ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> སེམས་དཔའ་སུམ་བརྩེགས་ཞེས་པའི་གོ་དོན་གྱི་དོགས་དཔྱོད།
སེམས་དཔའ་སུམ་བརྩེགས་ཞེས་པའི་གོ་དོན་གྱི་དོགས་དཔྱོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས།] [ཟླ་ཚེས། 11-04-01] [ཀློག་གྲངས། ]

སེམས་དཔའ་སུམ་བརྩེགས་ཞེས་པའི་གོ་དོན་དང་དེ་སྔགས་ཕྱི་བ་གཉིས་ལ་

ཡོད་མེད་སྐོར་གྱི་དོགས་དཔྱོད།

      དེ་ཡང་སེམས་དཔའ་སུམ་བརྩེགས་ཞེས་པའི་གོ་དོན་ལ་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་ལས་ཁ་ཅིག་གིས་བདག་ལ་བསྐྱེད་པའི་དམ་ཚིག་སེམས་དཔའ་དང༌། དབྱིངས་ནས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རྣམ་པ་གཉིས། གཅིག་ལ་གཅིག་ཐིམ་པས་གཉིས་མེད་ལས་ཀྱི་སེམས་དཔས་འགྲོ་བའི་དོན་བྱེད་པ་ལ་འདོད་པ་དང༌། ཁ་ཅིག་གིས་བདག་དམ་ཚིག་སེམས་དཔའ། དེའི་ཐུགས་དཀྱིལ་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀློང་གི་ས་བོན་ཡིག་འབྲུ་ཏིང་ངེ་འཛིན་གྱི་སེམས་དཔའ་ལ་སུམ་བརྩེགས་སུ་འདོད་པའི་གཞུང་གཉིས་ཡོད་མོད། རང་ཉིད་ཀྱི་སྣང་ཚུལ་ལས་འཕྲོས་ན་སེམས་དཔའ་སུམ་བརྩེགས་ཞེས་པའི་གོ་དོན་དེ་ཕྱི་མའི་འདོད་གཞུང་དུ་བཞག་ན་དགོས་གནད་ཅིག་ཆེ་བར་འདོད། རྒྱུ་མཚན་གང་རེད་ཅེ་ན་འོག་མའི་འདོད་གཞུང་ལ་མ་བཞག་པར་གོང་མའི་འདོད་གཞུང་ལ་བཞག་སོང་ན་དེ་སྔགས་ཕྱི་ནང་གཉིས་ཀ་ལ་ཡོད་པས་སེམས་དཔའ་སུམ་བརྩེགས་ཀྱི་གོ་བ་མི་འོང་བས་འོག་མའི་འདོད་གཞུང་ལ་འཇོག་དགོས་པ་སྙིགས་དུས་ཀྱི་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་གསང་བ་སྔགས་ཀྱི་བསྙེན་བསྒྲུབ་ལས་གསུམ་རྣམ་པར་འབྱེད་པ་ལྷ་གཉེན་ཤེལ་སྒོང་ཞེས་བྱ་བ་ལས་རང་ཉིད་ལྷ་གང་ཡིན་གསལ་དག་བརྟན་གསུམ་དང་ལྡན་པར་བསྒོམས་པའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབས་པ་ལྟ་བུའི་ནང་ཉི་མ་ཟླ་བ་པདྨ་བརྩེགས་པའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའི་སྐུ་ཚོན་གང་པ་ཞི་བ་འཇའ་འོད་དང་དྲག་པོ་མེ་དཔུང་འཁྲིགས་པའི་ཀློང་ན་བསྒོམས། དེའི་ཐུགས་འོད་ཀྱི་གོང་བུ་དང་གསལ་སྒྲིབ་གཡོགས་བྲལ་བའི་ཀློང་ན་ཞི་བ་ལ་ཟླ་བ། དྲག་པོ་ལ་ཉི་མའི་གདན་སྲན་མའི་གའུ་ཙམ་གྱི་སྟེང་དུ་ཨཿའམ་བསྭོ་ལ་སོགས་པའི་ལྷ་གང་ཡིན་གྱི་ཐུགས་སྲོག་ས་བོན་རང་གི་སྐུ་མདོག་དང་མཐུན་པར་ལངས་སྟབས་སུ་ལྷའི་ཞལ་བསྟན་ཕྱོགས་ལ་ཡིག་ངོ་ཕྱིར་བསྟན་ནས་གནས་པར་གསལ་གདབ་པ་ནི་སེམས་དཔའ་སུམ་བརྩེགས་ཞེས་བྱ་སྟེ། དགུ་འཕར་ལས། རྩ་བའི་ལྷ་ཡི་ཐུགས་ཀ་ནས། །ཡེ་ཤེས་སེམས་དཔའ་ཚོན་གང་ཚུལ། །རང་རང་སྔགས་དང་ཡིག་འབྲུ་ནི། །མ་ནོར་རིམ་བཞིན་བསྒོམ་པར་བྱ། །ཅེས་གསལ་དག་བརྟན་གསུམ་དང་ལྡན་པ་དམ་ཚིག་སེམས་དཔའ། དེའི་ཐུགས་དཀྱིལ་གྱི་སྐུ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀློང་གི་ས་བོན་ཡིག་འབྲུ་ཏིང་ངེ་འཛིན་གྱི་སེམས་དཔའ་སྟེ་སྤྱི་སྤུངས་སྐོར་གསུམ་གྱི་འཛབ་བསྐྱེད་ལྟ་བུའོ། །ཞེས་གསུངས་པས་ངེས།
      ཀུན་མཁྱེན་རིན་པོ་ཆེའི་སེམས་དཔའ་སུམ་བརྩེགས་ཀྱི་དགོངས་དོན་བཀྲོལ་ས་དེ་གསང་བ་དགུ་འཕར་གཡུང་དྲུང་གསང་བའི་རྒྱུད་ཡིན་ལ་དེ་ལྟར་བཀྲོལ་བ་ནི་ཨེ་མ་ངོ་མཚར་ཆེ་ཞིང་ངེས་ཤེས་ཀྱི་དད་པ་བཅོས་མིན་དུ་སྐྱེ་བ་ཞིག་རེད།
      དེ་ཡང་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་དུ་ལྷ་ལ་ཕུར་བ་ཀ་བའི་རྒྱུད་ལས་ནི། ཞི་བ་དང༌། ཡེ་ཤེས་ཀྱི་ཕུར་བ་དང༌། སྤྲུལ་བའི་ཕུར་བ་གསུམ། སུམ་བརྩེགས་སུ་བསྒོམ་པར་འདོད་ལ། ཁྲོ་རྒྱུད་ལས་ནི། བདག་ལ་བསྐྱེད་པའི་དམ་ཚིག་སེམས་དཔའ་དང༌། དབྱིངས་ནས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རྣམ་པར་གཉིས། གསེར་ལ་ནག་འཚུར་[མཚུར་]ཐེབས་པ་བཞིན། གཅིག་ལ་གཅིག་ཐིམ་པས་གཉིས་མེད་ལས་ཀྱི་སེམས་དཔའ་འགྲོ་བའི་དོན་བྱེད་པའོ། །ཞེས་པའི་ལུང་འདི་གཉིས་ལ་ལྟོས་ནས་མང་པོ་ཞིག་གིས་ཁྲོ་རྒྱུད་ཀྱི་ལུང་དོན་དེ་ཡང་སེམས་དཔའ་སུམ་བརྩེགས་ཀྱི་དོན་ལ་འཐད་པའི་ངེས་ཤེས་སྐྱེ་བཞིན་ཡོད། བདག་གི་སྣང་ཚུལ་ལ་ཀ་བའི་རྒྱུད་ཀྱི་ལུང་དོན་དེ་སེམས་དཔའ་སུམ་བརྩེགས་ཀྱི་དོན་ཡིན་ལ་ཁྲོ་རྒྱུད་ཀྱི་ལུང་དོན་དེ་སེམས་དཔའ་གསུམ་གྱི་བསྲེས་བསྣན་གྱི་དོན་དུ་འདོད།
      སེམས་དཔའ་གསུམ་གྱི་བསྲེས་བསྣན་ཞེས་པའི་ཚིག་དེ་གཞུང་གོང་མ་རྣམས་ལས་བདག་གིས་ད་སྐབས་དངོས་སུ་མ་མཐོང་ན་ཡང་བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་ནས་ཆུང་དུས་བླ་མའི་ཁྲིད་རྒྱུད་ལ་བསྐྱེད་རིམ་གྱི་མཇུག་གི་སེམས་དཔའ་གསུམ་གྱི་གནས་སྟངས་ལ་སེམས་དཔའ་གསུམ་གྱི་བསྲེས་བསྣན་ཟེར་ཞིང་འཕྲོ་འདུའི་སྐབས་ཀྱི་སེམས་དཔའ་གསུམ་གྱི་གནས་སྟངས་ལ་སེམས་དཔའ་སུམ་བརྩེགས་ཟེར། དེ་གཉིས་ལ་དེ་འདྲའི་ཁྱད་པར་ཡོད་ཅེས་གསུངས།
      ངོ་མ་བླ་མའི་གདམ་པ་དེ་ནི་ཡིད་གཉིས་ཀྱི་ཐེ་ཚོམ་དྲུངས་ནས་འབྱིན་བྱེད་ཀྱི་གདམ་པ་ཞིག་རེད། སེམས་དཔའ་གསུམ་གྱི་བསྲེས་བསྣན་སེམས་དཔའ་སུམ་བརྩེགས་ཡིན་སོང་ན་སེམས་དཔའ་སུམ་བརྩེགས་ཡོད་མེད་ཀྱིས་སྔགས་ཕྱི་ནང་གི་ཁྱད་པར་ཇི་ལྟར་འབྱེད། སེམས་དཔའ་སུམ་བརྩེགས་ཡོད་མེད་ཀྱིས་སྔགས་ཕྱི་ནང་གི་ཁྱད་པར་འབྱེད་དགོས་པ་རྒྱལ་བའི་བཀའ་རིན་པོ་ཆེ་ཐེག་པ་རིམ་པ་མངོན་དུ་བཤད་པའིཔའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས་ལྷ་ནི་ཕྱི་པས་ཡེ་ཤེས་སེམས་དཔའ་རྗེ་བོའི་ཚུལ་དུ་དམིགས་ཏེ། དེ་ལ་མཆོད་ཅིང་བསྟོད་པས་དེ་མཉེས་ནས། བདག་དམ་ཚིག་སེམས་དཔའ་ལ་དངོས་གྲུབ་དང་འབྲས་བུ་ཚུར་གསོལ་བ་སྟེ། གཞན་ལ་རེ་བ་ལས་མ་ཤེས་སོ། །ནང་པ་ནི་ལྷ་དང་ལྷ་མོའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་པ། བདག་ཉིད་ལས་མི་གཞན་པ་ཡིན་པ་ལ་ཡིན་པར་བསྒོམ་སྟེ། མཆོད་པ་ལ་སོགས་པ་བདག་ཉིད་ཆེན་པོར་མཆོད་ནས། དངོས་གྲུབ་དང་འབྲས་བུ་གཞན་ནས་མི་འཚོལ་ཏེ། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལས་འབྱུང་བའོ།། ཞེས་གསུངས་པས་ངེས།
      གང་ལྟར་བོན་རང་ལུགས་ལ་སེམས་དཔའ་སུམ་བརྩེགས་ཡོད་པའི་གཞུང་ཡིན་ན་སྔགས་ནང་མའི་གཞུང་ཡིན་པས་ཁྱབ་ལ་སྔགས་ནང་མའི་གཞུང་ཡིན་ན་སེམས་དཔའ་སུམ་བརྩེགས་ཀྱི་བསྟན་དོན་དངོས་སུ་གྲུབ་པས་མ་ཁྱབ་པར་སྣང་བའོ།།

༢༠༡༡་༡༢་༢༢ཉིན་རང་དགོན་ནས་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག