་གཞན་དུ་འཕོ་བ་བཞིན་རྫོགས་པའི་སངས་རྒྱས་མཆོག་གིས་བཀའ་ཡི་འཁོར་ལོ་བསྐོར་བ་ལ་བརྟེན་ནས་ཕ་རོལ་གདུལ་བྱ་གཞན་རྒྱུད་ལ་སྟོན་པའི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཡོན་ཏན་ཆ་འདྲ་བ་ཞིག་གསར་དུ་འཕོ་བར་འགྱུར་བའི་ཕྱིར་དེ་སྐད་བརྗོད་དོ། །
        གཞན་ཡང་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ། ལྟེ་བ་དང་། རྩིབས། མུ་ཁྱུད་གསུམ་ཡོད་པ་བཞིན། རྗོད་བྱེད་རྒྱུད་ལུང་མན་ངག་གསུམ་དང་། སྟོན་པའི་ཐུགས་རྒྱུད་ཀྱི་རྒྱུན་གནས་ཀྱི་རྒྱུན་གནས་ཀྱི་ཐུགས་རྗེ་བཞི་དང་། ཚད་མེད་པ་བཞི་བརྗོད་བྱ་དྲང་དོན་དང་ངེས་དོན་གྱིས་བསྡུས་པ་དང་བཅས་པ་རིམ་བཞིན་མཚུངས་པ་སྟེ། རྫོགས་པའི་སངས་རྒྱས་ཀྱིས་བོན་གྱི་འཁོར་ལོ་བསྐོར་བའི་ཚེ། གདུལ་བྱ་རྣམས་ལ། ཕྱི་ནང་གསང་གསུམ། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། བརྒྱད་ཁྲི་བཞི་སྟོང་སོགས་རྒྱས་འབྲོང་བསྡུས་གསུམ་གི་རྣམ་བཞག་གང་གི་སྒོ་ནས་འཆད་ཀྱང་། རྩ་བ་རྒྱུད་ལུང་མན་ངག་གསུམ་ལ་འདུས་པས་ལྟེ་བ་དང་། དེ་ཡང་ཚད་མེད་པའི་ཐུགས་རྗེ་བཞི་དང་ཡ་མ་བྲལ་བར་ཟུར་དུ་འཇུག་པས་རྩིབས། སྟོན་པས་བོན་འཁོར་རྒྱས་འབྲིང་བསྡུས་གསུམ་གང་སྐོར་ཡང་མཐར་ཐུག་དྲང་ངེས་གཉིས་སུ་ངེས་པས་མུ་ཁྱུད་དང་མཚུངས་ཏེ། གཡུང་དྲུང་ལས་དག་ལས། རྒྱུད་ལུང་མན་ངག་ལྟེ་འབུར་ལ། །ཚད་མེད་ཐུགས་རྗེ་རྩིབས་བརྒྱད་ལྡན། །བདེན་པ་གཉིས་ཀྱིས་མུ་ཁྱུད་བཅས། །ཞེས་གསུངས།
      གཉིས་པ་ནི། རྟོགས་པའི་བོན་འཁོར་དང་། ལུང་གི་བོན་འཁོར་གཉིས་ལས། དང་པོ་རྟོགས་པའི་བོན་འཁོར་ནི། ལམ་མ་ཞུགས་པའི་རྒྱུད་ཀྱི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། ལམ་དུ་ཞུགས་པ་ལའང་། ཐར་ལམ་ལྔ་དང་། ཡང་ན་ཡན་ལག་གི་སྒོ་ནས་གཡུང་དྲུང་ཐུགས་རྗེ་ཕྱོགས་ཀྱི་བོན་སོ་བདུན་སོགས། ཕར་རོལ་ཕྱིན་བཅུ་གྲོགས་དང་འབྲེལ་བའི་ལམ་འབྲས་ཀྱིས་བསྡུས་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཡིན་ཏེ། ཤེར་ཕྱིན་སྐབས་དང་པོ་ལས། སྤངས་རྟོགས་གང་རུང་གིས་བསྡུས་པའི་རྣམས་དཀར་གྱི་ཡོན་ཏན་ཞེས་གསུངས་སོ། །གཉིས་པ་ལུང་གི་བོན་འཁོར་ནི། བདག་ཅག་སྟོན་པའི་གསུང་གིས་བསྡུས་པའི་བོན་རྣམས་ཡིན་ཏེ། དེ་ཉིད་ལས། རྟོགས་པའི་བོན་བརྗོད་བྱར་སྟོན་པའི་ལེགས་བཤད་ཅེས་གསུངས་སོ། །དེ་ལ་ཡང་ཐོག་མཐའ་བར་གསུམ་དུ་ཡོད་དེ། གཟི་བརྗིད་ལས། བཀའ་ལ་ཐོག་མཐའ་བར་དང་གསུམ་ཞེས་གསུངས་སོ། དེ་ལ་དང་པོ་ནི་རིག་པའི་གནས་ལྔ་དང་། ཐེག་པ་རིམ་དགུ་སོགས་རྒྱུ་་ཡི་བོན་ཀུན་རྫོབ་དྲང་དོན་གཙོ་བོར་སྟོན་པའི་བོན་རྣམས་གསུངས་ཤིང་། གཉིས་པ་ནི་བདེན་གཉིས་སྒོ་བཞི་མཛོད་ལྔ་སོགས་དྲང་ངེས་ཟུང་འབྲེལ་གཙོ་བོར་གསུང་ལ། གསུམ་པ་ནི། བླ་མེད་ཐེག་པའི་བཀའ་སོགས་ངེས་དོན་གྱིས་བཀའ་རྣམས་གཙོ་བོར་གསུངས་པ་ཡིན་ཏེ། ཡེ་ཤེས་གསལ་སྒྲོན་ལས། དང་པོ་ཐེག་པ་རིམ་དགུ། བར་པ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་ཞེས་གསུངས་སོ། །
       གསུམ་པ་ཇི་ལྟར་བསྐོར་བའི་ཚུལ་ལ། གང་གིས་བསྐོར་བའི་སྟོན་པ། གང་བསྐོར་བའི་བོན་སྡེ། ཇི་ལྟར་བསྐོར་བའི་ཚུལ། བསྐོར་བའི་དགོས་པ་དང་བཞི་སྟེ། དང་པོ་ནི་སོག་ཀ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་དུ་མཛད་པ་བཅུ་གཉིས་ཚུལ་བསྟན་པའི་སྤྲུལ་པའི་སྟོན་པ་དེ་ཉིད་ཡིན་ཞིང་། དེ་ཡང་གདུལ་བྱ་མ་ངེས་པའི་རིགས་ཅན་རྣམས་ལ་བོན་འཆད་པའི་ཚེ། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་མཛད་དེ། འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སྤྲུལ་སྐུ་བྱེ་བ་ཕྲུག་བརྒྱ་རིགས་དྲུག་འདྲེན་པའི་འདུལ་བ་གཤེན་དྲུག་སོགས་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་སུ་མཛད་དེ། ལྷ་ཀླུ་མི་ཡི་གནས་སྣ་ཚོགས་སུ་གསུང་སོ། ། གཉིས་པ་དེ་དག་ལ་བསྐོར་བའི་བོན་ནི་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུས་ན་བཀའ་འཁོར་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ། མདོ་ལས། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཡང་མདོ་རུ་བསྡུས་ན་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ། ཞེས་གསུངས་པས། བཀའ་འཁོར་དང་པོ་ནི། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་མ་རྫོགས་བར་གསུངས་པའི་བཀའ་རྣམས་ཡིན་ཞིང་། དེ་ཡང་སྟོན་པ་མཆོག་སྐུ་སྐྱེ་བ་མ་བཞེས་གོང་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་པའི་གསང་སྔགས་ཀྱི་བོན་སྡེ་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་དང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་གསང་སྔགས་ཀྱི་བོན་སྡེ་རྣམས་དང་། སྐུ་སྐྱེ་བ་བཞེས་ནས་གཤེན་ལོ་གཅིག་མ་བཞེས་བར་འཇིག་རྟེན་ཡོན་ཏན་རྒྱན་དྲུག་དང་། གདུང་རྒྱུད་རྒྱལ་པོ་སྡེ་དྲུག་སོགས་ལྷ་ཀླུ་མི་ཡི་འཁོར་རྣམས་ལ། ཀུན་རྫོབ་མཚན་མའི་བཀའ་ཁྲིམས་དང་། སྐད་འགྱུར་སོ་སོར་བསྟན་པའི་མདོ་དང་། བཟོ་རིག་པའི་བོན་སྡེ་སོགས་རིག་པའི་གནས་ལྔས་བསྡུས་པའི་བོན་རྣམས་གཏན་ལ་ཕབ་ཏེ། གཤེན་ལོ་གཅིག་བཞེས་པའི་ཚེ། སྲིད་སྐོས་ཕྱྭ་གསུམ་དང་ཕྱོགས་སྐྱོང་སྡེ་བརྒྱད་སོགས་འཇིག་རྟེན་མངའ་དབང་ཅན་རྣམས་ཀྱིས་སྲོག་ལུས་རྒྱན་དང་ལོངས་སྤྱོད་སོགས་ཕྱི་ནང་རྒྱན་གྱི་མཆོད་པའི་མཎྡལ་ཕུལ་ནས། དམུ་རིགས་འཕྲུལ་གྱི་རྒྱལ་པོའི་གསེར་ཁྲིར་མངའ་གསོལ་ཏེ། སྟོང་གསུམ་འདུལ་བའི་སྟོན་པ་ཞལ་གྱིས་བཞེས་པ་ནས། ཕྱྭ་གཤེན་གཙུག་ཕུད་སོགས་འཁོར་རྣམས་ལ། ཐེག་པ་རིམ་དགུའི་བཀའ་དང་། དབང་ལྡན་དུས་ཀྱི་འཁོར་ལོའི་གཞུང་བཞི་སོགས་གཏན་ལ་ཕབ་ནས། གསུངས་པ་ཡིན་ཏེ། མདོ་ལས་རིག་པའི་གནས་ལྔ་ཐེག་པ་དགུ ། དང་པོ་གསུངས་པའི་བཀའ་ལུང་ངོ་། ཞེས་དང་། གཤེན་ལོ་བཅུ་གཉིས་ཐོག་ས་ཡི་ལྷ་མོ་བརྟན་མས་སྤྱན་དྲངས་ཏེ་དབང་ལྡན་དུས་འཁོར་སོགས་གཏན་ལ་ཕབ་པར་གསུངས་པའི་ཕྱིར། གཉིས་པ་བཀའ་འཁོར་བར་པ་ནི། སྟོན་པ་མཆོག་གཤེན་ལོ་བཅུ་གསུམ་བཞེས་པའི་ཤིང་ཕོ་བྱི་བའི་ལོར། ལྷ་ཀླུ་མི་གསུམ་གྱི་གནས་སྣ་ཚོགས་སུ་འདུས་པ་བར་མའི་འཁོར་རྣམས་ལ། དག་བྱ་ཁམས་གསུམ་དང་དག་བྱེད་སྐུ་གསུང་ཐུགས་ཀྱི་སྒྲགས་པ་རྣམ་པ་གསུམ་གྱི་པེའུ་ཙེ་གདུལ་བྱའི་བློ་ལ་སྦྱར་ཏེ་བོན་ཐེག་པ་རིམ་དགུ་གསས་མཁར་སུམ་བརྒྱ་དྲུག་ཅུ། དགུ་ལྔའི་གཉེན་པོ་སྒོ་བཞི་མཛོད་ལྔ། དུག་གསུམ་གྱི་གཉེན་པོ་ཕྱི་ནང་གསང་གསུམ་སོགས་བཀའ་འཁོར་རྣམས་རིམ་པར་བསྐོར་ཏེ། སྐུ་གདུང་སྐུ་གཟུགས་གསུང་རབ་ཀྱི་གླེག་བམ་བཅས་བྱེ་བ་དུང་ཕྱུར་རེ་སྤམ་ཏེ་གསས་ཁང་དཀར་ནག་བཀྲ་གསལ་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སོགས་འཁོར་རྣམས་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམ་པ་གསུམ་ཕྱི་རབས་ཀྱི་རྗེས་བཞག་མཛད་དེ། གཤེན་ལོ་སུམ་ཅུའི་བར་བདེན་གཉིས་ཟུང་འབྲེལ་གཙོ་བོར་བསྟན་པའི་བཀའ་རྣམས་གསུངས་པ་ཡིན་ཏེ། ཤེར་ཕྱིན་ལས། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས་བསྟན་པ་རྗེས་བཞག་གི་མཛད་པ་མ་གྲུབ་བར་དུ་གསུངས་པའིི་དྲང་ངེས་ཟུང་འབྲེལ་གཙོ་བོར་སྟོན་པའི་རིགས་གནས་ཞེས་དང་། མདོ་ལས་སྒོ་བཞི་མཛོད་དང་ལྔ་ཡི་བོན། རིན་ཆེན་གླེག་བམ་བྱེ་བ་དུང་ཕྱུར་བཅས། དཀར་ནག་བཀྲ་གསལ་བསྟན་པ་རྗེས་སུ་བཞག ཅེས་གསུངས་པའི་ཕྱིར།
       གསུམ་པ་བཀའ་འཁོར་ཐ་མ་ནི། སྟོན་པ་མཆོག་གཤེན་ལོ་སོ་གཅིག་བཞེས་པའི་ཐོག་སྐྱེ་རྒ་ན་འཆི་ཆུ་བཞིས་རྐྱེན་བསྐུལ་ཏེ། ཁྱིམ་སྤང་རབ་བྱུང་གི་ཚུལ་མཛད་དེ། གཤེན་ལོ་ཞེ་དགུའི་བར་དག་པ་དྲང་སྲོང་གི་ཁྲིམས་ལ་ཞུགས་ཏེ། རྩ་གསུམ་གྱི་གནས་དང་། རྒྱལ་ཆེན་རིགས་བཞི་དང་རྟག་གཟིགས་ཀྱི་ནུབ་བྱང་ཟད་མཚམས་མེ་ཏོག་གླིང་སོགས་ལ་དཀའ་བ་རྣམ་པ་གསུམ་སྤྱད་དེ་འཁོར་རྣམས་ལ་སྡེ་བཞི་ཡ་བརྒྱད་དང་། ཕོ་མོའི་གླིང་སྣ་ཚོགས་སུ་ཕྱེས་ཏེ་འདུལ་ཁྲིམས་ཀྱི་གླིང་སོགས་གནས་སྣ་ཚོགས་སུ་ཕྱི་རྒྱུད་ཐེག་པ་ཆེན་པོ་འདུལ་ཁྲིམས་ཀྱི་བཀའ་འདུལ་བ་རྒྱུད་དྲུག འདུལ་ལུང་སྡེ་བཞི། མངོན་པ་སྡེ་གསུམ། སྡེ་བཞི་བོན་གྱི་འཁོར་ལོ་སོགས་མངོན་པའི་སྡེ་སྣོད་དང་། མ་རྒྱུད་ཕྱི་ནང་གསང་གསུམ་སོགས་གསང་སྔགས་ཀྱི་བོན་སྡེ་རྣམས་དང་མདོ་སྡེའི་སྡེ་སྣོད་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་སོགས་རྩ་བའི་འབུམ་ལྔ་ཡན་ལག་དང་བཅས་པ་དང་། དགེ་སྤྱོད་ཡན་ལག་བརྒྱད་པ། འདུལ་བའི་སྤང་སྐོང་ན་རག་སྒྲིབ་སྤྱོང་གི་མདོ་སོགས། མངོན་པ་མཛོད། རྒྱས་པ་འབུམ་གྱི་བཀའ་རྣམས་གསུངས་ཤིང་གནམ་རིམ་པ་བཅུ་གསུམ་སོགས་ས་ལམ་རིམ་པའི་བོན་རྣམས་གཏན་ལ་ཕབས་ཏེ་འཁོར་རྣམས་ལ་ཤེས་པའི་རྒྱུད་སྦྱོང་བར་མཛད། གཤེན་ལོ་ཞེ་དགུའི་ཐོག་སྟོན་པ་མཆོག་དབེན་པའི་ནགས་སུ་གཤེགས་ཏེ། བྱང་ཆུབ་ཤིང་གི་སྤྱིལ་པོ་ཕུབ་ནས་གཤེན་ལོ་ང་གཉིས་བར་ཁྱབ་པ་གཡུང་དྲུང་དོན་ལྡན་སོགས་བློ་རབ་རྣམས་ལ་ཚེ་གཅིག་ལུས་གཅིག་བླ་མེད་བསྒྲུབ་པའི་བོན་རྫོགས་པ་ཆེན་པོའི་ལྟ་བ་ཡས་ཕུབ་ཀྱི་རྒྱུད་སོགས་རྫོགས་པ་ཆེན་པོའི་སྤྱི་སྡེ་ཉི་ཤུ་རྩ་ལྔ་གསུངས་ཞིང་། གཤེན་བཟང་སོགས་བློ་དམན་པ་རྣམས་ལ་སྤྱོད་པ་མས་འཛེགས་ཀྱི་རྒྱུད་སོགས་གསུངས་སོ། །
མདོར་ན་གཞི་གཏན་ལ་འབེབ་ཚུལ། ལམ་ཉམས་སུ་ལེན་ཚུལ། མཐར་ཐུག་གི་འབྲས་བུ་གྲུབ་ཚུལ་གྱི་བོན་རྣམས་རིམ་བཞིན་གསུངས། གཤེན་ལོ་ང་གཉིས་ནས་དྲུག་ཅུའི་བར་སླར་ཡང་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་གཏན་ལ་ཕབ་སྟེ། རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཡི་རྒྱུད་ཕྱག་རྒྱ་ཆེན་པོ་ལམ་གྱི་རྒྱུད་གཉུག་མ་ཆེན་པོ་བདེ་བ་དོན་གྱི་རྒྱུད། དབུ་མ་ཆེན་པོ་མཐའ་བྲལ་དབྱིངས་ཀྱི་རྒྱུད་བཅས་རྒྱུད་ཆེན་བཞི་དང་། དེའི་ཡན་ལག་ལྟ་བ་མཐའ་བྲལ་ནམ་མཁའ་སྤྱི་གཅོད་ཀྱི་རྒྱུད་སོགས་བཞི་དང་། དེའི་ཉིང་ལག་བྱང་སེམས་ཐིག་ལེའི་རྒྱུད་སོགས་རྒྱུད་བཞི་བཅས་རྫོགས་པ་ཆེན་པོའི་རྒྱུད་སྡེ་བཅུ་གཉིས་དང་། གཞན་ཡང་རྫོགས་ཆེན་ལྟ་བ་སྤྱི་གཅོད་དང་། ལུང་དྲུག བྱང་སེམས་གབ་པ་དགུ་སྐོར། ལུང་ནོན་སྐོར་བཞི། ཡེ་ཁྲི་མཐའ་སེལ། སྒྲོན་མ་དགུ་སྐོར། བསྒྲགས་པ་སྐོར་གསུམ་སོགས་རྫོགས་ཆེན་གྱི་བཀའ་རྣམས་ཡོངས་སུ་རྫོགས་པར་གསུངས་ཤིང་། གཤེན་ལོ་དྲུག་རིང་བོན་གྱི་འཁོར་ལོ་བསྐོར་ཏེ། ནགས་ཚལ་དང་དགོན་པའི་གནས་ལ་བསྒོམས་པས་འཁོར་རྣམས་ཀྱིས་གནས་ལུགས་ཀྱི་དོན་རྟོགས་ཏེ་གྲུབ་པ་ཐོབ་པ་བསམ་གྱིས་མི་ཁྱབ་པ་བྱུང་། གཤེན་ལོ་རེ་གཅིག་ནས་དོན་ལྔ་བར། ལྟ་བ་ཡས་ཕུབ་སོགས་ཐེག་པའི་རིམ་པ་དང་། བསྐལ་སྲིད་གྱི་བྱུང་ཚུལ་སོགས་བསྟན་ནས་ཐེག་དགུ་དང་། སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་གྱི་བོན་སྡེ་རྣམས་སོ་སོར་གཉེར་དུ་གཏད། གཤེན་ལོ་དོན་དྲུག་ནས་གྱ་གཉིས་བཞེས་པའི་ཆུ་ཡོས་དགུན་ཟླ་ར་བའི་གནམ་སྟོང་ཐོ་རེངས་སུ་མྱ་ངན་ལས་འདས་པའི་བར་དུ། མ་འོངས་བསྟན་པ་བོན་གྱི་གནས་ཚུལ་དང་། འགྲོ་བ་འདུལ་ལུགས་སོགས་སྦྱང་ཐོབ་མཐར་ཕྱིན་གྱི་བོན་རྣམས་རྫོགས་པར་བསྟན་པའི་བར། བཀའ་ཐ་མ་ཕྱིི་ནང་གསང་གསུམ་སོགས་ངེས་དོན་གཙོ་བོར་བསྟན་པའི་བཀའ་རྣམས་གསུངས་པ་ཡིན་ཏེ། ཤེར་ཕྱིན་ལས། སྟོན་པ་ཁྱིམ་སྤང་རབ་ཏུ་བྱུང་ནས་གསུངས་པའི་ངེས་དོན་གཙོ་བོར་སྟོན་པའི་རིགས་གནས་ཞེས་དང་། མཛད་པ་བཅུ་གཉིས་ཀྱི་དབང་དུ་བྱས་ན། བསྟན་པ་སྤེལ་བའི་མཛད་པ་ཡན་ཆད་ཀུན་རྫོབ་དང་། བསྟན་པ་རྗེས་བཞག་ཡན་ཆད་བདེན་གཉིས་ཟུང་འབྲེལ། མྱ་ངན་ལས་འདས་པ་ཡན་ཆད་དོན་དམ་གྱི་ཚུལ་སོགས་གསུངས་པའི་ཕྱིར།
      བཞི་པ་དགོས་པ་ནི། སངས་རྒྱས་ཀྱི་བསྟན་པ་རབ་ཏུ་བརྟན་པའི་གཞིའམ་གདུལ་བྱ་རྒྱུད་མ་ཐུལ་པ་རྣམས་འདུལ་བའི་ཕྱིར། བཀའ་འཁོར་དང་པོ་གསུངས་པ་ཡིན་ལ། རྒྱུད་ཐུལ་བ་ཡང་ལམ་ལ་རིམ་བཞིན་བཀྲིད་དྲངས་ཀྱི་ཆེད་དུ་བཀའ་འཁོར་གཉིས་པ་གསུངས་པ་ཡིན་ལ། བཀྲིད་དྲངས་དག་གིས་འབྲས་བུའི་དོན་རྟོགས་ཏེ་མཐར་ཕྱིན་བྱ་བའི་ཕྱིར་བཀའ་འཁོར་གསུམ་པ་བསྟན་པ་ཡིན་ནོ། །ཡང་ན་རྒྱུད་མ་སྨིན་པར་སྨིན་པར་བྱས་པས་དང་པོ་དང་། སྨིན་པ་རྣམས་གྲོལ་བར་བྱས་པས་གཉིས་པ། གྲོལ་བ་རྣམས་མཐར་ཕྱིན་པས་གསུམ་པ་བཞེད་དོ། །ཤེར་ཕྱིན་ལས། སེམས་ཅན་འཁོར་དུ་མ་བསྡུས་པ་རྣམས་བསྡུས། བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པའི་འབྲས་བུ་ལ་འགོད་པ་འདི་དག་ཁྱོད་ཀྱི་དགོས་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །
      དེ་དག་ནི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། ཐེག་པ་ཐུན་མོང་ལུགས་ལ་བཀའ་འཁོར་རྣམ་པ་གསུམ་ནི་སྔ་ཕྱི་དུས་ཚིག་དང་དགུང་གྲངས་མཛད་པ་སོགས་ལ་སྦྱར་མི་དགོས་པར་བརྗོད་བྱའི་སྒོ་ནས་སམ། ཡང་ན་སྣོད་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟོས་ཏེ་བཞག་ན་འཐད་པར་སེམས་ཏེ། དེ་ཡང་དྲང་དོན་ཙམ་གདུལ་བྱའི་ངོར་ཀུན་རྫོབ་ཐ་སྙད་ཀྱི་བོན་བརྗོད་བྱར་སྟོན་པའི་བཀའ་རྣམས་དང་པོ་ཡིན་ལ། བདེན་གཉིས་སམ་དྲང་ངེས་ཟུང་འབྲེལ་དུ་སྟོན་པའི་བཀའ་རྣམས་གཉིས་པ་དང་། དོན་དམ་མམ་མཐར་ཐུག་ངེས་དོན་གནས་ལུགས་ཀྱི་བོན་བརྗོད་བྱར་སྟོན་པའི་བཀའ་རྣམས་གསུམ་པ་ཡིན་ཏེ། མདོ་ལས་དང་པོ་ཀུན་རྫོབ་བདེན་པར་གསུངས། བར་པ་བདེན་གཉིས་ཟུང་འབྲེལ་གསུངས། ཐ་མ་དོན་དམ་བདེན་པ་གསུངས་ཞེས་གསུངས་པའི་ཕྱིར་རོ། །དེས་ན་མཛད་མདོ་ལྟར་གྱི་དང་པོའི་ནང་ཚན་་བཀའ་འཁོར་ཡིན་ན་སྤྱིར་ཐེག་པ་ཐུན་མོང་བའི་ལུགས་ལ་བཀའ་འཁོར་དང་པོ་ཡིན་པས་མ་ཁྱབ་ལ། གཉིས་པ་དང་གསུམ་པ་ལ་དེ་བཞིན་མ་ཁྱབ་པ་སྟེ། ངེས་དོན་གྱི་བཀའ་ལ་དབྱེ་ན། དང་པོར་གྱུར་པའི་ངེས་དོན་གྱི་བཀའ་དང་། གཉིས་པ་དང་གསུམ་པར་གྱུར་པའི་ངེས་དོན་གྱི་བཀའ་རེ་རེ་ནས་གསུངས་པའི་ཕྱིར། གཞན་ཡང་སྣོད་དབང་པོ་རབ་འབྲིང་ཐ་གསུམ་ལ། ལྟོས་པའི་བཀའ་འཁོར་ནི་དབང་པོ་རབ་ལ་གསུང་པ་དཀའ་སྤྱད་ཀྱི་སྡེ་དང་། འབྲིང་ལ་གསུངས་པ་གཉིས་ཀ་མ་ཡིན་པའི་སྡེ། ཐ་མ་ལ་གསུངས་པ་སླ་འགྱུར་གྱི་སྡེ་ཞེས་གསུངས་པས། རྒྱུ་ཡི་ཐེག་པའི་བཀའ་སོགས་ཀུན་རྫོབ་ཐ་སྙད་ཀྱི་བོན་བརྗོད་བྱར་སྟོན་པའི་བཀའ་རྣམས་དང་པོ་ཡིན་ལ། གསང་སྔགས་བསྙེན་སྒྲུབ་སོགས་བདེན་གཉིས་ཟུང་འབྲེལ་དུ་སྟོན་པའི་བཀའ་རྣམས་གཉིས་པ། བླ་མེད་ཐེག་པའི་བཀའ་སོགས་ངེས་དོན་བརྗོད་བྱར་སྟོན་པའི་བཀའ་རྣམས་གསུམ་པ་ཡིན་ནོ། །གཞན་ཡང་བདག་ཅག་གི་སྟོན་པ་འཛམ་བུ་གླིང་དུ་སྐུ་སྐྱེ་བ་མ་བཞེས་གོང་། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་པའི་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་སོགས་གསང་སྔགས་བོན་སྡེ་རྣམས་མཛད་མདོ་ལྟར་གྱི་བཀའ་འཁོར་དང་བོའི་ཁོངས་སུ་གསུངས་ཀྱང་། སྤྱིར་ཐེག་པ་ཐུན་མོང་བའི་ལུགས་ལ་བཀའ་འཁོར་དང་པོ་མ་ཡིན་ཏེ། ཀུན་རྫོབ་བརྗོད་བྱར་གཙོ་བོར་སྟོན་པའི་བཀའ་མ་ཡིན་པའི་ཕྱིར། དེ་རྣམས་བདེན་གཉིས་ཟུང་འབྲེལ་གཙོ་བོར་སྟོན་པའི་བཀའ་ཡིན་པས་བཀའ་འཁོར་བར་མའི་ཁོངས་སུ་འཐད་པར་སེམས་སོ། །

༼བགྲེས་པོའི་འབེལ་གཏམ༽ སྤྱི་དེབ་ལྔ་བ་ལས་བཤུས། 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག