ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ཀྱི་འདོད་ཚུལ་འགའ་ལ་དཔྱད་པ་།
གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ཀྱི་འདོད་ཚུལ་འགའ་ལ་དཔྱད་པ་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཉག་རོང་དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ།] [ཟླ་ཚེས། 11-01-12] [ཀློག་གྲངས། ]

 གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ལ་ནི་ཁྱད་པར་ཡོད་ངེས། ཐལ་འགྱུར་ལུགས་ཀྱི་དགག་བྱ་འཆད་པའི་ཚེ། སྤྱིར་རིག་པའི་དགག་བྱ་ཡིན་ན་མེད་པའི་ཁྱབ་དགོས་ཏེ། ཡོད་ན་འགོག་མི་ནུས་ཞིག་དང་། ལམ་གྱི་དགག་བྱ་ཡིན་ན་ཡོད་པའི་ཁྱབ་དགོས་ཏེ། མེད་ན་སེམས་ཅན་རྣམས་འཁྲུལ་བ་མི་རིགས་ཞིང་ཡོངས་སུ་གྲགས། འོན་ཀྱང་རང་ལུགས་མཁས་གྲུབ་གོང་མ་རྣམས་ཀྱི་རིགས་པའི་དགག་བྱ་ཡིན་ན་མེད་པའི་མ་ཁྱབ་པས། རིགས་པའི་དགག་བྱ་དང་ཡོད་པའི་གཞི་མཐུན་དུ་འདོད་པ་ནི་ཐུན་མོང་མ་ཡིན་པའི་དགོངས་པ་ལགས། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི། ས་ལམ་འཁྲུལ་གྱི་ལྡེ་མིག་ལས། རིགས་པའི་དགག་བྱ་སྣང་བ་རིག་ངོར་ཡོད་པའི་བདེན་དངོས་ཡང་དག་ཏུ་ཡོད་པ་འགེགས་མོད་ཀྱིས། ཐ་སྙད་ཙམ་ཡང་བདེན་དངོས་གྲུབ་པ་མེད་ལ། དེས་ན་སྣང་བ་དང་བདེན་དངོས་ཀྱི་འཚོགས་དོན་གཉིས་ཀ་དེ་དགག་བྱ་ཡིན་པས་བདེན་དངོས་ཙམ་འགོག་གོ་ཞེས་གསུངས་པས། སྣང་བ་དང་བདེན་པ་གཉིས་ཀ་རིགས་པའི་དགག་བྱར་བཞེད། སྣང་བ་རྐྱང་པ་དཀག་ན་ཁྱབ་ཆེ་ལ་བདེན་པ་རྐྱང་པ་དཀག་ན་ཁྱབ་ཆུང་སྟེ། སྣང་གཞི་བོན་ཅན་མི་ཁེགས་ན་དགག་བྱ་ཕྲ་མོ་ལུས་པའི་ཕྱིར་ཞེས་གསུངས་། དཔོན་སློབ་སངས་རྒྱས་བསྟན་འཛིན་གྱི་དབུ་མའི་ཟིན་བྲིས་ལས། བོན་རང་ལུགས་ལ་དབུ་མ་ཚན་མ་ཤུགས་སྣང་གི་སྐབས་སུ་རིགས་པའི་དགག་བྱ་ཡིན་ན་མེད་པའི་ཁྱབ་པ་ཁས་ལེན་རུང་ཡང་། མཐར་ཐུག་མཚན་མ་ཀུན་འགོག་སྐབས་སུ་རིག་ངོར་སྣང་བ་དགག་བྱར་བྱེད་པས་རིགས་པའི་དགག་བྱ་དང་ཡོད་པའི་གཞི་མཐུན་ཡོད་དགོས་པར་འདོད་དགོས་སོ་ཞེས་གསུངས་པ་དང་། ཡང་དགག་བྱའི་མཐའ་ཐུག་ནི་ཐ་སྙད་དུ་ཡང་མེད་པ་དང་སྤྱིར་དགག་བྱ་ནི་ཐ་སྙད་དུ་ཡོད་པ་ལ་གོ་དགོས་ཞེས་ད་ལྟའི་གདན་ས་གོང་འོག་གི་མཁས་པ་རྣམས་ཀྱི་གསུང་རྒྱུན་མ་ནོར་བའོ་ཞེས་གསུངས། གཞན་ལུགས་དབུ་མ་ཐལ་འགྱུར་བའི་དེ་ལྟར་འདོད་པ་དཀའ་བར་སྣང་། གཞན་ཡང་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ། ཚོགས་ལམ་ནས་སྟོང་ཉིད་ལ་ཡུལ་དང་ཡུལ་ཅན་གཉིས་སྣང་ནུབ་པའི་ཤེས་པ་ཡོད་པར་གྲུབ་སྟེ། བོན་གྱི་སྤྱན་ལྡན་ཆེན་པོའི་གལ་མདོ་དྲི་མེད་གསལ་སྒྲོན་དང་ས་ལམ་སོགས་ལས་གསུངས་བའི་ཚོགས་ལམ་རིགས་ཤེས་དེ་གཉིས་སྣང་མེད་པའི་ཤེས་པ་ཞིག་ཏུ་འདོད་དེ། ས་ལམ་འཕྲུལ་གྱི་ལྡེ་མིག་ལས། རིགས་ཤེས་ནི་ཡུལ་དང་ཡུལ་ཅན་གང་དུ་ཡང་མ་གྲུབ་པ་སྤྲོས་མེད་བོན་དབྱིངས་གཟིགས་པ་ཙམ་ལ་རྟགས་སོ་ཞེས་གསུངས། རིགས་ཤེས་དེ་རྗེས་དཔག་མ་ཡིན་ཏེ། རྗེས་དཔག་ལ་སྒྲུབ་བྱ་གྲུབ་དགོས་པ་དང་སྒྲ་དོན་སྣང་བ་ལ་སོགས་ཡོད་པས་དེ་ཡོད་ན་ཡུལ་དང་ཡུལ་ཅན་གྲུབ་པའི་ཁྱབ། རིགས་ཤེས་ལ་ཡུལ་གང་ཞིག་གྲུབ་ན་དོན་དམ་པར་འགྱུར་བ་དང་ཤེས་བྱར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པར་གསུངས། དེ་བློ་མ་ཡིན་ཏེ། ཡུལ་ལ་ཤེས་བྱ་མ་གྲུབ་པའི་ཕྱིར་། དེས་ན་རང་ལུགས་མཁས་གྲུབ་གོང་མ་རྣམས་ཀྱི་དགོངས་པ་ལྟར་ན་སྤྲོས་མེད་ལུགས་ཀྱི་ལྟ་བ་དང་དེ་མཇལ་བྱེད་ཀྱི་རིག་པ་གཉིས་ངོ་བོ་དབྱེར་མེད་དུ་སོང་ན་བློ་དང་ཤེས་བྱར་མ་གྲུབ་པའི་ཁྱབ་སྟེ། བོན་གྱི་སྤྱན་སྡན་ཆེན་པོའི་གཞུང་རྣམས་སུ་བློ་ཞེས་པ་ནི་ཡུལ་འདི་ཞིག་འཛིན་པའང་གཉིས་སྣང་ཅན་གྱི་ཤེས་པ་ལ་ངེས་བཟུང་འདུག། ཚད་མ་ཀུན་བཏུས་ལས། སྤྲོས་མེད་དོན་དམ་བྱ་མ་ཡིན་པར་འགྱུར་ཞེ་ན་འདོད་དེ་བློ་འདས་ཡིན་པའི་ཕྱིར། དེ་ལྟར་ན་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་མ་ཡིན་པར་ཐལ་ཞེ་ན། རྣལ་འབྱོར་གྱི་གཞལ་བྱ་ཡིན་ཀྱང་ཤེས་བྱ་མ་ཡིན་པ་ནི། ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར་ཞེས་གསུངས། དབྱིངས་དེ་ཤེས་བྱ་མ་ཡིན་ན་ཡེ་ཤེས་བློ་མ་ཡིན་པ་རང་བཞིན་གྱི་གྲུབ། ཁ་ཅིག་གིས་དེ་ནི་གོང་མའི་ལུགས་ལ་དགོངས་ཟེར་ཀྱང་རྒྱུ་མཚན་ལྟོས་ཆུང་། གལ་མདོ་དྲི་མེད་གསལ་སྒྲོན་ལས། ཡང་དོན་དམ་རིགས་ཤེས་ཀྱི་ཡུལ་དུ་གྲུབ་ན་ཤེས་བྱར་འགྱུར་ལ་མ་གྲུབ་ན་ཁས་བླང་ཉམས་ཞེ་ན། སྐྱོན་མེད་དེ་རིགས་ཤེས་ཀྱི་རྟོགས་ཀྱང་ཤེས་བྱ་མི་འགྱུར་བ་ནི་སྤྲོས་མེད་ཉིད་དུ་རྟོགས་པ་ལ་རིགས་ཤེས་སུ་བརྟགས་སོ་ཞེས་གསུངས།དེ་འདྲའི་རིགས་ཤེས་དེ་རྟོག་པ་མ་ཡིན་ཏེ། སྒྲ་དོན་མ་སྣང་བའི་ཕྱིར། སྒྲ་དོན་སྣང་ན་རིགས་ཤེས་མ་ཡིན་པར་འགྱུར་བའི་སྐྱོན་ཡོད་པ་གསུངས་བའི་ཕྱིར། དེས་ན་ཡུལ་ལ་སྒྲོག་འདོགས་ཆོད་པའི་སྣང་མེད་ཀྱི་རིག་པ་ཞིག་ལ་འདོད་དོ། །དེ་འདྲའི་རིག་པ་ལ་ཚོགས་ལམ་གྱི་སྐབས་སུ་རིགས་ཤེས་ཞེས་བརྗོད། སྦྱོར་ལམ་ཡན་ཆད་ནས་མཉམ་བཞག་བརྗོད་པ་ཡིན་ཏེ། འགྲོ་མགོན་རིན་པོ་ཆེན་ས་ལམ་ལས། དེ་ཡང་ལམ་གྱི་དུས་སུ་རྗེས་དཔག་དང་རིགས་ཤེས་ཚོགས་ལམ་ཡིན་ལ། དེས་སྦྱོར་ལམ་ཡན་ཆད་དུ་རྗེས་ཐོབ་དང་མཉམ་བཞག་ཏུ་འགྱུར་རོ་ཞེས་གསུངས།གཡུང་དྲུང་སེམས་དཔའ་སྤྲོས་ མེད་པའི་ལུགས་ལ་བློ་རིག་ཤེས་གསུམ་དོན་གཅིག་ཏུ་འདོད་པ་དཀའ། དེ་མ་འདོད་ན་ཧ་ཅང་ཐལ་བ་མི་འདུག། རྗེ་བདག་ཉིད་ཆེན་པོས། དོནདམ་སྤྲོས་བྲལ་བློ་མི་ལྟོས། ཀུན་རྫོབ་སྤྲོས་བཅས་བློ་ལྟོས་ཡིན་ཞེས་དང་། །མེ་སྟོན་ཆེན་པོའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བ་ལས། དོན་དམ་བདེན་པ་དེ་བསམ་དུ་མེད་དེ་བློའི་ཡུལ་མ་ཡིན། བརྗོད་དུ་མེད་དེ་ཚིག་གི་ཡུལ་མ་ཡིན་ཞེས་གསུངས། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། རིགས་ཤེས་ཡོངས་གཅོད་མེད་པ་བོན་ཅན། དོན་དམ་ཡིན་ཏེ་སྤྲོས་པ་གཅོད་པ་ལ་བསླུ་བ་མེད་པའི་ཕྱིར། དེ་ལྟར་རིག་པ་ཤེས་པ་ཡུལ་སྤྲོས་བྲལ་ལོ། །དེ་དོན་དམ་ཡིན་ཏེ། རིགས་པས་ཀྱང་མི་གནོད་ལ་ཤེས་པ་གང་གིས་ཡང་ཡུལ་དུ་མ་གྱུར་བའི་ཕྱིར་ཞེས་གསུང་། ད་དུང་རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང་རང་རྒྱུད་པ་གཉིས་ཀྱི་འདོད་ཚུལ་ཡང་མི་མཐུན་ཏེ། རང་རྒྱུད་པས་བརྟགས་དོན་བཙལ་ནས་རང་ངོས་ནས་གྲུབ་པ་ཞིག་རྙེད་པ་འདོད་བ་གང་ཞིག། རོལ་པ་སྐྱེ་མཆེད་པས་དེ་ལྟར་མི་འདོད་བའི་ཕྱིར། རང་རྒྱུད་པས་བརྟགས་དོན་བཙལ་ནས་རང་ངོས་ནས་གྲུབ་པ་ཞིག་མ་སྙེད་ན་ཐ་སྙད་ཚད་མ་འཇོག་ཐབས་མེད་སྙམ་ནས་དེ་ལྟར་འདོད། རོལ་པ་སྐྱེ་མཆེད་པས་དེ་ལྟར་མི་འདོད་བ་ནི། དབུ་མའི་ཟིན་བྲིས་ལས། རང་ལུགས་བོན་སྔ་དར་ལྟར་ན་དགག་བྱ་འཇོག་ཚུལ་ཐལ་རང་གཉིས་ཀ་ཁྱད་མེད་པར་འདོད་པས། བདེན་པ་གྲུབ་པ་སོགས་རགས་པ་དང་རང་ངོས་ནས་གྲུབ་པ་སོགས་ཕྲ་བ་དང་བཅས་གཉིས་ཀས་དོན་དཔྱོད་ཀྱི་དགག་བྱ་ཡིན་དགོས་ལ། རང་རྒྱུད་པས་རང་ངོས་ནས་གྲུབ་པ་དོན་དཔྱོད་ཀྱི་དགག་བྱ་མི་འདོད་ན་དངོས་སྨྲ་བ་དང་གཅིག་ཏུ་འགྱུར་བས་མི་འཐད་པར་གསུངས་སོང་ཞེས་གསུང་། འདི་ཐལ་རང་ཞེས་པ་ནི་རོལ་པ་སྐྱེ་མཆེད་དང་མཚན་མ་ཀུན་བྲལ་གཉིས་ལ་གོ། དེ་ལ་ཐལ་རང་གི་སྒྲ་འཇུག་པའི་སྒོ་ནས་བཞག། འོན་ན་དེ་གཉིས་ཀྱི་ཁྱད་པ་གང་ཡིན་ཞེ་ན། རོལ་པ་སྐྱེ་མཆེད་པས་ཐ་སྙད་རང་ལུགས་སུ་འཇོག་པ་དང་མཚན་མ་ཀུན་བྲལ་གྱི་ཐ་སྙད་གཞན་ངོས་ནས་འཇོག་པ་སོགས་ཀྱི་ཁྱད་པ་ཡོད། འདི་རྣམས་གཞན་ལ་མ་གྲགས་པའི་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་འདོད་ཚུལ་ཞིག་རེད་བསམ་ཏེ་བཀོད་པ་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག