ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> ལྷོ་གཏེར་ལུགས་ཀྱི་གཉིས་ཀ་མ་ཡིན་པའི་སྡེ་དང་དཀའ་བཅད་ཀྱི་སྡེ།
ལྷོ་གཏེར་ལུགས་ཀྱི་གཉིས་ཀ་མ་ཡིན་པའི་སྡེ་དང་དཀའ་བཅད་ཀྱི་སྡེ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་གྲགས་པ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

གཉིས་ཀ་མ་ཡིན་པའི་སྡེ།

གཉིས་ཀ་མ་ཡིན་པའི་སྡེ་ལ། སྣོད་དབང་བོ་འབྲིང་གི་རབ་འབྲིང་གི་རབ་འབྲིང་གཉིས་ལ་ལྟོས་དེ། དགེ་བསྙེན་གྱི་ཐེག་པ་དང་། དྲང་སྲོང་གི་ཐེག་པ་གཉིས་དུ་བྱས་ཤིང་། དེས་ནི་བསྐལ་པ་གྲངས་མེད་གསུམ་ལ་སོགས་ཀྱི་སྒོ་ནས་ཐར་བ་ཐོབ་པ་དང་གཞན་དོན་ཁོ་ན་ལ་དམིགས་ཏེ། འཕགས་ལམ་ཐོབ་བྱེད་ཀྱི་རྒྱུ་ཞིག་ཀྱང་ཡིན་ནོ། །

༼དང་པོ་དགེ་བསྙེན་གྱི་ཐེག་པ།༽

      དགེ་བསྙེན་གྱི་ཐེག་པ་ཞེས་བྱ་བ་ནི། སྟོན་པ་དགོངས་ལོ་ལྔ་བརྒྱའམ་གཤེན་ལོ་ལྔ་བཞེས་སྐབས། ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་གཡོན་ཕྱོགས་སུ་འདུལ་ཁྲིམས་ཀྱི་གླིང་དུ་གཏན་ལ་ཕབས་པའི་ཐེག་པ་དེ་ལ་ཟེར་ཞིང་། གཙོ་བོ་ལས་རྒྱུ་འབྲས་ལ་འཇུག་ལ་འཇུག་སྟེ་དབུ་མ་བདེན་གཉིས་སུ་ལྟ་བའི་ཐེག་པ་ཞིག་ཀྱང་ཡིན་ལ། ཐེག་པ་དེའི་སྐབས་སུ་གཏན་ལ་ཕབ་པའི་མདོ། སྣོད་བཅུད་འབྱུང་ཟློག་གི་མདོ་སྡེ། དྲག་རྩུབ་ཞི་བྱེད་ཀྱི་མདོ་སྡེ། སྲུང་ཁྲིམས་ངམས་སྟོན་གྱི་མདོ་སྡེ། སེམས་སྒྲུབ་སིལ་བུའི་མདོ་སྡེ། བསྐལ་སྲིད་བྲོས་དད་ཀྱི་མདོ་སྡེ་སོགས་ལ་འཇུག་ཤིང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བཅུ་ལ་ཡང་འཇུག་སྟེ། ལུས་ཀྱི་སྲོག་འདོན་བྱ་བ་དང་། སྦྱིན་པ་གཏོང་བ། ཚངས་པར་སྤྱོད་པའི་སྒོ་ནས་འཇུག་པ་དང་། ངག་གི་བདེན་པར་སྨྲ་བ། ཕྲ་མ་མི་གཞུག་པ། ཞི་བར་སྨྲ་བ། ངག་འཁྱལ་བར་མི་སྨྲ་བའི་སྒོ་ལ་འཇུག་པ་དང་། ཡིད་ཀྱི་གདུག་སེམས་མི་བསམ་པ་དང་། ཕན་པར་བསམ་པ། དོན་ལས་མ་ལོག་པར་བསམ་པ་དང་གསུམ་གྱིས་སྒོ་ནས་འཇུག་གོ། ། སྤྱོད་པའི་ལས་ནི། འཇུག་སྒོའི་གཞུང་དེ་དག་ལ་བརྟེན་ནས་དགེ་སྡིག་གི་སྤང་བླང་ཕྲ་ཞིང་ཕྲ་བ་ནས་ཉམས་སུ་ལེན་པ་ནི་སྤྱོད་པའི་ལས་དང་། ལྟ་བ་ནི། དཔེར་ན་རྒྱུ་སྔོན་དུ་བཏང་བས་འབྲས་བུ་ཕྱིས་སུ་འབྱུང་བ་བཞིན་དུ། སེམས་འཁྲུལ་བའི་ལས་སྤངས་ཤིང་འབྲས་བུ་ཡང་དག་པར་ཐོབ་པ་དང་། སྦྱིན་ཡུལ་སྟོང་གསུམ་ལ་མཆོད་སྦྱིན་སྦྱང་སྤེལ་རྣམ་པར་དག་པས་བསྔོ་ཞིང་དེའི་ཡོན་ཏན་གྱིས་འབྲས་བུ་ཐར་བ་ཐོབ་པ་སོགས་ཀུན་རྫོབ་ཏུ་སྣང་བ་འཇའ་ཚོན་ལྟར་བདེན་མེད་དུ་ལྟ་ལ། དོན་དམ་པར་དམིགས་མེད་དུ་རྟོགས་པ་ནི། ཐེག་པ་འདིའི་ལྟ་བ་ཡང་དག་ཏུ་འདོད་པ་དང་། སྤང་བྱ་ཉོན་མོངས་པའི་སྒྲིབ་པ་སྤངས་ཤིང་། ཟད་པ་མེད་པ་ས་གཞི་ལྟ་བུའི་ཐུགས་རྗེ་ཀུན་ལ་བསྐྱེད་དེ་འབྲས་བུ་ཐར་བ་ཐོབ་པར་འདོད་དོ། །

༼གཉིས་པ་དྲང་སྲོང་གི་ཐེག་པ།༽

      གཉིས་པ་དྲང་སྲོང་གི་ཐེག་པ་ཞེས་པ་ནི། རྒྱལ་མཆོག་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གཤེན་ལོ་དྲུག་བཞེས་པའི་དུས་སུ། འོད་ཀྱི་ལྷ་རི་སྤོ་མཐོན་ན། གསལ་བ་འོད་ཀྱི་གླིང་ཞེས་གུར་ཕུབ་པའི་ནང་དུ་བྱོན་ཏེ གསུངས་བའི་ཐེག་པ་ལ་དྲང་སྲོང་གི་ཐེག་པ་ཞེས་ཟེར་ཞིང་། གཙོ་བོ་འདུལ་ཁྲིམས་དག་གཙང་གིས་བོན་ལ་སྤྱོད་དེ། ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། མོ་ཁྲིམས་སུམ་བརྒྱ་དྲུག་བཅུའི་སྒོ་ནས་སྲུང་ཞིང་། བཟུང་འཛིན་གྱི་སྣང་བ་ལ་ཕྲ་རགས་གཉིས་སུ་ཕྱེས་ནས་རགས་པ་ཀུན་རྫོབ་དང་ཕྲ་བ་དོན་དམ་དུ་འདོད་པའི་ཐེག་པ་ཞིག་ཀྱང་ཡིན། ཐེག་པ་དེའི་འཇུག་སྒོ་ནི། འདུལ་བ་རྒྱུད་དྲུག་སོགས་འབུམ་སྡེ་བཞིའི་གཞུང་དག་ལ་བརྟེན་ནས་ཚད་མེད་བཞི་དང་དགེ་བ་བཅུ་ཡི་སྒོ་ནས་འཇུག་ཤིང་སྤྱོད་པས་ལས་ནི། ཕོ་ཁྲིམས་རྩ་བ་བཞི་ལས་གྱེས་པའི་ཡན་ལག་ཉིས་བརྒྱ་ལྔ་བཅུ་དང་། མོ་ཁྲིམས་རྩ་བ་བརྒྱད་ལས་གྱེས་པའི་ཡན་ལག་སུམ་བརྒྱ་དྲུག་ཅུ་སྲུང་སྟེ་སྤྱོད་པ་དང་། ལྟ་བ་ཡང་ཀུན་རྫོབ་ཏུ་སྣང་བ་འོད་དང་ཡིག་འབྲུ་ལས་སོགས་རྒྱུ་མར་བལྟ་ལ་དོན་དམ་དམ་པར་སྣང་ལ་རང་བཞིན་མེད་པར་དགྲ་བཅོམ་ཐོབ་པར་འདོད་དོ། དེ་ལྟར་གཉིས་ཀ་མ་ཡིན་པའི་སྡེ་ལ་ཕྱེས་པའི་དགེ་བསྙེན་དང་དྲང་སྲོང་གི་ཐེག་པ་གཉིས་ནི་གཙོ་བོ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱང་ནས་མཐར་ཐུག་བླ་མེད་རྫོགས་པའི་ས་ཐོབ་པར་འདོད་པའི་འབྲས་བུའི་ཐེག་པ་ཞིག་ཡིན་ནོ། །

དཀའ་བཅད་ཀྱི་སྡེ།

       དཀའ་བཅད་ཀྱི་སྡེ་ལ། སྣོད་དབང་བོ་རབ་ལ་ལྟོས་ཏེ་ཨ་དཀར་གྱི་ཐེག་པ། ཡི་གཤེན་གྱི་ཐེག་པ། ཁྱད་པར་ཆེན་པོའི་ཐེག་པ་དང་གསུམ་ཕྱེས་པས། ཨ་ཡེ་གཉིས་ཀྱི་སྐྱེ་བ་གཅིག་གམ་གཉིས་ནས་ཐར་བ་ཐོབ་པ་དང་། ཁྱད་པར་ཆེན་པོས་ཚེ་གཅིག་ལ་བོན་སྐུ་ཐོབ་པར་བྱ་ནུས་པའི་ཐེག་པ་ཞིག་ཡིན་ནོ། །

༼དང་པོ་ཨ་དཀར་གྱི་ཐེག་པ།༽

      ཨ་དཀར་གྱི་ཐེག་པ་ཞེས་པ་ནི། སྟོན་པ་གཤེན་ལོ་བདུན་བཞེས་སྐབས། གླིང་ཆེན་བཅུ་གཉིས་གྱི་ནང་ཚན། བདུད་འདུལ་བསྔགས་ཀྱི་གླིང་དུ་གཏན་ལ་ཕབས་པས། གཙོ་བོ་སྣང་བ་ལྷ་དང་གཞལ་ལས་སུ་བལྟ་སྟེ་སེམས་དཔའ་སུམ་བརྩེགས་སུ་འདོད་པའི་ཐེག་པ་བདུན་པ་བ་ལ། ཨ་དཀར་གྱི་ཐེག་པ་ཞེས་ཟེར་ཞིང་། འཇུག་སྒོ་ནི་བསྙེན་པའི་གཞི་མ་སྒོ་དགུ ། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་སྒོ་ནས་འཇུག་སྟེ། ལུས་ཀྱི་ལས་སུ་ཕྱག་རྒྱ་བསྒྱུར། ངག་གི་ལས་སུ་སྔགས་དང་སྙིང་པོ་བཟླ། ཡིད་ཀྱི་ལས་སུ་ཏིང་ངེ་འཛིན་རྣམ་པ་གསུམ་ལ་སྤྱོད་ཀྱང་། ལྟ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལྷའི་གཞལ་ཡས་ཁང་དུ་རྟོགས་ལ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་སྐུར་སྣང་ཞིང་། དེ་དག་ཡང་སྣང་ལ་རང་བཞིན་མེད་པར་རྟོགས་པ་ནི་ལྟ་བ་རུ་འདོད་པ་དང་། བསྐྱེད་རྫོགས་ཟུང་འཇུག་གི་བསྒྱུར་ལམ་ལ་བརྟེན་ནས་འབྲས་བུ་ཡང་གསལ་སྟོང་གཉིས་མེད་ཀྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པར་འདོད་པའི་བོན་སྒོ་ཞིག་ཡིན་ནོ། །

༼གཉིས་པ་ཡེ་གཤེན་གྱི་ཐེག་པ།༽

      ཡེ་གཤེན་གྱི་ཐེག་པ་ནི། བདག་ཅག་གི་སྟོན་དགོངས་ལོ་བརྒྱད་བརྒྱ་གཤེན་ལོ་བརྒྱད་བཞེས་ཏེ། བེེཌྰུརྱ་ས་གཞི་མཛེས་པའི་རིན་ཆེན་གུར་ཁང་ནང་དུ་བྱོན་ནས་འཁོར་རྣམས་ལ་གསུང་བའི་ཐེག་པ་བརྒྱད་པ་ལ་ཡེ་གཤེན་གྱི་ཐེག་པ་ཞེས་ཟེར་ཞིང་། ཐེག་པ་དེ་ནི་གཙོ་བོ་ཏིང་ངེ་འཛིན་ཟབ་མོ་ལ་མཉམ་པར་བཞག་ཅིང་མན་ངག་གིས་སེམས་སྡེ་བཞི་ནི། ཕུང་བོ་རང་འགྱུར་རྩ་གནས་སྦུ་སྒོར་གྱི་ལུང་དང་། གསེར་ཐིག་ཆེ་ཆུང་ལུས་སེམས་མཉམ་བཞག་གི་ལུང་། ཉི་ཟླ་རབ་གསལ་གསང་ཐུགས་རྫོགས་པའི་ལུང་། བསྐལ་བ་མུ་བཞི་སྤྱི་ལུང་དང་བཞི་ཡིན་ལ། འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་སོགས་ཀུན་གཞི་མ་གཡོས་པའི་ངང་དུ་རིག་པ་གསལ་ལ་མ་འགག་པའི་སྒོ་ནས་འཇུག་ཅིང་། རྣམ་པར་དག་པའི་ལྷ་ཚོགས་རྣམས་ཀྱི་མཚན་དང་དཔེ་བྱེད་ཡོངས་སུ་རྫོགས་པར་སྤྱོད་པར་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། དོན་དམ་དང་ཀུན་རྫོབ་གཉིས་སུ་མེད་པར་རྟོགས་པ་ནི་ལྟ་བ་ཡང་ཏག་ཏུ་འདོད་ལ། རྩ་རླུང་ཐིག་ལེ་དགུ་རྒྱུད་ལ་སོགས་བརྟེན་ནས་དོན་ཉམས་སུ་ལེན་ཞིང་། འབྲས་བུ་སྐྱེ་གཅིག་གམ་གཉིས་ནས་ཐར་བ་ཐོར་པར་འདོད་པའི་ཐེག་པ་ཞིག་ཡིན་ནོ། །

༼གསུམ་པ་ཁྱད་པར་བླ་མེད་ཀྱི་ཐེག་པ།༽

ཁྱད་པར་བླ་མེད་ཀྱི་ཐེག་པ་ཞེས་པ་ནི། སྟོན་པ་གཤེན་ལོ་དགུ་བཞེས་པའི་དུས་སུ། སྣོད་དབང་པོ་ཡང་རབ་ལ་གཟིགས་ནས་ལུང་སྡེ་སྣོད་གསུམ་གྱིས་ཁོག་དབུབ་སྟེ་གསུངས་བའི་ཐེག་པ་ལ་ཁྱད་པར་བླ་མེད་ཀྱི་ཐེག་པ་ཞེས་ཟེར་ཞིང་། སྤྱིར་ཐེག་པ་ཐམས་ཅད་ལ་ཁྱད་པར་བླ་མེད་ཀྱི་ཐེག་པ་འདིའི་རོལ་བའི་རྩལ་གྱིས་མ་ཁྱབ་པ་མེད་པས་ན། ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད་ཅེས་བཤད་པ་དང་། ཐེག་པ་འོག་མ་ལྟར་བཟུང་འཛིན་ཀྱི་ཆ་དང་བཅས་ནས་མི་འཇུག་ནའང་། ཐ་སྙད་ཙམ་བཏགས་ཏེ་ལྟ་སྤྱོད་གཉིས་ཀྱི་སྒོ་ཅུང་ཞིག་བཤད་ན། སྤྱོད་པ་ནི་འབད་རྩོལ་རྒྱུ་རྐྱེན་གྱི་ལས་སྤྱོད་དང་བྲལ་ཏེ། འབད་མེད་ལྷུན་གྲུབ་དུ་ལྟ་བའི་སྤྱོད་པ་བཞི་ལ་སྤྱོད་ཀྱང་། ལྟ་བ་ནི། མཉམ་ཉིད་གཉིས་མེད་དུ་བལྟ་བའི་གྲོལ་ལམ་དེའི་བདེན་པ་དབྱེར་མེད་མཐའ་བྲལ་བོན་ཀྱི་སྐུ་རུ་ཡེ་སངས་རྒྱས་པར་ལྟ་བ་དང་། འབྲས་བུ་ནི། རྒྱ་ཆད་ཕྱོགས་ལྷུང་མེད་པར་ནམ་མཁས་ཁྱབ་ཚད་འདུལ་ཞིང་ཚེ་གཅིག་སྐད་ཅིག་གཅིག་ལ་བོན་སྐུ་ཐོབ་པའི་ཐེག་སྒོ་ཡང་རྩེ་བ་ཞིག་ཡིན་ནོ། ། 

༼བོན་སྒོ༽སྤྱི་དེབ་དགུ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག