ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> སངས་རྒྱས་ཆོས་ལུགས་ཞེས་པ་ངོས་འཛིན་ཚུལ་དང་རྫོགས་པ་ཆེན་པོ་ནི་སངས་རྒྱས་གང་གིང་ངོས་འཛིན་ཚུལ
སངས་རྒྱས་ཆོས་ལུགས་ཞེས་པ་ངོས་འཛིན་ཚུལ་དང་རྫོགས་པ་ཆེན་པོ་ནི་སངས་རྒྱས་གང་གིང་ངོས་འཛིན་ཚུལ
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

དབྱིན་ཇིའི་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བའི་སྟེང་གི་གསུང་བཤད།

ཐམ༷ས་ཅ༷ད་མཁྱེན་པའི་སངས་རྒྱས་ཐ༷མས་ཅ༷ད་དང༌། །
མ༷དོ་སྔ༷གས་རྫོགས་གསུམ་ཡང་དག་མ༷དོ་སྔ༷གས་བོན། །
འཕ༷གས་མཆོ༷ག་རིག་འཛིན་རྒྱལ་སྲས་འཕ༷གས་མཆོ༷ག་ཀུན། །
དཀོ༷ན་མཆོ༷ག་དབྱེར་མེད་བླ་མ་དཀོ༷ན་མཆོ༷ག་དྲན། །

སངས་རྒྱས་རྣམས་ནི་ཐུགས་མཉམ་པས། །
ཀུན་གྱི་སྐྱབས་ཡུལ་སངས་རྒྱས་གཅིག །
ཁྱོད་དང་ང་ཡི་སངས་རྒྱས་ཞེས། །
རིས་སུ་འཛིན་པ་བླུན་པོའི་ལུགས། །

      ཞེས་འདི་ལྟར་སེམས་ཏེ། ཞང་བོད་ཀྱི་ཡུལ་གྲུ་འདིར་མི་ལོ་ཆིག་ཁྲི་ལྷག་གི་ཡར་སྔོན་ནས། རྣམ་མཁྱེན་སངས་རྒྱས་སྟོན་པ་གཤེན་རབ་བྱོན་ནས་བཀའ་འཁོར་གསུམ་བསྐོར་བ་ནི། ཚེ་ལོ་བརྒྱ་བའི་དུས་སུ་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མ་ཡིན། ཡང་སྟོན་པ་གཤེན་རབ་ལུགས་ལ། སྔོན་འདས་པའི་སངས་རྒྱས་རབས་བདུན①བྱོན་ནས་གཤེན་རབ་རྣམ་འདྲེན་བརྒྱད་པ་ཡིན་པར་བཤད་པ་དང༌། ཐུབ་པའི་ལུགས་ལའང༌། སྔོན་འདས་པའི་སངས་རྒྱས་གསུམ②བྱོན་ནས་ཐུབ་པ་རྣམ་འདྲེན་བཞི་བར་བཤད་པ་ནི་ཡོངས་གྲགས་ལྟར་ལ། དེ་དག་ནི་བརྒྱ་བའི་སྟོན་པ་མ་ཡིན་པའི་དབང་གིས། ད་ལྟའི་སྟོན་པ་འདིའི་བསྟན་པའི་དབང་དུ་བྱས་ནས་སངས་རྒྱས་ཆོས་ལུགས་ངོས་འཛིན་དགོས་ཀྱང༌། སྔགས་སེམས་ལྟར་ན། བོན་ལུགས་སུ་དགོངས་བརྒྱུད་སྟོན་པ་དྲུག་གམ་དགུ③དང༌ཁྱད་པར་ཡུམ་སྲས་གཤེན་གསུམ④ནས་གསང་སྔགས་རྫོགས་ཆེན་གྱི་བསྟན་པ་བྱུང་བའི་ཚུལ་སྔགས་སེམས་རང་རང་གི་བླ་བརྒྱུད་ལྟར་གསལ་བ་དང༌། སྔགས་རྙིང་མ་བའི་ལུགས་ལའང༌གསང་སྔགས་ནི་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པ་དང༌། རྫོགས་ཆེན་ནི་སྟོན་པ་བཅུ་གཉིས⑤བྱོན་པའི་ལོ་རྒྱུས་ཡོད་པ་ལྟར་ན། ཐམས་ཅད་ཐུབ་པས་གསུངས་པ་མིན་ཡང་སངས་རྒྱས་ཆོས་ལུགས་ཡིན་པ་སྨོས་མ་དགོས་སོ། །བོན་ལུགས་སུ་སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་བར་བཤད་པས། དང་པོ་ཐེག་པ་རིམ་དགུ⑥། བར་བ་སྒོ་བཞི་མཛོད་ལྔ⑦། མཐའ་མ་ཕྱི་ནང་གསང་གསུམ⑧དུ་གསུངས་པ་རེ་རེར་མདོ་སྔགས་སེམས་གསུམ་ཡོད་པ་ནི། རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམས་ལ་མཇལ་བ་ཙམ་གྱིས་ཤེས་པར་མ་ཟད། སྟོན་པ་གཤེན་རབ་ཀྱིས་ཐེག་པ་རིམ་དགུར་གསང་སྔགས་རྒྱུད་སྡེ་བཞི⑨། རྫོགས་ཆེན་སེམས་ལུང་མན་ངག་གི་སྡེ་གསུམ⑩སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་བོན་སྡེ་མང་དུ་གསུངས་པ་ལ་ཡོད་མེད་དང་ཡིན་མིན་གྱི་རྩོད་པ་ཚིག་གཅིག་ཙམ་ཡང་ཡོད་མ་མྱོང་བ་ནི་གསུང་རབ་གླེགས་བམ་བརྒྱ་ཕྲག་དུ་མར་གཟིགས་ན་ཤེས་སོ། །དེས་ན་དེ་དག་ཐམས་ཅད་སངས་རྒྱས་ཆོས་ལུགས་ཡིན་པ་ལ་ཐེ་ཚོམ་དང་སྒྲོ་འདོགས་ཆོད་ན་ལེགས་ལ། ཕྱོགས་གཅིག་ཙམ་ལས་མ་མཐོང་བའི་མི་ཁ་ཤས་ནས། ཐུབ་པའི་ཆོས་མ་གཏོགས་སངས་རྒྱས་ཆོས་ལུགས་མ་ཡིན་པར་འདོད་པའི་བཤད་ཚུལ་ཕྱོགས་རེ་བ་དེས། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་མི་ནུས་པར་མ་ཟད་བོད་རང་གི་ལོ་རྒྱུས་ཀྱི་ལུས་གཙང་མ་ལ་རྨ་བཏོད་ནས་དབུ་མེད་པར་བཏང་བ་ཁོ་ནའོ། །དེ་ལ་བོད་རང་གི་ལོ་རྒྱུས་ལས། རྣམ་མཁྱེན་སངས་རྒྱས་སྟོན་པ་གཤེན་རབ་མཆོག་ནས་རིག་གནས་ལྔ⑾དང་འབྲེལ། ཁྱད་པར་ནང་དོན་རིག་པ་མདོ་སྔགས་སེམས་གསུམ་ཐམས་ཅད་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བརྒྱུད་ནས་དར་བ་ཡིན་ཞེ་ན། འདས་ལོ་མང་བའི་ལུགས⑿ལྟར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་བཅུ་དགུ་དང༌། འདས་ལོ་ཉུང་བའི་ལུགས⒀ལ༌མི་ལོ་ཆིག་ཁྲི་ཉིས་སྟོང་བཞི་བརྒྱ་སོ་བརྒྱད་སྐབས་སུ་སྟོན་པ་གཤེན་རབ་ཞང་ཞུང་དུ་བྱོན་ནས། ཐོག་མར་ཐེག་དགུ་དང་དུས་འཁོར་གཏན་ལ་ཕབ་ནས་གསུངས། དེ་རྗེས་དགུང་ལོ་ཉི་ཤུའི་ནང༌བོད་ཡུལ་རྐོང་པོ་བོན་རིར་བྱོན་ནས་གདོད་མའི་བོན་གྱི་རྣམ་པ་དང་ངོ་བོ་བསྒྱུར་དགོས་པས་བོད་པ་རྣམས་ལ་རྒྱུ་བོན⒁གྱི་ལུང་གནང་བྱིན་གྱིས་བརླབས། མ་འོངས་པར་འབྲས་བུའི་བོན་དར་བའི་ཐུགས་སྨོན་གནང༌། དེའི་བཀའ་དྲིན་གྱིས་ཤེས་བྱ་རིག་པའི་གནས་བཅུ་གཉིས་ལ་མཁས་པའི་ཡོན་ཏན་པ་མང་དུ་བྱུང་བ་ནི་བོད་དུ་སངས་རྒྱས་ཆོས་ལུགས་དར་བའི་ཐོག་མའོ། །
      དེ་རྗེས་འབྲས་བུའི་བོན་མདོ་སྔགས་སེམས་གསུམ་ལས། མདོ་འདུལ་བ་ནི། སྟོན་པ་གཤེན་རབ་དགུང་ལོ་སོ་གཅིག་བཞེས་ནས་རབ་ཏུ་བྱུང༌། འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་གསུངས། སྲས་ཆེན་བརྒྱད⒂དང༌འཁོར་མང་པོ་ཡང་རབ་ཏུ་བྱུང༌། དཀའ་བ་སྤྱད། བསྟན་པ་གཏད། མཛད་པ་ཡོངས་སུ་མཐར་ཕྱིན་ནས་སྐུ་མྱ་ངན་ལས་འདས(དེ་ནས་ད་བར་འདས་ལོ་ཉུང་བའི་ལུགས་ལ་མི་ལོ་བཞི་སྟོང་ཉིས་བརྒྱ་བཞི་བཅུ)། དེ་ནས་གདུང་སོབ་བྱོན་ནས་སློབ་མ་འཛམ་གླིང་རྒྱན་དྲུག⒃བྱུང་བའི་ནང་གི་དམུ་ཚ་ཏྲ་ཧེ་སོགས་རྟག་གཟིགས་མཁན་པོ་བརྒྱད⒄བྱོན། དེ་ནས་ཞང་ཞུང་ཡེ་ཤེས་ཚུལ་ཁྲིམས་སོགས་ནས་ཞང་ཞུང་མཁན་རབས་གསུམ⒅བྱོན་པ་རྣམས་ནི་གཉའ་ཁྲིའི་སྔོན་ཡིན། དེ་ནས་འདུལ་བ་བོད་དུ་དར་བའི་མཁན་རབས་དང་པོ། ཀ་ཆུ(ག་ཅུ)གཙུག་ཕུད་རྒྱལ་བ་ནས་བོད་ཀྱི་ཐོག་མའི་མཁན་པོ་ལྔ⒆གནམ་གྱི་ཁྲི་བདུན་གྱི་རིང་ཡིན་པ་བསྟན་རྩིས་རྣམས་སུ་གསལ། དེ་ནས་རྒྱ་ནག་ཐང་ཀྲོ་ཙུང(唐昭宗)ཁྲིར་བཞུགས་པ་ས་སྤྲེལ་ལོ་སྤྱི་ལོ༨༨༨སྐབས་མདོ་སྨད་བྲག་དཀར་རྩེ་འདུས་ནས་མཁན་ཆེན་མུ་ཟི་གསལ་བཟང་འགོག་པ་ལས་བཞེངས་ནས་སོག་སྟོན་ལ་སྡོམ་པ་གནང་སྟེ་མཁན་རབས་ལྔ་བ⒇། བླ་ཆེན་དགོངས་པ་རབ་གསལ་གྱི་བཀའ་དྲིན་ལས་དབུས་གཙང་དུ་སྡོམ་རྒྱུན་མཆེད་པས་ད་ལྟའི་བར་དུ་མདོ་དབུས་གཙང་གསུམ་ལ་འདུལ་བ་མ་ཉམས་ཙམ་དུ་གནས་པ་ནི་འདུལ་བའི་བླ་བརྒྱུད་ལྟར་ལ་ཐེག་ཆེན་ལུགས་ཀྱི་འདུལ་བ་སྟེ་སངས་རྒྱས་ཆོས་ལུགས་ཁོ་ནའོ། །
      དེ་ལ་གསང་སྔགས་དར་ཚུལ་ནི། ཡུམ་སྲས་གཤེན་གསུམ་ནས་བླ་མ་ཆེ་དྲུག(21)སོགས་ལ་བརྒྱུད་ནས་དར་བ་ཡིན། ཁྱད་པར་བོད་ཡུལ་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། བླ་མ་ཆེ་དྲུག་གི་ནང་ཚན་གཤེན་ནམ་མཁའ་སྣང་བ་མདོག་ཅན་དབུ་བླར་བཀུར་ནས་གསང་སྔགས་རིན་ཆེན་སྤྱི་སྤུངས་སྐོར་གསུམ་རྒྱུད་སྒྲུབ་ཐབས་དང་བཅས་པ་ཉམས་བཞེས་མཛད། དེ་ནས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་དེ་ལྟར་ཉམས་སུ་བླངས་ཏེ་རིམ་གཉིས་སྒོམ་སྒྲུབ་ཟབ་མོ་མཐར་ཕྱིན་པས་གསང་སྔགས་བླ་མ་བརྒྱུད་པའི་གཙོ་བོར་གྱུར། དེ་ནས་བཟུང་བོད་རྒྱལ་ཕྱི་མ་རྣམས་ཀྱང་ཡབ་མེས་ཀྱི་རྗེས་སུ་འབྲང་ནས་རྒྱལ་པོ་ཕལ་ཆེར་གསང་སྔགས་རིག་པ་འཛིན་པ་དང༌ངེས་པ་དོན་གྱི་རྫོགས་ཆེན་པ་མང་དུ་བྱོན་པ་ཡིན་ལ། ཁྱད་པར་གནམ་གྱི་ཁྲི་བདུན་ནི་རྟོགས་པ་མཁའ་ལྟར་ཡངས་ཤིང་རིམ་གཉིས་མཐར་ཕྱིན་པས་ཕུང་པོ་ལྷ་སྐུར་གྲོལ་བ་ན་འདས་པའི་ཚེ་རོ་མེད་པ་ལོ་རྒྱུས་ཀུན་ཏུ་བཤད་ལ། གཞན་དུ་ན་རྫུས་སྐྱེས་མིན་པས་འདོད་པ་ཁམས་ཀྱི་མི་མངལ་སྐྱེས་ལ་རོ་མེད་པ་ཡོད་མི་སྲིད་དོ། །དེ་ནས་ཁྲི་སྲོང་དང་དར་མ་མཆེད་གཉིས་བར་དུ་གདུང་བརྒྱུད་བཅུ་གསུམ(22)། མཁས་པ་མི་བཞི(23)། དྲན་པ་ཡབ་སྲས(24)སོགས་གྲུབ་ཆེན་བརྒྱ་རྩ་བྱོན་ནས་གསང་སྔགས་ཀྱི་བསྟན་པ་དར་སྤེལ་བྱུང་བ་ནི་བསྟན་པ་སྔ་དར་གྱི་རིང་ཡིན་ནོ། །བསྟན་པ་ཕྱི་དར་གྱི་རིང་ལ། གཏེར་སྟོན་གཤེན་གྱེར་རྨ་དབྱིལ(25)དང༌སྲོལ་འཛིན་བྲུ་ཞུ་སྤ་རྨེའུ(26)སོགས་སྤྲུལ་བའི་གཏེར་སྟོན་ཚད་མར་གྱུར་བ་རྣམས་དང༌། མཁས་པ་དང་གྲུབ་པ་བསྟན་འཛིན་སྐྱེས་མཆོག་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱིས་བརྒྱུད་པ་བར་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ་ནི་གསང་སྔགས་རྒྱུད་སྡེ་སོ་སོའི་བླ་བརྒྱུད་རྣམས་ལས་གསལ་ལ། དེ་ཡང་བརྒྱུད་པའི་བླ་མ་གྲངས་མང་པོར་བྱོན་པའི་ནང་ནས་ཆིག་བརྒྱུད་ཀྱི་དབང་དུ་བྱས་ཏེ་བླ་མ་གཙོ་བོ་དེར་བརྒྱུད་རིམ་གྲངས་སུ་བཞག་པ་ནི་བཟོ་བཅོས་ཀྱིས་མ་བསླད་པའི་ལོ་རྒྱུས་ཚད་མའོ། །
       སེམས་ཕྱོགས་རྫོགས་པ་ཆེན་པོ་ནི། དགོངས་བརྒྱུད་སྟོན་པ་དགུ་ནས་ལྷ་ཀླུ་མི་ཡི་གཤེན་ཆེན་གསུམ་དང༌ཞང་ཞུང་བ་ནམ་ཡབ་སྲས་གཉིས(27)སོགས། རིག་འཛིན་རིག་པའི་བརྒྱུད་པ་དྲུག(28) གྲུབ་ཐོབ་སྙན་དུ་བརྒྱུད་པ་དགུ(29)། མཁས་པ་ལོ་པཎ་གྱི་བརྒྱུད་པ་བཞི(30)དང་བཅས་པཎ་ཆེན་ཟླ་བ་རྒྱལ་མཚན་ཡན་ལ་འཇའ་ལུས་པ་ཉི་ཤུ་རྩ་བཞི་བྱོན། འདི་རིམ་བཞིན་མུ་ཆགས་སུ་བརྒྱུད་པའི་ལུགས་ཡིན། དེ་རྣམས་ནི་ཞང་ཞུང་རྒྱལ་པོ་བྱ་རུ་ཐོབ་པ་རྣམས་ཀྱི་སྐུ་རིང་དང༌བོད་ཀྱི་རྒྱལ་པོ་གཙིགས་གསུམ་ཐོབ་པ་རྣམས་ཏེ་སྲོང་བཙན་ཡན་ཆད་ཀྱི་དུས་ཡིན། དེ་ནས་སྤྲུལ་སྐུ་དྲིན་ཅན་རྣམ་གཉིས་ཞེས་པ་རྗེ་ཏ་པི་ཧྲི་ཙ(སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་གཅིག་ཟེར་བ་ཐོས)དང་གྱེར་སྤུངས་སྣང་བཞེར་ལོད་པོ་གཉིས་བྱོན། སྔ་མ་ནི་སྐུ་ཚེ་ཚད་འདི་ཞེས་མེད་དེ་འཇའ་ལུས་འཕོ་བ་ཆེན་པོ་བརྙེས། གྱེར་སྤུངས་ནི་དགུང་ལོ་ལྔ་བརྒྱ་བདུན་ཅུ་རྩ་གསུམ་ལ་བཞུགས་པས་ཞང་རྒྱལ་ལིག་མིན་རྐྱ་དང༌བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་བར་བཞུགས་ནས་རྒྱལ་པོ་དེ་གཉིས་ཀྱི་ལས་དོན་མཛད། དེ་ནས་ཞང་ཞུང་གྲུབ་ཆེན་དྲུག(31) སྙན་རྒྱུད་སྟོད་ལུགས་ཀྱི་བཀའ་བརྒྱུད་བླ་མ་དྲུག(32) སྨད་ལུགས་ཀྱི་བོད་ཀྱི་གྲུབ་ཆེན་ལྔ(33)། བྱང་བརྒྱུད་བླ་མ་དགུ(34)། ལྷོ་བརྒྱུད་བླ་མ་བཅུ་གཅིག(35) གཙང་ཁམས་མདོ་སྨད་ཀྱི་སློབ་དཔོན་ཆེན་མོ་བཅུ(36)། ཨ་མདོའི་མཁས་གྲུབ་བཅོ་བརྒྱད(37)དེ། ཆིག་བརྒྱུད་ཀྱི་དབང་དུ་བྱས་པའི་རྫོགས་ཆེན་བླ་མ་བརྒྱད་ཅུ་གྱ་བརྒྱད་རིམ་པར་བྱོན་པས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་བསྟན་པ་འདི་ནུབ་མ་མྱོང༌། གཏེར་དུ་མ་སོང་བར་ད་ལྟའི་བར་དུ་གནས། ད་ལྟའང་སྒྲུབ་སྡེ་ཀུན་ན་མན་ངག་སྡེ་བའི་ལུགས་གཙོ་བོར་བཟུང་སྟེ་ལོ་གསུམ་སྒྲུབ་གྲྭའི་ཕྱག་ལེན་མ་ཉམས་པར་བཙུགས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའོ། །
      སྤྱིར་བོན་ལུགས་རྫོགས་པ་ཆེན་པོ་ལ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བ་གསུམ་ཡོད། དེ་ལས་སེམས་སྡེ་ལ། རྩ་བ་སེམས་དོན་གབ་པ་དགུ་སྐོར་དང་ཡན་ལག་སེམས་སྨད་སྡེ་དགུ་ཡོད། ཀློང་སྡེ་ལ་བསྒྲགས་པ་སྐོར་གསུམ་ཡོད་ལ། དེ་རེ་རེར་རྒྱུད་དང་ལུང་དང་མན་ངག་གསུམ་ལ་རྩ་བ་དང་ཡན་ལག་གིས་ཕྱེ་བ་མང་དུ་ཡོད། མན་ངག་སྡེ་བ་ལ། སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་དང༌ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་བཅས་ཡོད། གཞན་རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད། རྫོགས་ཆེན་གསེར་གྱི་གདམས་པ་དང༌། གསེར་གྱི་ཡང་ཞུན་དང་གསེར་གྱི་ཐུར་མ་གསུམ། ལྟ་བ་ཐོག་འབེབས། རིག་པ་གཅེར་མཐོང༌། མུ་མེད་བརྡལ་བ། གཡུང་དྲུང་གཏིང་རྫོགས། གཡུང་དྲུང་ཀློང་ཡངས། གཡུང་དྲུང་ཡོངས་རྫོགས། ཀུན་བཟང་ཡང་ཞུན། ནམ་མཁའ་སྤྱི་གཅོད། ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་བ། ཐུན་མཚམས་སུམ་ཅུ་བ། ཐུན་མཚམས་བཅོ་ལྔ་བ་སོགས་མང་དུ་ཡོད་དོ། །དེ་རེ་རེར་གོང་ལྟར་བླ་མ་བརྒྱུད་པའི་རིམ་པ་བྱོན་ཚུལ་ཡོད་ཀྱང་མང་དུ་དོགས་ནས་མ་སྤྲོས། ཁྱད་པར་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོར་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་གདམས་པ་དེ་དག་ལ་བརྟེན་ནས་འཇའ་ལུས་སུ་གཤེགས་ཚེ། སློབ་མ་རྣམས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས་སྐུ་གདུང་ཁྲུ་གང་ཙམ་དུ་བཞུགས་པ་དང༌། དེ་རྗེས་གང་གི་ཐུགས་སྲས་ཟླ་བ་གྲགས་པ་ཉིད་འོད་ལུས་སུ་ཡལ་ནས་བཞུགས་གདན་སྟེང་ན་དབུ་སྐྲ་དང་ཕྱག་ཞབས་ཀྱི་སེན་མོ་ཉི་ཤུ་རྟེན་སྐལ་དུ་ལུས་པ་མང་པོས་མཇལ་མྱོང༌། དེའི་ཚུན་ལ་ཕྱོགས་འདིར་སྔགས་རྙིང་མ་བའི་རྫོགས་ཆེན་པ་མགར་རྩེ་མཚམས་པ་རིན་པོ་ཆེ་འཇའ་ལུས་ཡང་དག་པར་བརྙེས་པ་དང་། ཤིང་ཁྲིའི་མཁན་ཆེན་རིན་པོ་ཆེ་གློ་བུར་དུ་སྐུ་མི་སྣང་བར་གྱུར་བ་སོགས་ལ་གཞལ་ན་སངས་རྒྱས་ཆོས་ལུགས་ཀྱི་མཐུ་ཁོ་ན་ཡིན་པར་ཡིད་ཆེས་སོ། །
       སྔ་འགྱུར་རྙིང་མ་བའི་ལུགས་ལ་རྫོགས་ཆེན་དར་ཚུལ་ནི་གཙུག་ཕྲེང་གི་ཆོས་བྱུང་མཁས་པའི་དགའ་སྟོན་ལས། ཐུན་མོང་སྡེ་སྣོད་གསུངས་པའི་ཆ་ནས་བསྐལ་བཟང་འདི་ལ་སྟོན་པ་སྟོང་ཡིན་མོད་ཀྱང༌། འབྲས་བུ་གསང་སྔགས་རྫོགས་པ་ཆེན་པོ་སྟོན་པའི་དབང་དུ་བྱས་ན་སྟོན་པ་བཅུ་གཉིས་ཏེ། ཞེས་ཨ་ཏི་བཀོད་པའི་རྒྱུད་བི་མ་ལའི་གཡུ་ཡིག་ཅན་དུ་དྲངས་པ་ལྟར་བརྩིས་ཡོད་པ་དང༌། དེ་ནས་ཁྱེའུ་འོད་དང་ལྡན་པ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་རྒྱ་གར་འཇམ་དཔལ་བཤེས་གཉེན་དང༌། རྒྱ་ནག་ཤྲི་སིངྷ། འཇམ་དཔལ་བཤེས་གཉེན་ཕྱི་མ་ལས་སློབ་དཔོན་པདྨ་འབྱུང་གནས་དང་ཨཱརྨ་དེ་ཝ། བི་མ་ལ་མི་ཏྲ། ཛྙྲ་ན་སཱུ་ཏྲ། བེེ་རོ་ཙ་ན་དང༌། དེས་གཡུ་སྒྲ་སྙིང་པོ་སོགས་ལ་བརྒྱུད་ནས། རབ་བྱུང་ལྔ་བའི་ས་སྤྲེལ་ལ་འཁྲུངས་པའི་ཚུལ་ཁྲིམས་བློ་གྲོས་སམ་རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་བར་དུ་ཟམ་མ་ཆད་པར་བརྒྱུད་པས་རྫོགས་ཆེན་སྙིང་ཐིག་གི་བསྟན་པ་ཞེས་འཛམ་གླིང་ན་གྲགས་ཆེའོ། །དེ་ལ་མཐོང་རྒྱ་མེད་ཅིང་སྨྲ་བ་མང་བ་ཁ་ཅིག་གིས་རྙིང་མའི་རྫོགས་ཆེན་གྱི་ཁུངས་བོན་རེད་ཟེར་བ་དང༌། ཡང་བོན་པོའི་རྫོགས་ཆེན་གྱི་གཞུང་འགའ་རེའི་ཁུངས་རྙིང་མའི་སྙིང་ཐིག་རེད་ཟེར་བ་སོགས་རང་འདོད་ཀྱིས་ཁ་ནས་ཐོན་ཚད་དུ་སྨྲ་བ་ནི་རྨོངས་པའི་བླུན་གཏམ་ཁོ་ནར་ཟད་དོ། །དེའི་རྒྱུ་མཚན་ཅི་ཞེ་ན། བོན་ལ་དགོངས་བརྒྱུད་སྟོན་པ་དྲུག་གམ་དགུ། ལྷ་ཀླུ་མི་ཡི་གཤེན་གསུམ་དང་བཅུ་གཉིས། ཡང་འཇའ་ལུས་པ་ཉེར་བཞི་ནས་བརྒྱུད་ཚུལ་གོང་དུ་བཤད་པ་དང༌རྙིང་མའི་ལུགས་ལ་རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས་བྱུང་ཚུལ་བཤད་པས་དེ་འདྲའི་ལོག་རྟོག་སྐྱེ་དོན་མེད་ལ། འོན་ཀྱང་རྫོགས་ཆེན་གྱི་ཁུངས་གཅིག་ཡིན་ནའང་འགལ་བ་ཅི་ཡང་མེད་དེ། སངས་རྒྱས་རྣམས་ནི་ཐུགས་རོ་གཅིག་པས་དགོངས་པ་མཉམ་ལ་སངས་རྒྱས་རང་ཉིད་ཀྱིས་ང་ནི་བོན་པོའི་སངས་རྒྱས་ཡིན། ང་ནི་བན་དེའི་སངས་རྒྱས་ཡིན་ཞེས་ཕྱོགས་དང་རིས་སུ་འཛིན་པ་ཞིག་ག་ལ་ཡོད། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ནི་སངས་རྒྱས་ཀྱི་ཡོན་ཏན་དྲན་པའི་སྐབས་སུ་ཤེས་དགོས་པ་དང༌ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཅེས་པ་ཚིག་ཙམ་དུ་མ་སོང་ན་ཤིན་ཏུ་ལེགས་སོ། །
       ཡང་བན་བོན་ཕན་ཚུན་ལ་རྫོགས་པ་ཆེན་པོའི་ཆོས་ཀྱི་འབྲེལ་བ་ཡོད་པའང་ཤེས་རྒྱུ་མང་སྟེ། བརྒྱུད་ཁུངས་ཀྱི་སྟོན་པ་སངས་རྒྱས་རྣམས་ནི་ངོ་བོ་གཅིག་གམ་ཐ་དད་ཡིན་མིན། སོ་སྐྱེ་བློའི་གཞལ་བྱ་མ་ཡིན། བོན་ལུགས་ཁྱེའུ་ཤེལ་དཀར་གྱི་མདོག་ཅན་རྗེ་ཏ་པི་ཧྲི་ཙ་དང༌། རྙིང་ལུགས་ཁྱེའུ་འོད་དང་ལྡན་པ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནི་གཅིག་ཡིན་ཟེར་བ་དང༌། བོན་གྱི་དྲན་པ་ནམ་མཁའ་སྔ་ཕྱི་གཉིས་དང༌། རྒྱ་གར་འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སུ་བཤད་པའང་གང་ཟག་གཅིག་ཏུ་ངོས་བཟུང་བ་དང༌། ཡང་བོད་ཀྱི་དྲན་པ་ནམ་མཁའ་ཕྱི་མ་དེ་ཕྱིས་སུ་རྒྱ་གར་དུ་བཞུགས་སྐབས། རྒྱ་གར་དྲན་པ་ཡེ་ཤེས་གྲགས་པ(སྨྲ་སྒོའི་རྩོམ་པ་པོ)དེ་ཉིད་ཡིན་ཞེས་སྐྱང་སྤྲུལ་དང་ཀུན་གྲོལ་བཞེད་ལ། རྙིང་ལུགས་འཇམ་དཔལ་བཤེས་གཉེན་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ་གསང་སྔགས་མཐའ་དག་བསྟན་ཞེས་དང༌། རྒྱ་ནག་ནས་ཁྱིམ་བདག་གི་བུ་ཤྲི་སིངྷ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་བསྐུལ་བ་ལྟར་རྒྱ་གར་དུ་སོང་ནས་འཇམ་དཔལ་བཤེས་གཉེན་ལོ་ཉེར་ལྔའི་རིང་དུ་བསྟེན་ནས་རྫོགས་ཆེན་གསན་པ་སོགས་གཙུག་ཕྲེང་གིས་མཁས་པའི་དགའ་སྟོན་དུ་བཤད། བོན་ལུགས་སློབ་དཔོན་དྲན་པ་ནམ་མཁས་སྲས་ཚེ་དབང་རིག་འཛིན་དང༌པདྨ་འབྱུང་གནས་ལ་རྫོགས་ཆེན་གསེར་གྱི་གདམས་པ་དང་གསེར་གྱི་ཡང་ཞུན་གནང༌། བ་གོར་བེེ་རོ་ཙ་ན་ལ་རྫོགས་ཆེན་གསེར་གྱི་ཐུར་མ་སོགས་གནང་བ་ནི་དཔལ་ཚུལ་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་དུ་ལོ་རྒྱུས་དུ་མ་ལས་བཏུས་ཏེ་བཤད་པ་ནི་བསྟན་པ་སྔ་དར་གྱི་དུས་ཡིན་ནོ། །
       ཕྱི་དར་གྱི་དབུ་བརྙེས་སྐབས་སུའང་བྱང་བ་རྗེ་བཙུན་པ་ཁྲོ་ཚང་འབྲུག་ལྷ་དང༌། རྒྱ་གར་ཕ་དམ་པ་གཉིས། རབ་བྱུང་དང་པོའི་ནང་ལྷན་གཅིག་ཏུ་བཞུགས་ནས་འབྲེལ་བ་ཟབ་མོ་ཡོད་པ་ཁྲོ་འབྲུག་རྣམ་ཐར་ལས་བཤད་པ་དང༌། དེ་དང་དུས་མཉམ་དུ་བོན་གྱི་རྫོགས་ཆེན་པ་བླ་མ་གཤེན་རྒྱལ་ལྷ་རྩེ་ལ་རྙིང་མའི་ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས་རྫོགས་ཆེན་ཞུས་ཏེ་གསང་ནས་སྦས་པའི་ཚུལ་གྱིས་ཉམས་ལེན་གནང་བའི་ཚུལ། རབ་བྱུང་ལྔ་བའི་ནང་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྫོགས་ཆེན་བླ་མ་བརྒྱུད་པའི་རྣམ་ཐར་དུ་གསལ། ཡང་འགོས་ལོའི་དེབ་སྔོན་དུ། གཤེན་རྒྱལ་ལྷ་རྩེ་ལ་བོན་པོ་ཀེ་རྩེ་བ་དང་ཟུར་ཆེན་ལ་འུག་པ་ལུང་བ་ཞེས་དང༌། བཙུན་པ་ཆུ་མིག་རིང་མོ་བ་གསུམ་ཡོན་བདག་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་ཀྱིས་མཆོད་གནས་སུ་བཀུར་ཏེ་དང་པོ་ཐུན་མོང་དུ་ལྷ་ཁང་གཅིག་བཞེངས། དེ་རྗེས་ལྷ་ཁང་སོ་སོར་བཞེངས་ནས་སྒྲོ་ཕུག་གི་གཙང་ཁང་རྒྱ་བོ་བ་ཞེས་ཟུར་ཆུང་བ་ལ་གཏད་པ་སོགས་ཀྱི་ལོ་རྒྱུས་ཡོད། ཡང་སློབ་མ་ཟུར་ཆུང་ཤེས་རབ་གྲགས་པས་རྫོགས་ཆེན་རྩལ་དུ་བཏོན་ནས་སྤེལ་བ་ལ། དགེ་བཤེས་ཁྱུང་པོ་གྲགས་སེ་བྱ་བས་ཟུར་ཆུང་ཆོས་ལོག་མཁན་བསད་ན་ཉེས་པ་མེད་སོགས་སྐུར་བ་མང་པོ་བཏབ་པ་དང༌། འབྲི་གུང་དཔལ་འཛིན་གྱིས་སེམས་ཕྱོགས་རྫོགས་ཆེན་ལ་དགག་པ་བརྗོད་པ་སོགས༌དེབ་སྔོན་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བར་ཡོད་པ་ལ་དཔྱད་རྒྱུ་སྣང་ངོ༌། །དེས་ན་དེ་དག་གང་ཡིན་ཡང་སངས་རྒྱས་ཆོས་ལུགས་ཡིན་མིན་ལ་ཐེ་ཚོམ་མི་དགོས་ཤིང༌ཆོས་ལུགས་པ་རང་ཉིད་སངས་རྒྱས་ཆོས་དང་མཐུན་མི་མཐུན་ལ་བལྟ་ཤེས་ན་དེ་བས་གལ་ཆེ་བ་མེད་དོ། །སངས་རྒྱས་ཆོས་ལ་དད་པ་ཡོད་ཕྱིན་ཆོས་ལ་ཆགས་སྡང་ཆེ་དྲགས་ན་སངས་རྒྱས་ཀྱི་སྐྱབས་འོག་ཏུ་ཚུད་པར་མི་འགྱུར་བ་སོགས་ཤེས་དགོས་པ་དང༌། དེ་ཕྱིར་བན་བོན་གཉིས་འདི་ཆོས་ཀྱི་རྒྱུན་གཙང་བ། དམ་ཚིག་སེལ་མེད་ཡིན་པ། ཕྱོགས་དང་རིས་སུ་མ་ཆད་པ་ཞིག་བྱུང་ན་བསྟན་པ་དང་འགྲོ་བ་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་ངེས་སྙམ་མོ། །

མཆན་འགྲེལ།
① སངས་རྒྱས་རབས་བདུན་ནི། སངས་རྒྱས་རང་བྱུང་ཐུགས་རྗེ་ཅན། སངས་རྒྱས་འཁོར་བ་ཀུན་འདྲེན། སངས་རྒྱས་ཉོན་མོངས་དུག་སྲེག སངས་རྒྱས་ཚད་མེད་ཐུགས་རྗེ་ཅན། སངས་རྒྱས་ཐམས་ཅད་མཁྱེན་གཟིགས། སངས་རྒྱས་ཀུན་ཤེས་ཐང་པོ། སངས་རྒྱས་གཏོ་རྒྱལ་ཡེ་མཁྱེན་ནོ། །ཞེས་མདོ་སྡེ་བསྐལ་བཟང་ལས་སོ། །
② སངས་རྒྱས་གསུམ་ནི། སངས་རྒྱས་འཁོར་བ་འཇིགས། སངས་རྒྱས་གསེར་ཐུབ། སངས་རྒྱས་འོད་སྲུང་ངོ་། །བསྐལ་བཟང་ལས་སོ། །
③ སྟོན་པ་དྲུག་གམ་དགུ། ཡོངས་གྲགས་གསང་སྔགས་ལུགས་ལ་དགོངས་བརྒྱུད་དྲུག་ནི། ཀུན་ཏུ་བཟང་པོ། ཚད་མེད་འོད་ལྡན། འཕྲུལ་གཤེན་སྣང་ལྡན། བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ་དང་དྲུག སེམས་ཕྱོགས་རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ལྟར་དགོངས་བརྒྱུད་སྟོན་པ་དགུ་ནི། ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ། ཐུགས་རྗེ་སྟོན་པ་ཀུན་བཟང་གཤེན་ལྷ། སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར། ཐུགས་རྗེ་ཆེན་པོ་ཚད་མེད་འོད་ལྡན། ཐབས་ཆེན་སྟོན་པ་འཕྲུལ་གཤེན་སྣང་ལྡན། བར་ཀློང་སྟོན་པ་བར་སྣང་ཁུ་བྱུག ཤེས་རབ་ཡུམ་ཆེན་བཟང་ཟ་རིང་བཙུན། མཁའ་དབྱིངས་སྟོན་པ་འཆི་མེད་གཙུག་ཕུད། མན་ངག་ཀུན་འདུས་སྟོན་པ་གསང་བ་འདུས་པའོ། །
④ ཡུམ་སྲས་གཤེན་གསུམ་ནི། ཡུམ་བཟང་ཟ་རིང་བཙུན། སྲས་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ་དང་གསུམ་མོ། །
⑤ སྟོན་པ་བཅུ་གཉིས་ནི། ཚེ་ལོ་དཔག་མེད་དུས་སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ། ཚེ་ལོ་བྱེ་བའི་ཚེ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། ཚེ་ལོ་འབུམ་པའི་དུས་སྟོན་པ་འཇིགས་པ་སྐྱོབ་པའི་ཡིད། བརྒྱད་ཁྲིའི་དུས་སྟོན་པ་གཞོན་ནུ་རོལ་བས་རྣམ་པར་བརྩེ་བ། བདུན་ཁྲིའི་དུས་དྲུག་པ་རྡོ་རྗེ་འཆང་། དྲུག་ཁྲིའི་དུས་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། ཁྲི་བའི་དུས་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། ལྔ་སྟོང་བའི་ཚེ་སྟོན་པ་དགྲ་བཅོམ་གསེར་འོད་དམ་པ། སྟོང་བའི་དུས་སྟོན་པ་བརྩེ་བས་རོལ་བའི་བློ་གྲོས། ལྔ་བརྒྱ་བའི་ཚེ། སྟོན་པ་འོད་སྲུང་སྒྲེས་པོ། སུམ་བརྒྱ་བའི་ཚེ་སྟོན་པ་མངོན་རྫོགས་རྒྱལ་པོ། བརྒྱ་བའི་དུས་སྟོན་པ་ཤཱཀྱའི་དབང་པོ་ཞེས་ཨ་ཏི་བཀོད་པའི་རྒྱུད་གཡུ་ཡིག་ཅན་དུ་དྲངས་པ་ལྟར་གཙུག་ཕྲེང་གི་ཆོས་འབྱུང་ལས་སོ། ། (གཡུ་ཡིག་ཅན་ཞེས་པ། གཏེར་སྟོན་ལྕེ་སྒོམ་ནག་པོ་སེང་དབང་གིས་མཆིམས་ཕུ་ནས་དྲངས་པའི་གཡུ་ཡིག་ཅན་ཞེས་པ་དེ་ཡིན་ནམ་སྙམ།)
⑥ ཐེག་པ་རིམ་དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་རྒྱུའི་ཐེག་པ། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན་བཞི་འབྲས་བུའི་ཐེག་པ། བླ་མེད་ཀྱི་ཐེག་པ་སྟེ་དགུའོ། །
⑦ སྒོ་བཞི་མཛོད་ལྔ་ནི། དཔོན་གསས་མན་ངག་ལུང་གི་བོན་སྒོ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོ་དང་ལྔའོ། །
⑧ ཕྱི་ནང་གསང་གསུམ་ནི། ཕྱི་འདུལ་བ་མདོ་ཡི་བོན། ནང་གསང་སྔགས་རྒྱུད་ཀྱི་བོན། གསང་བ་སེམས་དོན་བླ་མེད་ཀྱི་བོན་ནོ། །
⑨ རྒྱུད་སྡེ་བཞི་ནི། བྱ་རྒྱུད། སྤྱོད་རྒྱུད། ཡེ་གཤེན་རྒྱུད། བླ་མེད་རྒྱུད།
⑩ སེམས་ལུང་མན་ངག་གི་སྡེ་གསུམ་ནི། སེམས་སྡེ། རྩ་བ་གབ་པ་དགུ་སྐོར། ཡན་ལག་སེམས་སྨད་སྡེ་དགུའམ་རྒྱུད་ཕྲན་མེ་ལོང་དགུ་སྟེ། ཐིག་ལེ་རྐྱང་སྦྲགས། གསེར་གྱི་ལུང་ནོན་ཆེ། ལུང་ནོན་ཆུང་བ། རིག་པའི་ཁུ་བྱུག སེམས་ཉིད་ཅོག་བཞག རིག་པའི་རྒྱུན་ཐག ལུང་གི་རྒྱུན་ཐག སེམས་ཀྱི་རྒྱུན་ཐག མན་ངག་ལྷུག་པ་བཅས་དགུའོ། །ཀློང་སྡེ་ལ། བསྒྲགས་པ་སྐོར་གསུམ་ཡོད། རེ་རེར་རྒྱུད་ལུང་མན་ངག་རྩ་བ་ཡན་ལག་བཅས་ཡོད་དེ། རྒྱས་པ་ལྷ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྩ་བ་རྒྱུད་རྒྱལ་གསེར་གྱི་རུས་སྦལ། ཡན་ལག་རྒྱུད་ཆུང་བཅུ་གཉིས། ལུང་ལ་རྩ་བ་ལུང་དོན་ཉི་མ་དགུ་སྐོར། ཡན་ལག་ལུང་དྲུག རྩ་བྲལ་ཉག་གཅིག ཀུན་བྲལ་ཉག་གཅིག མན་ངག་ཀུན་འདུས། ལ་བཟླ་རྫོགས་ཆེན། སུན་འབྱིན་རྫོགས་ཆེན། རང་བྱུང་ཉག་གཅིག ལུང་གི་ཡང་ཞུན་བཅས་སོ། །མན་ངག་རྩ་བ་ལེའུ་བརྒྱད་པ། ཡན་ལག་ཡིག་ཆུང་བཞི་དང༌། དོན་གསུམ། ལུང་དྲུག འགྲེལ་ཆུང་དྲུག བཤད་ཐབས་ལྔ། སྟོང་ཐུན་དཔེ་དྲུག དོན་དྲུག་སོགས་མང་ངོ༌། །འབྲིང་པོ་མི་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་ལ་སྡེ་དྲུག གཡུང་དྲུང་གསང་དབང༌། བ་ག་མངོན་རྫོགས། ཕུན་སུམ་ཚོགས་པའི་རྒྱུད། གོལ་སྒྲིབ་རྣམ་པར་ཕྱེ་བའི་རྒྱུད། ཐམས་ཅད་ཀུན་རྫོགས་རྒྱུད། རྩ་བ་གཅིག་ལ་རྣམ་པར་བགྲང་བའི་རྒྱུད་དོ། །ལུང་ལ། རྩ་བ་རྫོགས་ཆེན་སྡེ་བཅུ། ཡན་ལག་འགྲེལ་ཆུང་བཅུ། མན་ངག་ཐུགས་ཀྱི་བརྣག་པ་སྐོར་གསུམ་རྣམས་སོ། །བསྡུས་པ་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་དམར་བྱང་ལེའུ་བཅུ་བ། ལུང་སེང་གེ་སྒྲ་བསྒྲགས། མན་ངག་འཁོར་བ་དོང་སྤྲུགས་རྣམས་སོ། །མན་ངག་གི་སྡེ་ལ། བཀའ་རྒྱུད་དང་ཉམས་རྒྱུད་གཉིས། བཀའ་རྒྱུད་སྐོར་བཞི་ནི། ཕྱི་ལྟ་བ་སྤྱི་གཅོད་སྐོར། ནང་མན་ངག་དམར་ཁྲིད་སྐོར། གསང་བ་རིག་པ་གཅེར་མཐོང་སྐོར། ཡང་གསང་གནས་ལུགས་ཕུག་ཆོད་སྐོར་དང་བཞིའོ། །ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ཡོད། རྒྱས་པ་རྨུ་གུ་དང་སྐྱ་གུའི་རྒྱུད་སྐོར། འབྲིང་པོ་སོར་བཞག་གདམས་པ་བདུན་ཕྲག བསྡུས་པ་ཉམས་བརྒྱུད་འཐོར་བུའི་སྐོར་རྣམས་སོ། །
⑾ རིག་གནས་ལྔ་ནི། བཟོ་རིག་པ། གསོ་བ་རིག་པ། སྒྲ་ཚད་རིག་པ། ཕྱི་རྩིས་ཀྱི་རིག་པ། ནང་དོན་གྱི་རིག་པ་ལྔའོ། །
⑿ འདས་ལོ་མང་བའི་ལུགས་ནི། སྟོན་པ་འདས་རྗེས་སུ་འཁོར་བཅུ་གསུམ་ལའང་གཤེན་ལོར་བརྩི་བ་དང༌། སྐུ་བསྟན་མཇུག་མ་རྫོགས་བར་དུ་གསུང་བསྟན་དབུ་གདུང་སོབ་མི་འབྱོན་པའི་ལུགས། (མཁན་ཆེན་ཉི་མ་དང་ཀུན་གྲོལ་གྲགས་པ་སོགས་ཀྱིས་བཞེད།)
⒀ འདས་ལོ་ཉུང་བའི་ལུགས་ནི། སྟོན་པ་འདས་རྗེས་འཁོར་ལ་གཤེན་ལོ་མི་བརྩི་བ་དང༌། སྐུ་གསུང་ཐུགས་ཀྱི་བསྟན་པ་རང་རྐྱ་བ་དང་ཟུང་འབྲེལ་གཉིས་ཀྱིས་རྣམ་པར་བཞག་པའི་ལུགས། (སྤ་སྟོན་བསྟན་རྒྱལ་བཟང་པོ་དང་ཁྱུང་པོ་བློ་གྲོས་རྒྱལ་མཚན། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། དཔྲ་སྟོན་སྐལ་བཟང་རྒྱལ་མཚན་སོགས་ཀྱིས་བཞེད།)
⒁ རྒྱུ་བོན་ནི། ཕྱྭ་སྣང་འཕྲུལ་སྲིད་རྒྱུའི་ཐེག་པ་བཞི་གཙོ་བོར་བྱེད་དེ། ལྷ་གསོལ་བ་དང་ཡུག་ཕུད་པ་ཞེས། ལབ་རྩེ་དང་དཔའ་མཁར་བརྩིགས་པ། བསང་མཆོད། སྒྲ་བླ། ཀླུང་རྟ། ཡར་བཅོས། མར་གཏོ། གཙང་སྦྲ་བྱེད་པ། མི་གཙང་སེལ་བ་སོགས་ལ་སྐྱབས་སེམས་དང་བསྔོ་སྨོན་གྱིས་ཟིན་པར་བྱས་ནས་སྣང་སྲིད་ཞི་བདེར་བཅོས་པ་རྣམས་སྟོན་པ་གཤེན་རབ་ཀྱི་རྒྱུ་བོན་ལས་བྱུང་བ་སྟེ། རྒྱ་གར་ན་ཡོད་པར་མ་ཐོས་སོ། །
⒂ སྲས་ཆེན་བརྒྱད་ནི། གཏོ་བུ་འབུམ་སངས། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོལ་མ། གདུང་སོབ་མུ་ཆོ་ལྡེམ་དྲུག འོལ་དྲུག་ཐང་པོ། རྒྱལ་སྲས་གཡུང་དྲུང་དབང་ལྡན། སྨྲ་སེང་འཕྲུལ་གྱི་བུ་ཆུང་དང་བརྒྱད།
⒃ འཛམ་གླིང་རྒྱན་དྲུག་ནི། རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ། ཧུ་ལུ་སྤར་ཡ། གཡུང་དྲུང་བློ་གསལ་གསུམ། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། གེ་སར་ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གོ །
⒄ རྟག་གཟིགས་མཁན་པོ་བརྒྱད་ནི། དམུ་ཙ་ཏྲ་ཧེ། ཁྲི་ལྡེ་འོད་པོ། ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང༌། ཐུགས་ཀར་ཡེ་ཤེས། གུང་རུམ་ཡེ་ཤེས། འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་དང་བརྒྱད་དོ། །
⒅ མཁན་རབས་གསུམ་ནི། ཡེ་ཤེས་ཚུལ་ཁྲིམས། གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་ཚུལ་ཁྲིམས་གསུམ་ཡིན།
⒆ བོད་ཀྱི་ཐོག་མའི་མཁན་པོ་ལྔ་ནི། ཀ་ཆུའི་གཙུག་ཕུད་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤི་དཔལ་གྱི་དབང་ཕྱུག སྡེ་བཙུན་རབ་གསལ། ཇོ་བཙུན་ཚུལ་ཁྲིམས་ཡེ་ཤེས་སོ། །
⒇ མཁན་རབས་ལྔ་ནི། མཁན་ཆེན་མུ་ཟི་གསལ་བཟང༌། ཁྲི་འབར་ཚུལ་ཁྲིམས། རྒྱལ་བ་གཙུག་ཕུད། གཙུག་ཕུད་ཚུལ་ཁྲིམས། བླ་ཆེན་དགོངས་པ་རབ་གསལ་ལོ། །
(21) བླ་མ་ཆེ་དྲུག་ནི། གསང་འདུས་མི་བརྩི་བའི་ལུགས་ལ། སྟག་ལྷ་མེ་འབར། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན། མུ་ཁྲི་བཙན་པོ་དང་དྲུག་གོ །
(22) གདུང་རྒྱུད་བཅུ་གསུམ་ནི། མུ་ཁྲི་བཙད་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཨ་ནུ་འཕྲག་ཐག སད་ནེ་གའུ། ཐད་མི་དད་ཀེ ཤད་བུ་ར་ཁུག ཟིང་བ་མཐུ་ཆེན། སྤེ་བོན་ཐོག་འཕྲུལ། སྤེ་བོན་ཐོག་རྩེ། ཧྲིང་ནི་མུ་ཏིང༌། སུམ་པ་དབུ་དཀར། གླང་ཆེན་མུ་ཝེར་དང་བཅུ་གསུམ།
(23) མཁས་པ་མི་བཞི་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་མཁར་བུ་དང་བཞིའོ། །
(24) ཡབ་སྲས་གསུམ་ནི། ཡབ་བླ་ཆེན་དྲན་པ་ནམ་མཁའ། སྲས་ཚེ་དབང་རིག་འཛིན། པདྨ་འབྱུང་གནས་སོ། །
(25) གཤེན་གྱེར་རྨ་དབྱིལ་ནི། གཤེན་ཆེན་ཀླུ་དགའ། གྱེར་མི་ཉི་འོད། རྨ་སྟོན་སྲོལ་འཛིན། དབྱིལ་སྟོན་ཁྱུང་རྒོལ་རྩལ་དང་བཞིའོ། ཕྱི་མ་ནི་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ཞེས་པ་དེ་ཡིན་ནོ། །
(26) བྲུ་ཞུ་སྤ་རྨེའུ་ནི། བྲུ་ཆེན་ནམ་མཁའ་གཡུང་དྲུང༌། རྒྱལ་སྲས་ཞུ་ཡས་ལེགས་པོ། སྤ་སྟོན་དཔལ་མཆོག་རྒྱལ་བ། རྨེའུ་ལྷ་རི་གཉན་པོའོ། །
(27) བ་ནམ་ཡབ་སྲས་ནི། ཞང་ཞུང་བ་ནམ་སྐྱོལ་བོ་དང༌། སྲས་ཁྲི་ཤོ་རྒྱལ་བ།
(28) རིག་འཛིན་བརྒྱུད་པ་དྲུག་ནི། རིག་འཛིན་ར་སངས་བསམ་གྲུབ། རིག་འཛིན་དར་མ་ཤེས་རབ། རིག་འཛིན་དར་མ་བྷོ་དེ། རིག་འཛིན་ཞུང་ཞག་ཁྲི་འཕེན། རིག་འཛིན་མུ་ཡེ་ལྷ་རྒྱུང༌། རིག་འཛིན་རྨ་གཤེན་ལེགས་བཟང་ངོ༌། །
(29) གྲུབ་ཐོབ་དགུ་ནི། གྲུབ་ཐོབ་གྱེར་ཆེན་སྟག་ལྷ། ར་སངས་གྲུབ་ཆེན་གཡུང་དྲུང་གསལ། ར་སངས་གཡུང་འཕན། དགེ་འབར་དོན་གྲུབ། གྱེར་སྤུངས་དགེ་འཕན། གྲུབ་ཐོབ་དགེ་རྒྱལ། ཞང་ཞུང་རྣམ་རྒྱལ། མུ་རྒྱུང་དཀར་པོ། ཧོར་ཏི་ཆེན་པོ་དང་དགུའོ། །
(30) ལོ་པཎ་བརྒྱུད་པ་བཞི་ནི། རྗེ་དོན་ཀུན་གྲུབ་པ། ར་སངས་འཕན་རྒྱལ། གུ་རུབ་གསས་དགའ། པཎ་ཆེན་ཟླ་བ་རྒྱལ་མཚན་དང་བཞི་སྟེ། འཇའ་ལུས་པ་ཉི་ཤུ་བྱོན་ནོ། །
(31) ཞང་ཞུང་གྲུབ་ཆེན་དྲུག་ནི། ཕ་ཝ་རྒྱལ་གཟིགས་གསས་ཆུང༌། དམུ་གཤེན་ཙོ་གེ གུ་རུབ་དམུ་གཤེན་ཙོ་བཏང༌། དམུ་ཤོད་གྲམ་ཆེན་པོ། དམུ་རྒྱལ་བ་བློ་གྲོས། དཔོན་ཆེན་བཙན་པོ་དང་དྲུག་གོ །
(32) བཀའ་བརྒྱུད་བླ་མ་དྲུག་ནི། གུ་གེ་ཤེས་རབ་བློ་ལྡན། སློབ་དཔོན་ཀུན་དགའ་རིང་མོ། རྣལ་འབྱོར་གསས་མཆོག་ཆེན་པོ། བླ་མ་ཁྱུང་བྱི་མུ་ཐུར། རྩེ་བདེ་བ་རིང་མོ། རོང་སྒོམ་རྟོག་མེད་ཞིག་པོ་དང་དྲུག་གོ །
(33) བོད་ཀྱི་གྲུབ་ཆེན་ལྔ་ནི། དཔོན་གསས་ལྷུན་གྲུབ་མུ་ཐུར། བླ་མ་གཤེན་རྒྱལ་ལྷ་རྩེ། ལོམ་ཏིང་ལྷ་སྒོམ་དཀར་པོ། སྲས་དངོས་གྲུབ་རྒྱལ་མཚན། རྗེ་འོར་སྒོམ་ཀུན་འདུལ་དང་ལྔའོ། །
(34) བྱང་བརྒྱུད་བླ་མ་དགུ་ནི། ཡང་སྟོན་ཤེས་རབ་རྒྱལ་མཚན། ལུང་སྒོམ་རྟོག་མེད་ཞིག་པོ། སྙེལ་སྒོམ་འཁྲུལ་མེད་ཞིག་པོ། གཉག་སྒོམ་རི་པ་ཤེས་རབ་ཚུལ་ཁྲིམས། ཨུ་རི་བླ་མ་བསོད་ནམས་རྒྱལ་མཚན། སྒྲོ་སྙ་བསོད་ནམས་ཡེ་ཤེས། རྒྱ་སྟོན་ཡེ་ཤེས་རིན་ཆེན། གུ་རུབ་བྱ་བཏང་མཆེད་གཉིས། (གཅེན་ཚུལ་ཁྲིམས་བཟང་པོ་དང་གཅུང་ཚུལ་ཁྲིམས་རྒྱལ་མཚན་གཉིས་གཅིག་ཏུ་བརྩི།) གླན་སྟོན་བསོད་ནམས་རྒྱལ་མཚན་དང་དགུའོ། །
(35) ལྷོ་བརྒྱུད་བླ་མ་བཅུ་གཅིག་ནི། ཡང་སྟོན་སྲས་ཆེ་བ་དམ་པ་འབུམ་རྗེ། གཅུང་ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན། དབོན་པོ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། ཡང་སྟོན་རྒྱལ་མཚན་རིན་ཆེན། རྗེ་དད་པ་ཤེས་རབ། བྲུ་རྒྱལ་བ་གཡུང་དྲུང༌། རི་བ་ཤེས་རབ་བློ་གྲོས། ཨ་ཐོག་ཡེ་ཤེས་རིན་ཆེན། ཁྱུང་པོ་རང་གྲོལ་བླ་མ་རྒྱལ་མཚན། གར་ཚ་བསོད་ནམས་བློ་གྲོས། སྤ་བསྟན་རྒྱལ་བཟང་པོའོ། །
(36) གཙང་ཁམས་མདོ་སྨད་ཀྱི་སློབ་དཔོན་ཆེན་མོ་བཅུ་ནི། མངའ་རིས་པ་ཚུལ་ཁྲིམས་རྒྱལ་མཚན། མངའ་རིས་པ་བསོད་ནམས་རྒྱལ་མཚན། ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན། སློབ་དཔོན་ཁྲོ་བོ་རྒྱལ་མཚན། ཤར་བ་དྲང་སྲོང་ཚུལ་ཁྲིམས་དཔལ་བཟང༌། བྱ་བྲལ་ཤེས་རབ་འོད་ཟེར། རྟོགས་ལྡན་ཤེས་རབ་རྒྱ་མཚོ། སྒོ་ཇུང་བློ་གྲོས་རྒྱལ་མཚན། སློབ་དཔོན་བསྟན་པ་འོད་ཟེར། བྱ་དུར་ཉི་མ་འོད་ཟེར་རོ། །
(37) ཨ་མདོའི་མཁས་གྲུབ་བཅོ་བརྒྱད་ནི། འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས། ལྡོང་སྒོམ་བསྟན་པ་ལྷུན་གྲུབ། སྟག་རྩེ་ཚེ་དབང་ལྷུན་གྲུབ། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ། རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ། མཁར་ནག་ཤེས་རབ་ཚུལ་ཁྲིམས་དང་ནམ་མཁའ་ཤེས་རབ། འགྱུར་མེད་ཀུན་བཟང་རྒྱ་མཚོ། སོ་ནག་གྲུབ་ཆེན་ཐོག་འཛིན། གྱང་རིའི་ཐུགས་རྗེ་དབང་འབུམ། མཁར་ནག་ནམ་མཁའ་ཤེས་རབ། རྩེ་ཞིག་གཡུང་དྲུང་བསྟན་རྒྱས། སྤྱི་ཚང་རིག་འཛིན་རྣམ་གྲོལ། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། བོན་བརྒྱ་རང་ཤར་རིག་གྲོལ། སྦྲ་སར་ནམ་མཁའ་དབང་ཕྱུག བོན་བརྒྱ་གཡུང་དྲུང་ཕུན་ཚོགས། བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རྣམས་སོ། རྫོགས་ཆེན་སྙན་བརྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ལྟར་བྲིས་པ་ཡིན་ནོ། །

སང༷ས་རྒྱས༷་ཆོས་ལུགས་ཞེས་པ་སང༷ས་རྒྱས༷་གཅིག་གི་ཆོས་ལུགས་གཅིག་ཙམ་མིན། །
སང༷ས་རྒྱས༷་སྟོང་རྩ་དུས་གསུམ་སང༷ས་རྒྱས༷་ཀུན་གྱི་ཆོས་ལུགས་གང་ཡིན་ཡང་། །
སང༷ས་རྒྱས༷་ཐམས་ཅད་ཐུཊ་མཐུན་སང༷ས་རྒྱས༷་སོ་སོའི་ཆོས་ལུཊ་ཡང་དག་མཐུན།།
སང༷ས་རྒྱས༷་ང་དང་ཁྱོད་ཀྱི་སང༷ས་རྒྱས༷་ཕྱོགས་འཛིན་ཆོས་ལུགས་ཡོད་མ་ཡིན། །

ཐེག་ཆེན་མདོ་སྔགས་རྫོགས་ཆེན་ཐམས་ཅད་ཀུན། །
ཐུབ་པ་གཅིག་པུས་ཞལ་ནས་གསུངས་མིན་ཡང་། །
གཤེན་ལྷ་འོད་དཀར་རྒྱལ་བ་རྡོ་རྗེ་འཆང་། །
གཤེན་རབ་ཐུབ་པའི་དབང་རྣམས་ཐུགས་རྒྱུད་གཅིག །

ལྟ་སྒོམ་སྤྱོད་འབྲས་མཐུན་མིན་མ་ངེས་པར། །
སངས་རྒྱས་བཟང་ངན་དབྱེ་བ་བླུན་པོའི་ལུགས། །
རིས་མེད་གཞོན་ནུ་བློ་ལྡན་གཟུར་གནས་ཀུན། །
སངས་རྒྱས་ཀུན་ལ་དད་གུས་དཔག་མེད་མཛོད། །

མཐར་ཐུག་ཐེག་དགུ་གྲུབ་མཐའ་ཐམས་ཅད་ཀུ༷ན། །
ཀུ༷ན་གྱིས་ཉམས་སུ་ལེན་བྱར་རྟོགས་ན་ར༷བ། །
ར༷བ་འབྲིང་ཐ་མས་དག་སྣང་ཚད་མེད་སྦྱང༷ས། །
སྦྱང༷ས་པ་མཐར་ཕྱིན་རྣམ་མཁྱེན་ཐོབ་པར་སྨོན། །

       ཞེས་པའང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བ་དབྱིན་གོར(England)འཚོགས་པའི་སྐབས་སུ༧ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་འཛམ་གླིང་མཁས་པ་མང་པོའི་མདུན་སར་དཔྱད་གཏམ་དུ་སྤེལ་བ་དགེ་ཞིང་བཀྲ་ཤིས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག