མཚན་མེད་བོན་ཉིད་དབྱིངས་ལས་མ་གཡོས་ཀྱང་། ། མཚན་བཅས་རྒྱལ་བའི་དཀྱིལ་འཁོར་བསམ་མཐའ་ཡས། །
མཚན་འཛིན་གཞན་ངོར་འབྱུང་གནས་ཐིམས་པའི་གཞིར། ། མཚན་ལྡན་ཕར་ཕྱིན་ཡུམ་གྱི་ཀློང་དེར་འདུད། །
སྟོན་པས་གསུངས་པ་གཤེན་ཞལ་གཙང་མའི་བོན། ། འཕན་ཡུལ་རྒྱས་པ་འབུམ་སྡེའི་དགོངས་བཅུད་འགྲེལ། །
རྒྱལ་ཚབ་རྒྱན་དྲུག་མཁས་བཞི་ལོ་པཎ་ཚོགས། ། བརྒྱུད་པ་ཁུངས་འཛིན་གོང་མའི་བཞེད་དོན་དཀོད། །
དེ་ཡང་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་བསྟན་པའི་བོན་ལ། སྤྱིར་འདུལ་ཞིང་སྣོད་ཀྱི་འཇིག་རྗེན་ནམ་མཁའ་ལྟར་རྒྱ་ཆེ། གདུལ་བྱ་བཅུད་ཀྱི་སེམས་ཅན་ས་གཞིའི་རྡུལ་ཕྲན་ལྟར་གྲངས་མང་བ་དེ་བཞིན་དུ། འདུལ་བྱེད་བདེར་གཤེགས་ཀྱི་རྒྱུན་གནས་ཐུགས་རྗེ་རྣམ་བཞིའི་སྒོ་ནས་གསུངས་པའི་བོན་ཡང་བསམ་གྱིས་མི་ཁྱབ་ཀྱང་། སྐབས་འདིར་བཤད་པར་འོས་པ་ནི། སྒོ་བཞི་མཛོད་ལྔའི་དབང་དུ་བྱས་ན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་དང་། ཐེག་པ་རིམ་དགུའི་ནང་ནས་དྲུག་པ་དྲང་སྲོང་ཐེག་པའམ། གཡུང་དྲུང་སེམས་དཔའི་བཞེད་གཞུང་དུ་གཏོགས་ལ། བཀའ་འཁོར་ཐོག་མཐའ་བར་གསུམ་གྱི་ནང་ནས། ཕྱི་མ་མཛད་པ་དགུ་པའི་ནང་ཚན་དུ་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རྒྱུའི་ཐེག་པ་ཆེན་པོ་ཤེར་ཕྱིན་གྱི་འབུམ་སྡེ་རིན་པོ་ཆེའི་བཀའ་འཁོར་བསྐོར་ཚུལ་ནི། མདོ་དྲི་མེད་གཟི་བརྗིད་པོད་ཏ། ལེའུ་ཞེ་ལྔ་པར་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོ་ཡུམ་གྱི་ལེའུ་ལས། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་ཤར་ཕྱོགས་མི་འགྱུར་གཡུང་དྲུང་བཀོད་པའི་གླིང་ཆེན། ཆུ་བོ་ན་རན་འཛའ་རའི་འགྲམ་དཔག་བསམ་ལྗོན་པ་ལོ་རྒྱས་ཀྱི་ཚལ་གསེབ། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ། འདུན་པ་བཀྲ་ཤིས་གླིང་ཆེན་གྱི་ཕོ་བྲང་དུ། བླ་ན་མེད་པ་ཡུམ་གྱི་མདོ་གཏན་ལ་ཕབ་པར་དགོངས་ནས། གདན་སེང་དེའི་ཁྲི་ལ་འཁོར་དུ་གཏོགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་སོ་ཞེས་དང་། ཡང་དེ་ཉིད་ལས། སྟོན་པས་གཡུང་དྲུང་འོད་གསལ་སོགས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་བདག་ཉིད་ལ་འདུས་ཚུལ་དང་། འཁོར་འདས་ཀྱི་རྣམ་གྲངས་འདྲེན་ཚུལ། ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡུམ་གྱི་དགོངས་པ་ནི། མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད་ཅེས་བྱ་བའི་བསྟན། དེ་དང་དེ་བཞིན་མཛད་མདོ་རྒྱས་བསྡུས་རྣམས་དང་། ཤེར་ཕྱིན་གྱི་བཀའ་རྒྱས་འབྲིང་བསྡུས་པ་ཚང་མ་ཞལ་མཐུན་ཞིང་། ལུང་མང་མི་འདྲེན་ནོ། དེ་ལ་གཞན་དོན་དུ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་རྒྱས་པ་འབུམ་གྱི་བཀའ་འཁོར་བསྐོར་ཚུལ་འདི་ལྟ་སྟེ། བརྩེ་བའི་ཡོན་ཏན་གྱིས་འགྲོ་ལ་འོད་ཟེར་སྤྲོས་པའི་ཚུལ་དང་། ནུས་པའི་ཡོན་ཏན་གྱིས་གདུལ་བྱའི་ཞིང་ཁམས་སྦྱང་ཞིང་སེམས་ཅན་ཐམས་ཅད་སྨིན་པར་མཛད་པའི་ཚུལ་དང་། མཁྱེན་པའི་ཡོན་ཏན་དྲུག་ཅུ་རྩ་གཅིག་གསལ་བར་མངའ་བའི་ཚུལ་དང་གསུམ་ལས།
དང་པོ། སྟོན་པས་འགྲོ་བ་སེམས་ཅན་གྱི་དོན་མཐར་ཕྱིན་པར་མཛད་པའི་སླད་དུ། འོད་ཟེར་སྤྲོས་སྒོ་དགུ་ཡི་གཙུག་ནས་ཞབས་ཀྱི་མཐིལ་རུམ་ཡན་གྱི་སྐུ་ཡི་གནས་ཉི་ཤུ་རྩ་ལྔ་ནས་འོད་ཟེར་བྱེ་བ་སྟོང་ཕྲག་དྲུག་ཅུ་ཡང་ཡང་སྤྲོས་ཤིང་། དེ་ཡང་མཛམ་གླིང་བྱེ་བ་ཕྲག་བརྒྱར་སྟོས་ཏེ་བྱེ་བ་དང་། སྟོང་གསུམ་ལ་ལྟོས་ཏེ་སྟོང་ཕྲག ཕྱོགས་བཅུའི་འགྲོ་བ་རིགས་དྲུག་ལ་ལྟོས་ཏེ་དྲུང་ཅུར་སྤྲོས་པའོ། །
གཉིས་པ། ནུས་པའི་ཡོན་ཏན་གྱིས་གདུལ་བྱའི་ཞིང་སྦྱང་ཚུལ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་ཐེག་པ་ཆེན་པོའི་གང་ཟག་རྣམས། ཉོན་མོངས་བག་ཆགས་ཀྱི་རང་བཞིན་ཤེས་བྱའི་སྒྲིབ་པ་ཅི་རིགས་དང་བྲལ་ཏེ་ཞི་བ་ཆེན་པོ་མི་གནས་པའི་མྱང་འདས་ཐོབ་པར་བྱེད་པ་དང་། ཐེག་པ་དམན་པ་རྣམས་ཀྱང་། ཉོན་མོངས་སྡུག་བསྔལ་གྱི་སྒྲིབ་པ་དང་བྲལ་ཏེ། ཐེག་ཆེན་ལམ་དུ་བཀོད་ནས། ཞི་བ་ཆེན་པོ་ཐོབ་པར་མཛད་པ་དང་། ལམ་མ་ཞུགས་པའི་སེམས་ཅན་རྣམས། རིགས་དྲུག་རང་རང་གི་མི་ཁོམ་པའི་སྡུག་བསྔལ་བྲལ་བར་བྱས་ནས། ཐེག་ཆེན་གྱི་ལམ་དུ་བཀོད་པར་མཛད་པ་མ་ཟད། སྔོན་སློབ་ལམ་དུ། སངས་རྒྱས་ཀྱི་ཞིང་ཕུན་ཚོགས་འགྲུབ་པའི་རྒྱུ་དགེ་བའི་རྩ་བ་རྫོགས་པར་བསགས་པའི་སྟོབས་ཀྱིས། སངས་རྒྱས་རང་སྣང་ལ་རྟག་ཏུ་སྣོད་བཅུད་ཀྱི་ཞིང་དག་པ་རབ་འབྱམས་འབའ་ཞིག་སྣང་བ་དང་། རྫུ་འཕྲུལ་དང་བྱིན་རླབས་ཀྱི་འོད་ཟེར་སྤྲོས་པའི་ཚེ། གདུལ་བྱའི་སྣང་ངོར་ཡང་གནས་སྐབས་སུ་འོད་དང་མེ་ཏོག་བཅས་དག་པའི་སྣང་བ་འཆར་ནུས་སོ། །
གསུམ་པ། མཁྱེན་པའི་ཡོན་ཏན་དྲུག་ཅུ་རྩ་གཅིག་མངའ་ཚུལ་ནི། སྟོན་པ་དེ་ཉིད་ཀྱི་སྙོམས་པའི་རང་བཞིན་ཞི་བའི་བདག་ཉིད་ཀྱི་ངང་ལས་ཡེ་ཤེས་ལྔ་རེ་རེ་ལ་བཅུ་གཉིས་སུ་ཕྱེས་པས་དྲུག་ཅུ་དང་། རྩ་བ་ཀུན་ལ་ཁྱབ་པ་རྟོགས་པ་ཆེན་པོའི་ཡེ་ཤེས་དང་དྲུག་བཅུ་རྩ་གཅིག་གོ དེ་ལྟར་མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་ཡས་པར་བསྟན་ཀྱང་། ཡང་དག་པའི་མཐའ་དོན་དམ་བདེ་བ་ཆེན་པོའི་དབྱིངས་ལས་རྟག་ཏུ་མི་གཡོ་བའི་རང་བཞིན་གྱི་ཡོན་ཏན་ཏེ། འོད་ཟེར་བསྡུས་པའི་ཚེ། འདོམ་གང་བར་སྣང་ལ་བྱིན་གྱིས་རླབས་ནས། དེ་ཡི་སྙིང་པོ་འོད་ཚོན་དང་རྒྱུན་དུ་གནས་པའོ། །
འདིར་ཡང་ཤེར་ཕྱིན་གྱི་ལུས་ཡོངས་རྫོགས་བསྟན་པའི་མདོར་དཔེར་མཚོན་ན། གསུངས་པའི་གནས་བརྒྱད། ཞུ་བའི་གཤེན་བརྒྱད། མཆོད་པའི་རྫས་བརྒྱད། བསྟན་པའི་དོན་བརྒྱད་བཅས་ཁམས་བརྒྱད་སོ་སོར་སྦྱར་ཏེ་གསལ་བཤད་ཅུང་ཙམ་ཞུས་ན། ཐོག་མར་གསུངས་པའི་གནས་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ། ཞུ་བ་པོ་ཡིད་ཀྱི་ཁྱེའུ་ཆུང་། མཆོད་རྫས་ལྷ་ཚངས་པས་གསེར་གྱི་མེ་ཏོག་ཁལ་སྟོང་དང་འཕྲུལ་གྱི་སྐོར་ཆ། ལྷ་མོ་བསྟན་མས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི་དབུས་སུ། གསེར་བུམ་བདུན་རྩིས་བལྟམ་པ་ཕུལ། བསྟན་པའི་དོན་ནི་སྲིད་ཁམས་ཡན་ལག་བརྒྱད་པའོ། །
གཉིས་པ་རྒྱུན་ཁམས་གསུངས་པའི་གནས་རིན་ཆེན་གྲང་མ་སྤུངས་པའི་གླིང་། ཞུ་མཁན་གཏོ་བུ་འབུམ་སྲས། མཆོད་རྫས་གསེར་གྱི་མེ་ཏོག་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཕུལ། བསྟན་པའི་དོན་རྒྱུན་ཁམས་ཡན་ལག་བདུན་པའོ། །
གསུམ་པ་སྣང་ཁམས་གསུངས་པའི་གནས་གཡུང་དྲུང་གསལ་བ་འོད་ཀྱི་གླིང་། ཞུ་མཁན་གསལ་བ་འོད་ལྡན། མཆོད་རྫས་ལོ་ཏོག་གི་ཕྲེང་བ་དང་། དང་ར་ཤིམ་ཕོད་ད་ལྡན་གྱི་མཆོད་པ་ཕུལ། བསྟན་པའི་དོན་སྣང་ཁམས་ཡན་ལག་དྲུག་པའོ། །
བཞི་པ་སྟོང་ཁམས་གསུངས་པའི་གནས་བར་ཏི་མུན་པ་གཡུང་དྲུང་གི་གླིང་། ཞུ་མཁན་མེད་ཁམས་སྟོང་པ་རྗེ། མཆོད་པ་ཕྱི་མཚན་མའི་རྫས་ལ་མ་བརྟེན་པར། དོན་དམ་པ་སྟོང་པ་ཉིད་ཀྱི་མཆོད་པ་ཕུལ། བསྟན་པའི་དོན་ནི་སྟོང་ཁམས་ཡན་ལག་དྲུག་པའོ། །
ལྔ་པ་སོ་སོར་གསལ་བའི་ཁམས་གསུངས་པའི་གནས། མཚོ་མུ་ལེ་ཁྱུད་ཀྱི་འགྲམ་མུ་ཡང་སྤྲུལ་པའི་གླིང་། ཞུ་མཁན་ཚངས་པ་གཙུག་ཕུད། མཆོད་རྫས་མེ་ཏོག་ཨུཏྤལ་གྱི་མཆོད་པ་ཕུལ། བསྟན་པའི་དོན་སོ་སོའི་ཁམས་ཡན་ལག་བཞི་པའོ། །
དྲུག་པ་རང་རིག་པའི་ཁམས་གསུངས་པའི་གནས། སྟོད་གླིང་དར་དཀར་གུར་ཕུབ་པའི་ནང་། ཞུ་མཁན་ཀླུ་མོ་མ་མ་དེ། མཆོད་རྫས་ཀླུ་ཤིང་པད་མའི་སྦྲུ་གུར་ལ་གུ་ལང་གསེར་གྱིས་བཀང་བ་དང་། དཀོར་ནོར་སྣ་ཚོགས་ཀྱི་མཆོད་པ་ཕུལ། བསྟན་པའི་དོན་རིག་ཁམས་ཡན་ལག་ལྔ་པའོ། །
བདུན་པ་ཀློང་ཆེན་དབྱིངས་ཀྱི་ཁམས་སུ་གསུངས་པའི་གནས། གཡུང་དྲུང་ཁྱིམ་བདུན་གྱི་གླིང་། ཞུ་མཁན་གཙུག་གཤེན་རྒྱལ་བ། མཆོད་པ་རྔ་དང་གླིང་བུ་ཅིང་པི་ཝང་ལ་སོགས་རོལ་མོ་གར་ཚོམ་གྱི་མཆོད་པ་ཕུལ། བསྟན་པའི་དོན་དབྱིངས་ཁམས་ཡག་ལག་ལྔ་པའོ། །
བརྒྱད་པ་མཉམ་པ་ཉིད་ཀྱི་ཁམས་གསུངས་པའི་གནས། རིན་ཆེན་འཕྲུལ་སྣང་འོད་ཀྱི་གཞལ་ཡས་ཁང་། ཞུ་མཁན་འཕྲུལ་བོན་གསང་བ་ངང་རིང་། མཆོད་རྫས་ནོར་བུ་དང་གསེར་གྱི་མེ་ཏོག་ལ་སོགས་རིན་པོ་ཆེའི་དཀོར་ཆ་སྣ་ཚོགས་ཅང་ཤེས་ཀྱི་རྟ་ཕོ་སྤྲིན་གྱི་ཤུགས་ཅན་ལ་བཀལ་ནས་ཕུལ་ལོ། །བསྟན་པའི་དོན་མཉམ་ཁམས་ཡན་ལག་བཞི་པའོ། །མཆོད་པ་འབུལ་མཁན་ནི་ཚངས་པ་དང་། ལྷ་མོ་བསྟན་མ་གཉིས་ཁམས་བརྒྱད་ཀར་རོ། །
གོང་གི་ཞུ་བའི་གཤེན་བརྒྱད་ནི། ཁམས་བརྒྱད་པོ་རེ་རེའི་ཆེད་དུ་བྱ་བའི་དབུ་ཡི་གླེང་བསླངས་དང་། བར་གྱི་མཚམས་སྦྱོར། མཐའ་ཡི་མཐུན་འགྱུར། ཡི་རངས་ཀྱི་ཚིག་དངོས་ཀྱི་ཞུ་པའོ་རྨ་ནས་ཡིན་གྱི། སྤྱིར་ཤེར་ཕྱིན་གྱི་འབུམ་སྡེ་གསུངས་འཔི་འཁོར་ལ། རྨད་དུ་བྱུང་བ་གཡུང་དྲུང་སེམས་དཔའི་འཁོར་དང་། བསྟན་པ་སྐྱོང་བ་འཇིག་རྟེན་མངའ་དབང་ཅན་གྱི་འཁོར་དང་། གདུལ་བྱ་དམན་པ་འགྲོ་བ་རིགས་དྲུག་འཁོར་དང་སྡེ་ཚན་གསུམ་ལས་དང་པོ་གཡུང་དྲུང་སེམས་དཔའི་འཁོར་ལ། ཕྱི་འཁོར། ནང་འཁོར། བར་འཁོར། གསང་འཁོར། སྐུ་ལ་རྟག་པར་འཁོར་བའི་འཁོར་དང་། འཁོར་གྱི་དམ་པར་གྱུར་པའི་འཁོར་བཅས་དུ་མའོ། །གཉིས་པ་བསྟན་པ་སྐྱོང་བ་འཇིག་རྟེན་མངའ་དབང་ཅན་གྱི་འཁོར་ནི། ལྷ་ཡི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན། ཀླུ་ཡི་རྒྱལ་པོ་གཙུག་ན་དང་འཇོག་པོ། ལྷ་མིན་ཐང་བཟང་རིང་སྐྱེས། མི་དབང་འདོད་པ་དགུ་འགྱུར། ས་བདག་གི་རྒྱལ་པོ་ཆེན་པོ་བཞི། ལྷ་མོ་བརྟན་མ་ལ་སོགས། འཇིག་རྟེན་ལ་དབང་བསྒྱུར་བར་བྱེད་པའི་དཔལ་མགོན་འཇིག་རྟེན་པ་རྣམས་སོ། ། གསུམ་པ་གདུལ་བྱ་དམན་པ་རིགས་དྲུག་གི་འཁོར་ནི། ལྷ་མོ་སུམ་བརྒྱ་དྲུག་ཅུ་དང་། ཀླུ་མོ་བརྒྱད་ཁྲི་བཞི་སྟོང་། འབངས་དད་པ་ཅན། སྨྲ་མི་གྲོང་བདུན་ལ་སོགས་པའི་སྡེ་བརྒྱད་དང་རིགས་དྲུག་གི་འགྲོ་བ་བསམ་གྱིས་མི་ཁྱབ་པ་ཐེག་པ་ཆེན་པོའི་ལས་སད་པ་རྣམས་སོ། །བསྟན་བྱ་ཤེར་ཕྱིན་གྱི་གཞུང་གི་སྤྱིར་འབུམ་ཆེན་བླ་མེད་སྡེ་བཞི། འབུམ་ཕྲན་བརྒྱ་དང་རྩ་བརྒྱད་བཅས་བདལ་འབུམ་ལས་གསུངས་ཤིང་། འབུམ་ཆེན་བླ་མེད་སྡེ་བཞི་ནི། མདོ་འབུམ་གཟུངས་འབུམ། སྔགས་འབུམ། ཤེས་རབ་འབུམ་དང་བཞིར་བཞེད་ཅིང་། དེ་ཡང་འཕན་ཡུལ་འདོན་པའི་འབུམ་སྡེ་གཙོ་བོ་ནི། རྒྱུ་ཡི་ཐེག་པ་ཆེན་པོ་དྲང་སྲོང་དབུ་མ་པའི་གཞི་ལམ་འབྲས་བུའི་དོན་བརྗོད་བྱའི་གཙོ་བོར་བསྟན་པའི་ལུང་གི་བོན་འཁོར་དེར་འཇོག་ཅིང་དེ་ལ་ཁམས་བརྒྱད་ཡན་ལག་དང་བཅས་པ་ཡོངས་རྫོགས་སྟོན་པའི་མདོ་དང་། དེ་རྫོགས་པར་མི་སྟོན་ཡང་ཤེར་ཕྱིན་གྱི་ལྟ་སྤྱོད་གང་རུང་སྟོན་པའི་བཀའ་གཉིས་སུ་བསྡུས་ལ་དང་པོར་རྒྱས་འབྲིང་བསྡུས་གསུམ་སྟེ། སྟེང་ལྷ་ཡུལ་དུ་གྲགས་པའི་ཤེར་ཕྱིན་གྱི་བསྒྲགས་པ་དང་། འོག་ཀླུ་ཡུལ་དུ་བྱོན་པའི་ཤེར་ཕྱིན་གྱི་བསྒྲགས་པ་སོགས་མང་བར་གསུངས་ཀྱང་། སྐབས་བབ་མི་ཡུལ་དུ་གསུངས་པའི་ཤེར་ཕྱིན་གྱི་བསྒྲགས་པ་ནི། རྒྱས་པའི་རྒྱས་པ་བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་ཞེས་པ་དེ་ཡོད་ཚུལ་ལུང་འགའ་ནས་ཟིན་ཡང་། ནུབ་བམ་གཏེར་ནས་མ་ཐོན་པ་ཡིན། གང་ལྟར་དེང་སྐབས་དངོས་སུ་མ་བཞུགས། རྒྱས་པའི་བསྡུས་པ་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་ཞེས་པ་ཡོད་ཀྱི་གླེགས་བམ་བཅུ་དྲུག་པའི་བདག་གཉེར་ཅན་འདིའོ། །འབྲིང་གི་རྒྱས་པ་འཕྱོང་འབུམ་དུམ་པ་བརྒྱད། འབྲིང་གི་འབྲིང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་གླེགས་བམ་དྲུག འབྲིང་བསྡུད་ཁམས་ཆུང་དུམ་པ་དྲུག་གོ །བསྡུས་པའི་རྒྱས་པ་འབུམ་རྩ་དུམ་པ་གཉིས། བསྡུས་པའི་འབྲིང་ཁམས་རྩ་དུམ་པ་གཉིས། བསྡུས་པའི་བསྡུས་པ་ཁམས་བསྡུས་ཚིག་བཅད་མ་ལེའུ་བརྒྱད། ཤིན་ཏུ་བསྡུས་པ་ཡུམ་མདོ་ཞེས་སྤྱི་མིང་བྱེ་བྲག་ལ་བཏག་པའི་ལེའུ་གཅིག་ཅན་འདི་ཉིད་དོ། །གཉིས་པ་ཤེར་ཕྱིན་གྱི་ལྟ་སྤྱོད་གང་རུང་ཙམ་སྟོན་པའི་འབུམ་ལ། བདལ་འབུམ་དུམ་པ་བཅུ་གཉིས། རྩེ་འབུམ་དུམ་པ་བཅུ། དྲི་མེད་འབུམ་དུམ་པ་དྲུག ཉི་མ་དགུ་ཤར་དུམ་པ་བཅུ། ཁྲི་གདུགས་བདལ་འབུམ་དུམ་པ་དྲུག གསུངས་འབུམ་དུམ་པ་གསུམ། དེ་བཞིན་དཔལ་འབུམ་དཀར་པོ། བྱམས་པ་འབུམ་ལྔའི་ཡིང་སྙིང་། ཨ་དཀར་ཐིག་ལེ་གཅིག་པའི་མདོ། འབུམ་རྩ་བཅས་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམས་དང་། དེ་དག་གི་དགོངས་འགྲེལ་བཀའ་བརྟེན་ལ་དངོས་བསྟན་སྟོང་ཉིད་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཅི་རིགས་སྟོན་པའི་གཞུང་གི་ཁོངས་སུ་གཏོགས་པའི་མ་འོངས་སྟོན་པ་ཐང་མ་མེ་སྒྲོན་བྱང་སེམས་ཀྱི་ཚུལ་དུ་མཛད་ནས་གསུངས་པའི་མདོ་སྡེ་ཉི་ཤུ་པ་བྱ་བ་དང་། རྟག་གཟིགས་ཀྱི་མཁས་པ་དྲང་སྲོང་རྒྱལ་བས་མཛད་པའི་འབུམ་ཏིག དེ་ཡི་དོན་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ས་ལམ་རྣམ་འབྱེད་ཉི་འོད། རྨེའུ་མཁས་མཆོག་དཔལ་ཆེན་གྱིས་མཛད་པའི་མངོན་རྟོགས་རྒྱན་གཞུང་ལེའུ་གཅིག་དང་དེ་ཡི་རང་འགྲེལ་ཁམས་འགྲེལ་ཞེས་ལེའུ་བརྒྱད་ཅན་དང་། རྗེ་བཙུན་ཡར་མེ་བས་མཛད་པའི་དབུ་མ་བདེན་གཉིས་ཀྱི་རྩ་འགྲེལ་དང་། ལམ་རིམ་སུམ་བརྒྱ་པ། བོན་འཁོར་ཚིག་བཞིའི་བཀའ་འགྲེལ། རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི་ཁམས་བསྡུས་ཚིག་བཅད་མའི་འགྲེལ་བ་དང་། དབུ་མའི་འགྲེལ། ས་ལམ་རྣམ་འབྱེད་འཕྲུལ་སྒྲོན་གཞུང་འགྲེལ་གཉིས། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཕར་ཕྱིན་གཡོར་མེའི་ས་ལམ་རྣམ་བཤད། སྒ་སྟོན་ཚུལ་རྒྱན་པས་མཛད་པའི་གཞི་ལམ་རྣམ་འབྱེད་གཞུང་འགྲེལ་གཉིས། མཁན་ཆེན་ཉི་མ་བསྟན་འཛིན་དང་། ཡོངས་འཛིན་རྣམ་དག་འོད་ཟེར་ཟུང་གིས་མཛད་པའི་ཤེར་ཕྱིན་ཚིག་དོན་བཀའ་གནད་རབ་གསལ་ཞེས་ལེའུ་བརྒྱད་ཅན་བཅས་རང་ལུགས་ཤེར་ཕྱིན་གྱི་བཀའ་དང་བཀའ་བརྟེན་རགས་ཙམ་་སྨྲོས་པ་དེ་དག་གིས་བརྗོད་བྱ་གཙོ་བོ་ནི། གཞི་ཀུན་རྫོབ་ཀྱིས་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་གཏན་ལ་འབེབས་ཚུལ། ལམ་ལ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་རྒྱུ་བསགས་ཚུལ། འབྲས་བུ་མཐར་ཐུག་སྣང་བཅས་ཀྱི་སྐུ་དང་སྣང་མེད་ཀྱི་སྐུ་གཉིས་མངོན་དུ་བྱ་ཚུལ་ཤ་སྟག་ལ་འདིས་ཡན་ཀླད་དོན་རབས་ཙམ་མོ། །བར་དུ་ས་བཅུ་ལམ་ལྔའི་དོན་དང་ས་མཚམས་ངོས་བཟུང་བ། སྤྱིར་ཕར་ཕྱིན་དང་མྱང་འདས་གཉིས་སྒྲ་དོན་མཐུན་ལ། དེ་ཡང་ཚུ་རོལ་འཁོར་བའི་རྒྱ་མཚོར་ངོས་བཟུང་ནས། ཕ་རོལ་ཐར་པ་དང་ཐམས་ཅད་མཁྱེན་པ་གང་རུང་སར་ཕྱིན་ཚེ་ཕར་ཕྱིན་དང་ཡང་ན་འཁོར་བའི་གདུང་བ་དང་མྱ་ངན་གྱི་སྡུག་བསྔལ་ལས་འདས་པ་མྱང་འདས་ཅེས་བརྗོད། ཤེར་ཕྱིན་ནམ་འདིར་བསྟན་མཆོད་ཡུམ་གྱི་དོན་ནི། འདིར་བསྟན་གྱི་བསྟོད་ཡུལ་དམ་པར་གྱུར་པའི་གཞི་ལམ་འབྲས་བུའི་ཁམས་ཆེན་པོ་བརྒྱད་གང་རུང་གིས་བསྡུས་པ་དེའོ། །འདིར་བསྟན་མཆོད་ཡུམ་གྱི་དབྱེ་ངོར་འབྲས་བུ་ལམ་དང་གཞི་ཡི་ཡུམ་གསུམ་སྟེ། དང་པོ་འབྲས་ཡུམ། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་ཡེ་ནས་མ་གོས་པའི་དག་པ་གཉིས་ལྡན་གྱི་དབྱིངས་ཤེས་དབྱེར་མེད་མཐར་ཐུག་པའི་སྐུའོ། །ངེས་ཚིག་སྣང་བཅས་ཀྱི་སྐུ་དང་བཀོད་པ་དུ་མའི་འབྱུང་གནས་སམ་འཆར་གཞི་དང་མཐར་ཐུག་གི་བྲལ་འབྲས་ཡིན་ཕྱིར་འབྲས་ཡུམ་ཞེས་སྨོས་སོ། །གཉིས་པ། ལམ་གྱི་ཡུམ། འབྲས་བུ་ཤེར་ཕྱིན་དུ་བགྲོད་བྱེད་ཐེག་ཆེན་སློབ་པའི་མངོན་རྟོགས་དེ་ཡི་དོན། ངེས་ཚིག་གནས་སྐབས་སུ་རྒྱལ་བའི་གདུངས་ཚབ་ནུས་པའི་སྲས་གཡུང་དྲུང་སེམས་དཔའ་འཁྲུངས་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་བསྐྱེད་པའི་ནུས་པ་ཁྱད་པར་ཅན་མངའ་བས། ལམ་གྱི་ཡུམ་མམ་ལམ་ཤེར་ཕྱིན་ནོ། །གསུམ་པ་གཞིའི་ཡུམ། སེམས་ཅན་རྒྱུད་ཀྱིས་བསྡུས་པའི་ཐེག་ཆེན་གཞི་ཡི་སེམས་དབྱིངས། ངེས་ཚིག་ཐེག་ཆེན་ལམ་གྱི་དངོས་པོ་ཐམས་ཅད་འཆར་བའི་གཞི་འམ་འཁོར་འདས་ཀུན་གྱི་འབྱུང་གནས་ཐིམས་གཞིར་ལགས་པས། གཞི་ཡི་ཡུམ་མམ་གཞི་ཤེར་ཕྱིན་ནོ། །ཆོས་པ་ཕལ་ཆེར་གྱིས་གྲུབ་མཐའ་རེར་ཐེག་པ་གསུམ་རེར་འདོད་དེ། དཔེར་ན་དབུ་མ་ཐལ་འགྱུར་བ་ཡིན་པར་གྱུར་པའི་ཉན་རང་བྱང་སེམས་གསུམ་རེར་བཞེད་ཅིང་། རང་ལུགས་ནི་ཐེག་པ་དང་གྲུབ་མཐའ་གཉིས་སྨྲ་མི་མཐུན་ཡང་དོན་གཅིག་པས། དཔེར་ན་དྲང་སྲོང་དབུ་མ་པའི་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་ཚེ། དེའི་བཞེད་ཤེར་ཕྱིན་གྱི་འབུམ་སྡེས་བསྟན་དོན་སྙིང་རྗེ་ཆེན་པོ་སོགས་གཞི་ལམ་འབྲས་བུའི་རྣམ་གཞག་རང་གི་བློ་ངོར་གྲུབ་ཚུལ་ལུང་རིགས་གིས་ལམ་ནས་སྒྲོག་པའི་སྐྱེས་བུར་དགོས་ཤིང་། དེ་ལྟར་གྱུར་པའི་ཐེག་དམན་ཞིག་མོ་ཤམ་གྱི་བུ་བཞིན་ནོ། །རྒྱུའི་ཐེག་པ་ཆེན་པོ་འདི་ཡི་ལུགས་ཀྱི་ལམ་ཞེས་པའི་གདགས་གཞི་ན། སེམས་པའི་རྒྱུད་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་སོགས་ཡིད་ཀྱི་དགེ་བ་ཁྱད་པར་ཅན་རྣམས་སོ། །དེ་ལ་དང་པོར་ཚོགས་ལམ། དེ་ནས་སྦྱོར་ལམ་མཐོང་སྒོམ་མི་སློབ་ལམ་སོགས་རྣལ་འབྱོར་པའི་རྟོགས་པ་གོང་འཕེལ་སོང་རིམ་ལ་བརྗོད་དེ། འདོགས་པའི་རྒྱུ་མཚན་བདེ་ཆེན་སངས་རྒྱས་ཀྱི་ཞིང་ལ་བགྲོད་བྱེད་ཡིན་པའི་ཕྱིར་དུ། དཔེར་ན་ལྷ་སར་བགྲོད་བྱེད་ཀྱི་གཞུང་ལམ་ཞེས་པ་ལྟར། དེས་ན་རང་ལུགས་ལ་ཐེག་ཆེན་མི་སློབ་ལམ་ལམ་དངོས་མ་ཡིན་ཏེ་བགྲོད་ཟིན་པས་སོ། །ཐེག་ཆེན་ལམ་གྱི་རྒྱུ་ལྷག་བསམ་དང་སྙིང་རྗེ་ཆེན་པོ་སོགས་གྲངས་ཚང་དགོས་ལ། ངོ་བོ་ཚོགས་ལམ་ནི། གཙོ་བོར་ཐོས་བསམ་གྱིས་དྲངས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོའི་སྒོ་ནས་ཕྱིན་པར་བྱེད་པ། ངེས་ཚིག རྒྱུད་ལ་ཚོགས་གསོག་ཅིང་སྣོད་དུ་རུང་བར་བྱེད་པའི་བགྲོད་བྱེད་ཡིན་པས་སོ། །སྦྱོར་ལམ། གཙོ་བོར་སྒོམ་བྱུང་འཇིག་རྟེན་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོས་ཟིན་པའི་ཕྱིན་བྱེད། ངེས་ཚིག་འཇིག་རྟེན་ལས་འདས་པར་སྦྱོར་བའི་ལམ་ཡིན་པས་སོ། །མཐོང་ལམ། བོན་ཉིད་ཀྱི་དོན་ལ་འདྲིས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ངེས་ཚིག་བོན་ཉིད་བདག་མེད་སོགས་ལ་ཤིན་ཏུ་གོམས་པའི་ཕྱིན་བྱེད་ཡིན་པས་སོ། །ཐེག་ཆེན་མི་སློབ་ལམ། བོན་ཐམས་ཅད་སྐྱེ་མེད་གདོད་ནས་དག་པར་རྟོགས་པའི་ཡེ་ཤེས་མཐར་ཐུག ངེས་ཚིག་སྦྱོང་པ་མཐར་ཕྱིན་པས་མི་སློབ་ལམ་ཞེས་བརྗོད་དོ། །གཉིས་པ་ཐེག་ཆེན་གྱི་ས་བཅུ་ཞེས་པའི་གདགས་གཞིར། བྱང་སེམས་འཕགས་པའི་ལམ་མཐོང་སྒོམ་གཉིས་པོར་ཡིན་ལ། འདོགས་པའི་རྒྱུ་མཚན་སྤྱིར་བཏང་ས་གཞིས་རྩི་ཤིང་ནགས་ཚལ་ཀུན་གྱི་རྟེན་བྱེད་པ་བཞིན་དུ། གོང་མའི་ལམ་གཉིས་པོས་འཕགས་རྒྱུད་ཀྱི་ཡོན་ཏན་གྱི་ཡོན་ཏན་དུ་མའི་ངོ་བོའམ་རྟེན་བྱེད་པས་སོ། །ས་བཅུ་སོ་སོར་ཕྱེ་ན། ཐེག་ཆེན་གྱི་མཐོང་ལམ། ས་དང་པོ་རབ་ཏུ་དགའ་བའི་སར་ཡིན་ལ། དེ་ནས་བཟུང་ཡེ་ཤེས་སྦྱིན་པར་ཡངས་པ་དང་། ཞ་བ་བྱམས་པ་ཆེན་ཡི། ཁྱབ་བདལ་རང་བཞིན་དུ་གནས་པས། སེར་སྣའི་སྒྲིབ་པ་སོགས་གཏི་མུག་འདོད་ཆགས་ཕྲག་དོག་དང་། ང་རྒྱལ་ཞེ་སྡང་ཉོན་མོངས་རྣམས། དྲུང་ནས་ཡོངས་སུ་སྤོང་གྱུར་པས། མེ་ཆུ། དུག མཚོན། ནད་མུག་དང་། གཅན་གཟན། དབང་པོ་མ་ཚང་བཅས། ས་ཐོབ་འཇིགས་པ་ལྔ་འདི་བྲལ། སྦྱིན་པའི་ཕར་ཕྱིན་ཆེར་ལགས་པ་འདི་ནས་རྫོགས་ཤིང་། དཔེར་ན་བདག་ཅག་གི་སྟོན་པ་སྔོན་ཚེ་གཅེན་པོ་དཔལ་ཆེན་པོའི་སྐུར་སྐྱེ་བ་བཞེས་སྐབས། ལུས་སྲོག་ལ་མ་ཆགས་པར་སྐུ་ལུས་གཅན་སྤྱང་ལ་སྦྱིན་ནུས་པའི་ཀུན་སློང་གི་གཏོང་སེམས་ལྟ་བུའོ། །གོང་དུ་དྲུང་ནས་སྤོང་ཞེས་པ། རང་གཞན་ཕལ་ཆེར་གྱིས་ཉོན་སྒྲིབ་ཀུན་བཏགས་ཙམ་ལ་འགྲེལ་ཡང་རང་ལུགས་ལ་མཁས་གྲུབ་དཔལ་ཆེན་དང་། མཁན་ཆེན་ཉི་མ་རྣམ་གཉིས་ཀྱི་བཞེད་དོན་ལྟར་ན། ཉོན་སྒྲིབ་ལྷན་སྐྱེས་ཀུན་བཏགས་གཉིས་ཀ་བྲལ་བར་སེམས་སོ། ༈སྒོམ་ལམ་ཆུང་ངུའི་ཆུང་ངུར་ས་གཉིས་པ་དྲི་མེད་ཤེལ་གྱི་སར་བརྗོད་ཅིང་། དེ་ནས་བཟུང་འཆར་སྒྲིབ་གཟུང་འཛིན་གྱི་བག་ཆགས་སྦྱངས་པས། མི་དམིགས་པའི་ཤེས་རབ་རྫོགས་པའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་ཆུང་ངུའི་འབྲིང་ལ་གསུམ་པ་འོད་ཟེར་འཕྲོ་བའི་སར་བརྗོད་ཅིང་། དེ་ནས་བཟུང་བྱུང་ཚོར་གྱི་སྒྲིབ་པར་གྱུར་པའི་འཁོར་དང་ཟང་ཞིན་གྱི་བག་ཆགས་སྦྱངས་པས་མི་ཆགས་པའི་རྟུལ་ཤུགས་བསྐྱེད་པའི་ཏིང་ངེ་འཛིན་དང་། བཟོད་པའི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་ཆུང་ངུའི་ཆེན་པོ། བཞིན་པ་ཕྱག་རྒྱ་བསྒྱུར་བའི་སར་ཡིན་ལ། དེ་ནས་བཟུང་ལེ་ལོའི་སྒྲིབ་པར་གྱུར་པའི་གཟུང་འཛིན་གྱི་བག་ཆགས་སྦྱངས་པས། མི་ཉམས་པའི་སྟོབས་དང་ལྡན་པའི་ཏིང་འཛིན་དང་། བརྩོན་འགྲུས་ཀྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་འབྲིང་གི་ཆུང་ངུར། ལྔ་པ་བོན་ཉིད་སྤྲིན་ཚོགས་སར་བརྗོད་ཅིང་། དེ་ནས་བཟུང་གཡོ་རྩོལ་གཉིས་ཀྱིས་བསྡུས་པའི་རྟོག་འཛིན་གྱི་བག་ཆགས་སྦྱངས་པས། མི་རྟོགས་པའི་ཡེ་ཤེས་དང་ལྡན་པའི་ཏིང་འཛིན་དང་། བསམ་གཏན་གྱི་ཕར་ཕྱིན་ཆེར་རྟོགས་པ་རྫོགས། ༈སྒོམ་ལམ་འབྲིང་གི་འབྲིང་། དྲུག་པ་བདེ་ལྡན་རྟོགས་པའི་སར་བརྗོད་ཅིང་། དེ་ནས་བཟུང་མ་ནུས་སྦུམ་ཆུང་གི་སྒྲིབ་པའམ་དམིགས་ཡུལ་གྱི་རྟོགས་པ་སྦྱངས་པས། མི་ནུབ་པའི་རྒྱལ་མཚན་མཐོན་པོའི་ཏིང་འཛིན་དང་། སྟོབས་ཀྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་འབྲིང་གི་ཆེན་པོ། བདུན་པ་ཡིད་བཞིན་འགྲུབ་པའི་སར་བརྗོད་ཅིང་། དེ་ནས་བཟུང་གདུག་སེམས་ཀྱི་སྒྲིབ་པ་དང་། བདུད་ཀྱི་ཆུ་བཞིའི་བག་ཆགས་སྦྱངས་པས། མི་ཤིག་པའི་གསས་མཁར་གྱི་ཏིང་འཛིན་དང་། སྙིང་རྗེའི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་ཆེན་པོའི་ཆུང་ངུར། བརྒྱད་པ་མ་ཆགས་དག་པའི་སར་བརྗོད་ཅིང་། དེ་ནས་བཟུང་རེ་དོག་གི་སྒྲིབ་པ་དང་། བརྗེད་ངས་ཀྱི་བག་ཆགས་སྦྱངས་པས། མི་བརྗེད་པའི་གཟུངས་ལྡན་གྱི་ཏིང་འཛིན་དང་སྨོན་ལམ་གྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་ཆེན་པོའི་འབྲིང་ལ། དགུ་པ་ཡི་གེ་འཁོར་ལོའི་སར་བརྗོད་ཅིང་། དེ་ནས་བཟུང་ཕྱིན་ཅི་ལོག་འཁྲུལ་གྱི་མཚན་མའི་བག་ཆགས་སྦྱངས་པས། མི་འཁྲུལ་བའི་བླ་རུ་ཕྱིན་པའི་ཏིང་འཛིན་དང་། ཐབས་ཀྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། སྒོམ་ལམ་ཆེན་པོའི་ཆེན་པོར། བཅུ་པ་མི་འགྱུར་གཡུངས་དྲུང་སར་བརྗོད་ཅིང་། དེ་ནས་བཟུང་འཁྲུལ་རྨོངས་ཀྱི་སྒྲིབ་པའམ་རྣམ་གཡེང་གི་བག་ཆགས་ཤིན་ཏུ་ཕྲ་བ་སྦྱངས་པས། མི་ཡེངས་པ་ཀློང་ན་བདེ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕར་ཕྱིན་ཆེར་ལགས་པ་རྫོགས། ཐེག་པ་ཆེན་པོ་འདི་ཡི་ལུགས་ཀྱི་ས་ལམ་ཡོན་ཏན་མཐར་ཐུག་པ། བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འཇོག་ལ། དེ་ནས་ཤེས་བྱ་རྒོད་རྐྱང་གི་དྲི་མ་ཤེལ་སྒོང་ཕྱིས་པ་བཞིན་དག་ནས། ཡང་དག་པའི་མཐའ་དོན་དམ་བདེ་བ་ཆེན་པོའི་ངང་ལས་རྟག་ཏུ་མི་གཡོ་བའི་མཉམ་གསལ་གྱི་སྐུ་གསུམ་འབད་ཆེད་ལྷུན་གྲུབ་ཏུ་རྫོགས་པའོ། །གསུམ་པ། ཁམས་བརྒྱད་ལུས་དང་ཡན་ལག་དངོས་སོ་སོར་བགྲང་བ་ལ། ཁམས་ཆེན་པོ་བརྒྱད་དང་། མཚོན་བྱེད་ཞེ་ལྔའི་གོ་རིམ་དང་མཁས་དབང་གོང་མའི་བསྟན་དོན་དུ་རུབ་ཙམ་འབྲི་བ་ལ། དང་བོ་དེ་ཡི་མཚོན་བྱ་ཁམས་ཆེན་པོ་བརྒྱད་ནི། སྲིད་ཁམས། རྒྱུན་ཁམས། སྣང་ཁམས། སྟོང་ཁམས། སོ་སོར་གསལ་བའི་ཁམས། དབྱིངས་ཁམས། རིག་པའི་ཁམས། མཉམ་ཁམས་བརྒྱད་དོ། །སྲིད་ཁམས། ཀུན་རྫོབ་ཀྱི་བོན་ཐམས་ཅན་མངོན་སུམ་དུ་གསལ་ཞིང་དོན་དམ་བོན་ཉིད་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ་དང་རྣམ་མཁྱེན་དོན་གཅིག ས་མཚམས་སངས་རྒྱས་སར་ཁོ་ནའོ། །རྒྱུན་ཁམས་ལམ་གསུམ་གྱི་དམིགས་རྣམས་མི་དམིགས་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས། དེ་དང་ལམ་ཤེས་དོན་གཅིག ས་མཚམས་ཐེག་ཆེན་མཐོང་ལམ་ནས་རྣམ་མཁྱེན་བར་རོ། །སྣང་ཁམས། གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་བོན་རྣམས་གང་ཟག་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མངོན་རྟོགས། དེ་དང་ཐེག་ཆེན་གཞི་ཤེས་དོན་གཅིག ས་མཚམས་རིགས་ངེས་དབང་དུ་བྱས་ན་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ས་ཡི་བར་རོ། །སྟོང་ཁམས། སྒོམ་བྱའི་རྣམ་པ་མཚན་མ་དང་བདལ་འབུམ་ལས་གསུངས་པའི་རྣམ་རྫོགས་སྦྱོར་བར་དོན་གཅིག ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའ་བར། །སོ་སོར་གསལ་བའི་ཁམས། བདེན་གཉིས་ཀྱི་རང་བཞིན་སྒོམ་བྱུང་གི་སྒོ་ནས་རྟོགས་པའི་ཚོགས་ལམ་ཆེན་པོ་ལས་རབ་ཏུ་གྱུར་པའི་སེམས་དཔའི་ཡེ་ཤེས། དེ་དང་བདལ་འབུམ་ལས་གསུངས་པའི་རྩེ་སྦྱོར་དོན་གཅིག ས་མཚམས་ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའ་བར། རིགས་ཁམས། རྟོགས་བྱའི་ཡུལ་གྱི་གནས་ལུགས་དམིགས་ཡུལ་ལས་འདས་པའི་སྒོ་ནས་སྒོམ་པའི་ས་བཅུའི་དངོས་གཞི་མན་ཆད་ཀྱིས་བསྡུས་པའི་སེམས་དཔའི་ཡེ་ཤེས་དེ་དང་བདལ་འབུམ་ལས་གསུངས་པའི་མཐར་གྱི་སྦྱོར་བར་དོན་གཅིག་ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོག་བར། དབྱིངས་ཁམས། གཡུང་དྲུང་གི་དབྱིངས་དགུ་གཡོ་རྩོལ་མེད་པ་མངོན་སུམ་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་མཐར་ཐུག དེ་དང་བདལ་འབུམ་ལས་གསུངས་པའི་སྐད་ཅིག་མའི་སྦྱོར་བར་དོན་གཅིག ས་མཚམས་རྒྱུན་མཐའ་ཁོ་ནའོ། །མཉམ་ཁམས། འཁོར་འདས་གཉིས་མེད་ཀྱི་འབྲས་བུ་ཆེ་ཆུང་མེད་པར་རྟོགས་པའི་དབྱིངས་ཤེས་དབྱེར་མེད་ཀྱིས་བསྡུས་པའི་ཐོབ་བྱ་མཐར་ཐུག དེ་དང་བདལ་འབུལ་ལས་གསུངས་པའི་འབྲས་བུ་བོན་སྐུ་དོན་གཅིག ས་མཚམས་ཐེག་ཆེན་མི་སློབ་ལམ་ཁོ་ནར་གནས་སོ། །གཉིས་པ་མཚོན་བྱེད་ཡན་ལག་ནི། སྲིད་ཁམས་ལ་བརྒྱད། རྒྱུན་ཁམས་ལ་བདུན། སྣང་ཁམས་ལ་དྲུག སྟོང་ཁམས་ལ་དྲུག སོ་སོའི་ཁམས་ལ་བཞི། རིགས་ཁམས་ལ་ལྔ། དབྱིངས་ཁམས་ལ་ལྔ། མཉམ་ཁམས་ལ་བཞི་བཅས་སོ། །སྲིད་ཁམས་ཡན་ལག་བརྒྱད་ནི། ཐེག་ཆེན་སེམས་བསྐྱེད། སེམས་སྤྱོད། མོས་སྤྱོད་ལམ། མཐོང་ལམ། སྒོམ་ལམ། གཡོ་རྩོལ། བྲལ་འབྲས། རྟོགས་པའི་ཁྱད་པར་སྤངས་པའི་ཁྱད་པར་དང་བརྒྱད་དོ། །ཐེག་ཆེན་སེམས་བསྐྱེད། གཞན་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ལ་འདུན་པའི་བློ་ཁྱད་པར་ཅན། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའ་བར། སེམས་སྤྱོད། ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་པ་གཉིས་གང་རུང་འགྲུབ་པའི་ཐབས་སུ་གྱུར་པའི་སེམས་དཔའི་རྒྱུད་ཀྱི་དགེ་བ་ས་མཚམས་གོང་དང་མཉམ། མོས་སྤྱོད་ལམ། རྒྱུ་བསམ་པ་ཕུན་ཚོགས་སོགས་ཁྱད་བོན་བཞི་ཡི་སྒོ་ནས་དམན་པའི་ལམ་ལས་ཁྱད་པར་དུ་བྱས་པའི་ངེས་འབྱེད་ཡན་ལག ས་མཚམས་ཐེག་ཆེན་ཚོགས་ལམ་ཆེན་པོ་རྫོགས་ནས་མཐོང་ལམ་མ་ཐོབ་བར། མཐོང་ལམ་རང་བཞིན་བདུན་ལྡན་གྱི་དབྱིངས་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་རྣམ་པར་མི་རྟོགས་པའི་ཡེ་ཤེས། ས་མཚམས་ཐེག་ཆེན་སྦྱོར་ལམ་རྫོགས་ནས་སྒོམ་ལམ་མ་སྐྱེས་བར། སྒོམ་ལམ་རང་བཞིན་བདུན་ལྡན་གྱི་དབྱིངས་ཉིད་མངོན་སུམ་གྱིས་རྟོགས་ཟིན་རྒྱུན་ལྡན་དུ་གོམ་པར་བྱེད་པའི་ཐེག་ཆེན་སློབ་པའི་མངོན་རྟོགས། ས་མཚམས་ཐོག་ཆེན་མཐོང་ལམ་རྫོགས་ནས་མི་སློབ་ལམ་མ་ཐོབ་བར། འབྲས་བུ་ཕུན་ཚོགས། གཡོ་རྩོལ་གཉིས་ཀྱིས་བསྡུས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་སྤངས་རྟོགས་མཐར་ཐུག་མཚམས་སངས་རྒྱས་ས་ཁོ་ནར་ངེར་སོ། །རྟོགས་པ་ཕུན་ཚོགས། འཁོར་འདས་ཐམས་ཅད་རང་བཞིན་གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། ས་མཚམས་གོང་དང་མཉམ་ཞིང་མཚན་གཞི་རྣམ་མཁྱེན་ནོ། །སྤངས་པ་ཕུན་ཚོགས་མཐའ་བརྒྱད་རྣམ་པར་སྤངས་པའི་དབྱིངས་ཡེ་དབྱེར་མེད་བྱང་ཆུབ་ཆེན་པོའི་སྐུ། ས་མཚམས་སངས་རྒྱས་སར་ཁོ་ནར་ངེས་ཤིང་མཚན་གཞི་ངོ་བོ་ཉིད་སྐུའོ། །གཉིས་པ་རྒྱུན་ཁམས་མཚོན་བྱེད་ཡན་ལག་བདུན་ནི། བསྒྲུབ་བྱའི་འབྲས་བུ། བསྒྲུབ་གཞིའི་རྟེན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་ཏིང་འཛིན་ནོ། །ལམ་གྱི་བསྒྲུབ་བྱའི་འབྲས་བུ། བདག་དོན་ལྷུན་གྱིས་གྲུབ་ཅིང་གཞན་དོན་མཐའ་རུ་ཕྱིན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་སར་ཁོ་ནར་ཡོད་དོ། །བསྒྲུབ་གཞིའི་རྟེན། དྲི་བཅས་ཀྱི་བོན་དབྱིངས་དང་ཐར་ལམ་གང་རུང་གིས་བསྡུས་ཤིང་། རང་གི་ངོ་བོ་དྲི་བྲལ་དུ་གྱུར་ཚེ་རང་དོན་བོན་སྐུ་འགྱུར་དུ་རུང་བའི་བོན། ས་མཚམས་ལམ་ནི་སློབ་ལམ་རྣམས་དང་རིགས་འགྲེ་བ་མཁའ་དག་གོ །སྒྲུབ་པ་རང་གི་ངོ་བོ་ཚོགས་ལམ། ཐེག་ཆེན་སྦྱོར་ལམ་མ་སྐྱེས་གོང་གི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་མངོན་རྟོགས། ས་མཚམས་ཆེན་སེམས་བསྐྱེད་རྒྱུད་ལ་སྐྱེ་ནས་སྦྱོར་ལམ་དྲོད་མ་ཐོབ་བར། སྦྱོར་ལམ། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་རྫོགས་རྗེས་སུ་བྱུང་ཞིང་སྟོང་ཉིད་སྒོམ་བྱུང་གི་སྒོ་ནས་དོན་གྱི་སྤྱི་ཡི་ཚུལ་དུ་རྟོགས་པའི་ཐེག་ཆེན་མངོན་རྟོགས། ས་མཚམས་ཐེག་ཆེན་ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར། མཐོང་ལམ། གཟུང་འཛིན་གཉིས་སྟོང་གི་བོན་ཉིད་མངོན་སུམ་གསར་དུ་རྟོགས་པའི་འཕགས་ལམ་དང་པོ། ས་མཚམས་སྦྱོར་ལམ་བོན་མཆོག་རྫོགས་ནས་སྒོམ་ལམ་མ་ཐོབ་བར། སྒོམ་ལམ། དེ་ཁོ་ན་ཉིད་ཀྱི་རང་མཚན་ལ་འདྲིས་པའི་ཕྱིན་པར་བྱེད་པ། ས་མཚམས་ཐེག་ཆེན་མཐོང་ལམ་རྫོགས་ནས་མི་སློབ་ལམ་རྒྱུད་ལ་མ་སྐྱེས་བར། བར་ཆད་མེད་པའི་ཏིང་འཛིན་ཤེས་བྱ་རྒོད་རྐྱང་གི་བག་ཆགས་མ་གཏོགས་དྲི་མ་མཐའ་དག་བྲལ་བའི་མཁྱེན་པ། ས་མཚམས་རྒྱུན་མཐའ་ཁོ་ནའོ། །གསུམ་པ་སྣང་ཁམས་ཀྱི་ཡན་ལག་དྲུག་ནི། ཡོད་པར་སྟོན་པའི་གཞི། ཐུན་མོང་གི་ལམ་བླ་མེད་ཕྱིན་བཅུ། མཉམ་བཞག་རྣམ་པར་མི་རྟོགས་པའི་ལམ། རྗེས་ཐོབ་དག་པའི་ལམ། བར་ཆད་མེད་པའི་རྣམ་དག ཤིན་ཏུ་རྣམ་པར་དག་པའོ། །ཡོད་པར་སྟོན་པའི་གཞི། འཁོར་བའི་བོན་ཀུན་གྱི་རྟེན་དུ་གྱུར་པའི་གང་ཟག་བཅས་ཀྱི་དངོས་པོ་དང་མྱང་འདས་ཀྱི་བོན་གྱི་རྟེན་དུ་གྱུར་པའི་རང་བཞིན་སྤྲོས་བྲལ་བོན་ཉིད་གང་རུང་གིས་བསྡུས་པ། ས་མཚམས་སངས་རྒྱས་དང་སེམས་ཅན་གང་གི་ས་ལའོ། །ཐུན་མོང་གི་ལམ་བླ་མེད་བཅུ། སྦྱིན་སོགས་བླ་མེད་བཅུ་སྒོམ་པར་བྱེད་པའི་སེམས་དཔའི་རྒྱུད་ཀྱི་ཉམས་ལེན། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའ་བར། མཉམ་བཞགས་རྣམ་པར་མི་རྟོགས་པ། སྟོང་པ་ཉིད་ཀྱི་དོན་ལ་འདྲིས་པས་ཕྱིན་པར་བྱེད་པ། འདིའི་ས་མཚམས་སྒོམ་ལམ་མཉམ་བཞགས་རྣམས་སོ། །རྗེས་ཐོབ་དག་པའི་ལམ་ས་བཅུའི་རྗེས་ཐོབ་རྒྱུ་ཡུལ་ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པའི་གཞུང་ལ་འབྲི་བ་སོགས་སྤྱོད་པ་རྣམས་བདུན་གྱིས་བསྒྲུབས་པའི་དགེ་རྩ་ཁྱད་པར་དུ་བྱས་པ། ས་མཚམས་ས་དང་པོའི་རྗེས་ཐོབ་ནས་ས་བཅུ་ཐོག་མའི་རྗེས་ཐོབ་བར། བར་ཆད་མེད་པའི་རྣམ་དག་དྲི་མ་ཕྲ་བའི་ཕྲ་བ་མ་གཏོགས་གཞན་སྒྲིབ་པ་མཐའ་དག་ལས་གྲོལ་བའི་རྒྱུན་མཐའ་ཡེ་ཤེས། ས་མཚམས་རྒྱུ་མཐའ་ཁོ་ནའོ། །ཤིན་ཏུ་རྣམ་དག་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་དྲི་མ་ཐམས་ཅད་ས་གྲོལ་བའོ། །ས་མཚམས་ཐེག་ཆེན་མི་སློབ་ལམ་ཁོ་ནའོ། །བཞི་པ་སྟོང་ཁམས་ཀྱི་ཡན་ལག་དྲུག་ནི། གཞི་སྐྱེ་མེད། ལམ་སྐྱེ་མེད། འབྲས་བུ་སྐྱེ་མེད། སྒོམ་བྱེད་ཀྱི་སྦྱོར་བ། བསྒོམ་བྱའི་འཁོར་འདས་ཤེས་བྱ་ཀུན་གྱི་གཞིར་གྱུར་ཅིང་། སྐྱེ་བ་མེད་པའི་བོན་དབྱིངས། ས་མཚམས་རྒྱུན་མཐའ་བར། ལམ་སྐྱེ་མེད། གཞི་སྐྱེ་མེད་རྟོགས་ཤིང་གོམས་པར་བྱེད་པའི་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ཁྱད་འཕགས། ས་མཚམས་ཐེག་ཆེན་མཐོང་ལམ་ནས་རྒྱུན་མཐའ་བར་དུ་རྒྱལ་སྲས་སེམས་དཔའ་རྣམས་ཀྱི་འཁོར་གསུམ་དམིགས་པའི་དགེ་བ་དག་གོ །འབྲས་བུ་སྐྱེ་མེད། གཞི་སྐྱེ་མེད་མངོན་དུ་གྱུར་པའི་ཁྱད་པར་གསུམ་དང་ལྡན་པའི་བོན་སྐུ། ས་མཚམས་སངས་རྒྱས་ཞིང་ཁོ་ནའོ། ༈སྒོམ་བྱེད་སྦྱོར་བ། སྐྱེ་མེད་གསུམ་ཡུལ་དུ་བྱས་ཏེ། ཐོས་བསམ་སྒོམ་བྱུང་ཅི་རིགས་སྒོ་ནས་ཉམས་སུ་ལེན་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའ་བར། བསྒོམ་བྱའི་ཡུལ། གཡུང་དྲུང་སེམས་དཔའ་རྣམས་ཀྱིས་བདེན་མེད་དུ་སྒོམ་པར་བྱ་བའི་འཁོར་འདས་གང་རུང་གིས་བསྡུས་པའི་བོན། དེ་ལ་འཁོར་བའི་བོན་གྱི་རྣམ་གྲངས་བརྒྱད་དང་གསུམ། མྱང་འདས་བོན་གྱི་རྣམ་གྲངས་བརྒྱད་དང་ཉི་ཤུ་རྩ་གཅིག་གོ །སྒོམ་བྱེད་རྟེན་གང་ཟག ལམ་ལ་ཐོས་བསམ་སྒོམ་པ་གང་རུང་གི་སྒོ་ནས་འཇུག་པའི་ཁྱད་པར་གསུམ་ལྡན་གྱི་རྒྱལ་སྲས། གསུམ་ནི་ཐེག་དམན་དོན་ཡིད་ལ་སྤངས་པ་སྐྱེ་བ་གོང་ནས་ཐེག་ཆེན་གྱི་དོན་ལ་སྦྱངས་པ། དོན་ཉམས་སུ་མྱང་ཞིང་སྦྱིན་ཚུལ་སོགས་ཡོངས་སུ་སྒྲུབ་པའོ། །ལྔ་པ་སོ་སོའི་ཁམས་ཀྱི་ཡན་ལག་བཞི་ནི། བདེན་གཉིས་དམིགས་རྣམས་ལྡན་པའི་མོས་སྤྱོད་ཡན་ལག མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་ཏིང་འཛིན་བཅས་སོ། །མོས་སྤྱོད། ཀུན་རྫོབ་བདེན་པའི་དམིགས་ནས་རྣམ་པ་དོན་དམ་བདེན་པའི་ངེས་འབྱེད་ཡན་ལག ས་མཚམས་ཚོགས་ལམ་རྫོགས་ནས་མཐོང་ལམ་མ་སྐྱེས་བར། མཐོང་ལམ་འདིར་བསྟན། འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བའི་བདེན་པ་མངོན་རྟོགས། ས་མཚམས་གོང་མའི་མཐོང་ལམ་དང་མཚུངས། འདིར་བསྟན་སྒོམ་ལམ། ཟག་བཅས་ཟག་མེད་གང་རུང་གིས་བསྡུས་པའི་རྗེས་ལ་མངོན་རྟོགས། ས་མཚམས་གོང་དང་མཚུངས་ཤིང་ཟག་བཅས་རྗེས་ཐོབ་དང་། ཟག་མེད་མཉམ་བཞག་ཡེ་ཤེས་སོ། །བར་ཆད་མེད་པའི་ཏིང་འཛིན། ཤེས་རབ་དང་སྙིང་རྗེ་ཆེན་པོའི་ཐབས་ཤེས་ཟུང་འབྲེལ་ལ་མཁས་པའི་རྒྱུན་མཐའི་མངོན་རྟོགས། ས་མཚམས་རྒྱུན་མཐའ་ཁོ་ནའོ། །དྲུག་པ་རང་རིག་པའི་ཁམས་ལ་ཡན་ལག་ལྔ་ནི། ཤེས་བྱ་གཞི་ཡི་གནས་ལུགས། གསལ་ཆ་སྒོམ་བྱའི་ཡུལ། ཕྱིར་མི་ལྡོག་པའི་གང་ཟག སྒོམ་པའི་ངོ་བོ་ཏིང་ངེ་འཛིན། འབྲས་བུ་རྒྱུན་མཐའ་ཡེ་ཤེས་བཅས་སོ། །ཤེས་བྱ་གཞི་ཡི་གནས་ལུགས། རྒྱུ་རྐྱེན་གང་གིས་བཅོས་བསླད་དང་བྲལ་ཞིང་རྟོགས་དང་མ་རྟོགས་ཀྱི་ཁྱད་པར་ལས་གཤེན་རབ་དང་སེམས་ཅན་གྱི་ཐ་སྙད་གདགས་ཤིང་བདེ་སྡུག་གང་གི་འབྱུང་གཞིར་གྱུར་པའི་དབྱིངས་ཀྱི་ཆ་མཚན་གཞི་མཐོང་ལམ་མི་རྟོག་པའི་ཡུལ་ལྟ་བུའོ། །གསལ་ཆ་བསྒོམ་བྱའི་ཡུལ། གཡུང་དྲུང་སེམས་དཔའི་ཐོས་བསམ་གྱི་ཤེས་པས་བདེན་མེད་དུ་གཏན་ལ་ཕབ་སྟེ་སྒོམ་བྱུང་གི་ཤེས་པས་རང་བཞིན་མེད་པར་སྒོམ་པའི་ཡུལ་དུ་གྱུར་པའི་བོན། མཚན་གཞི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ། སྒོམ་བྱེད་རྟེན། བསམ་སྦྱོར་ཕུན་ཚོགས་པའི་སྒོ་ནས་ཐེག་པ་དམན་པའི་ལམ་དུ་མི་འཇུག་ཅིང་ལམ་སྒོམ་པར་བྱེད་པའི་ཨེ་མ་ངོ་མཚར་ཆེ་བའི་སྐྱེས་བུ། མཚན་གཞི་གསེར་ལྟ་བུའི་སེམས་བསྐྱེད་རྒྱུད་ལྡན་སེམས་དཔའ་དག་གོ །སྒོམ་པ་རང་གི་ངོ་བོ་ཏིང་ངེ་འཛིན། ཐེག་པ་དང་འཁོར་འདས་ཀྱི་རྣམ་གྲངས་ཅི་རིགས་པ་ཡུལ་དུ་བྱས་ནས་རང་བཞིན་མེད་པར་སྒོམ་ཅིང་རང་ཡུལ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཐབས་ཤེས་ཟུང་འབྲེལ་གྱི་སློབ་ལམ་མཚན་གཞི་ཚོགས་ལམ་ནས། རྒྱུན་མཐའི་ཏིང་འཛིན་བར་ལྔའོ། །འདིར་བསྟན་འབྲས་བུ། ཐབས་ཤེས་ཟུང་འབྲེལ་གྱི་ལམ་དེ་དག་སྒོམ་པ་ལས་བྱུང་བའི་བདེ་འགྲོའི་འབྲས་བུ་དང་གཡུང་དྲུང་སེམས་དཔའི་རྒྱུད་ཀྱི་སྤངས་རྟོགས་གང་རུང་གིས་བསྡུས་པའི་ཡོན་ཏན། མཚན་གཞི་ས་ཐོབ་འཇིགས་པ་ལྔ་དང་བྲལ་བའི་བདེ་འབྲས་བཞིན་ནོ། །བདུན་པ་དབྱིངས་ཁམས་ཀྱི་ཡན་ལག་ལྔ་ནི། སྤང་བྱ། དབྱིངས་ཀྱི་གནས་ལུགས། ཡུལ་ཅན་ས་བཅུ་རྒྱུན་མཐའི་ཏིང་འཛིན། ལེགས་པའི་ཡོན་ཏན་མཚན་དང་དཔེ་བྱད། ཡོན་ཏན་ཐོབ་བྱེད་རྒྱུའོ། །སྤང་བྱ། རང་གིས་སྒྲིབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པ་གང་རུང་ཐོབ་པ་ལ་གེགས་བྱེད་པའི་ལྷན་སྐྱེས་དང་ཀུན་བཏགས་ཅི་རིགས་ཀྱིས་བསྡུས་པའི་དངོས་པོ། ཡ་མཐའི་ས་མཚམས་སྒྲིབ་གཉིས་མ་ཟད་བར། དབྱིངས་ཀྱི་གནས་ལུགས། རང་བཞིན་གྱི་སྤྲོས་པའི་མཚན་མ་ཐམས་ཅད་ཀྱིས་དབེན་ཞིང་གཡོ་བ་མེད་པའི་སྟོང་ཆ། དོན་དམ་བདེན་པ་དང་དོན་མཉམ། ས་བཅུ་ཐ་མའི་ཏིང་ངེ་འཛིན། ཡུལ་དབྱིངས་དགུ་རྟོགས་པའི་ཤེས་པ་དམིགས་མེད་ཀྱི་ཁྱད་པར་དུ་བྱས་པའི་རྒྱུན་མཐའི་མངོན་རྟོགས། ས་མཚམས་གོང་གི་དབྱིངས་ཁམས་དང་མཚུངས། ལེགས་པའི་ཡོན་ཏན་མཚན་དང་དཔེ་བྱད། རང་འགྲུབ་བྱེད་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་བྱུང་བའི་ཐེག་ཆེན་འཕགས་པར་ལྡན་པའི་སྐུ་ཡི་ཡོན་ཏན་གྱི་ཆ། ས་མཚམས་ཐེག་ཆེན་མི་སློབ་ལམ་ཁོ་ནའོ། །ཡོན་ཏན་དེ་ཐོབ་བྱེད་རྒྱུ་ལམ་གྱི་གནས་སྐབས་སུ་སྦྱིན་སོགས་བླ་མེད་བཅུ་ཡིས་བསྡུས་པའི་རིག་གནས་ཀྱི་དགེ་བ། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའ་བར། བརྒྱད་པ་མཉམ་ཁམས་ཀྱི་ཡན་ལག་བཞི་ནི། བོན་སྐུ་བདེ་བ་ཆེན་པོ། ལོངས་སྤྱོད་རྫོགས་སྐུ། ཅིར་ཡང་སྤྲུལ་སྐུ། མི་དམིགས་པ་ཐིག་ལེ་གཅིག་ལ་འཇོག་པའི་ངོ་ཉིད་དོ། །བོན་སྐུ། གཙོ་བོར་ཡེ་ཤེས་ཚོགས་ཀྱི་ལག་རྗེས་ལས་དབྱིངས་ཤེས་དབྱེར་མེད་མཐར་ཐུག་པ། མཚན་གཞི་སྤངས་པ་ཆེན་པོ། ལོངས་སྤྱོད་རྫོགས་སྐུ། གཙོ་བོར་བསོད་ནམས་ཚོགས་ཀྱི་ལག་རྗེས་ལས་བྱུང་བའི་མཚན་དཔེས་སྤྲས་ཤིང་ངེས་པ་ལྔ་ལྡན་དུ་སྣང་བའོ། མཚན་གཞི་ས་ཐོབ་སེམས་དཔའི་སྣང་ངོར། གཤེན་ལྷ་འོད་དཀར་གྱི་སྐུ་བཞིན་ནོ། །ཅིར་ཡང་སྤྲུལ་སྐུ། ཚོགས་གཉིས་ཀྱི་འབྲས་བུས་གདུལ་བྱ་ལ་མ་ངེས་ལྔ་ལྡན་དུ་སྣང་བའི་སྐུ། མཚན་གཞི་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ལྟ་བུའོ། །མི་དམིགས་པའི་ཐེག་ལེ་གཅིག་ལ་འཇོག་པ། བོན་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཚན་མ་གཟུང་བ་དང་འཛིན་པས་བསྡུས་པའི་རྣམ་རྟོག་ཐམས་ཅད་དང་བྲལ་ཞིང་ཡེ་ནས་ཅི་ཡང་མེད་པ་མཉམ་པ་ཉིད་ཀྱི་སྐུ། མཚན་གཞི་གསལ་སྟོང་གཉིས་མེད་ཀྱི་ངོ་བོ་ཉིད་སྐུ་བཞིན་ནོ། །འདིར་ཤེར་ཕྱིན་གྱི་མདོ་དོན་ཁམས་བརྒྱད་དང་མཚོན་བྱེད་ཡན་ལག་ཞེ་ལྔར་བསྡུས་ཏེ་བཤད་པས། འདི་ཡི་དོན་ལ་གོ་བ་ཆགས་ན་ཕར་ཕྱིན་རགས་རིམ་ཙམ་གོ་བར་མཁས་པ་རྣམས་ཀྱིས་གསུངས་སོ། །དེ་ལྟར་གཤེན་ཞལ་གཙང་མ་ནས་གསུངས་པའི་ཤེར་ཕྱིན་གྱི་འབུམ་སྡེ་རིན་པོ་ཆེ་འདི་རྒྱུད་པ་ཁུངས་འཛིན་གྱིས་སྐྱེས་ཆེན་ལོ་པཎ་མཁས་གྲུབ་གོང་མ་རྣམ་པས་དཀའ་བ་སྲོག་དང་བསྡོས་ཏེ་མ་འོངས་གདུལ་བྱ་ཡིད་ཅན་རྣམས་གཏན་གྱི་བདེ་བ་ཆེན་པོའི་ཞིང་། ཡུམ་ཆེན་ཤེས་རབ་ཕར་ཕྱིན་གྱི་ཀློང་དུ་འགོད་པའི་ཆེད་དུ་ཡིན་ནོ། །རང་གཞན་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཕྱིར་དུ་བདེ་བར་གཤེགས་པའི་གསུངས་རབ་ཟབ་མོ་འདི་དག་དོན་གཉེར་གྱིས་ཉམས་ལེན་ཐོས་བསམ་སྒོམ་གསུམ་གནང་ན་རང་དོན་ཕུན་སུམ་ཚོགས་ཤིང་། གཞན་དོན་ལྷུན་གྱིས་གྲུབ་ནས། དོན་གཉིས་མཐར་ཕྱིན་བསྟན་པའི་དཔལ་འབྱོར་དབྱར་མཚོ་བཞིན་དུ་ཕྱོགས་མེད་ཀུན་ཏུ་འཕེལ་ཞིང་རྒྱས་པའོ། །
སྨྲས་པ། བོན་སྒོ་ལོ་ཡག་སྙེ་མའི་དགའ་ཚལ་ནས། ། ལེགས་བླང་རྒྱས་པ་འབུམ་གྱི་བསྡུས་དོན་འདི། །
གོང་མའི་བཞེད་དོན་གཤའ་མར་བཀོད་ན་ཡང་། ། ནོངས་གྱུར་བརྩེ་ལྡན་མཁས་ལ་བཟོད་པར་ཞུ། །