༄༅། །གཡུང་དྲུང་བོན་གྱི་བསྟན་པའི་འཇུག་སྒོ་དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་ཡིན་ཏེ། མཛད་མདོ་འབྲིང་པོ་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང༌། དྲང་དོན་ལས། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་གསུངས་པ་ལྟར་རོ། །དེས་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པའི་འགྲོ་བ་ཀུན་ཐར་པ་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ལམ་གྱི་གཞི་རྩ་སྐྱབས་འགྲོའི་ཉམས་ལེན་ལ་འཇུག་ཚུལ་ནི། ཐོག་མར་རང་ངམ་གཞན་གྱི་འཁོར་བའི་སྡུག་བསྔལ་གྱི་འཇིག་པ་ལ་སྐྲག་པའི་ངེས་འབྱུང་དང༌། དེ་ལས་བསྐྱབ་འདོད་ཀྱི་སྙིང་རྗེ། སྐྱབས་གནས་ལ་ཡིད་ཆེས་པའི་དད་པ་གསུམ་གྱིས་ཀུན་ནས་བསླང་སྟེ། མདུན་གྱི་ནམ་མཁར་ཉི་ཟླ་པད་མའི་གདན་ལ་རྩ་བའི་བླ་མ་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་བསྒོམ། དེ་ཡང་སྐུ་སྣང་ལ་རང་བཞིན་མེད་པ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ། དེའི་དབུ་ཐོག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་དུ་མཐོ་བརྩེགས་སུ་བཞུགས་པ། དེ་ལ་ཕྱོགས་བཅུའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་སྤྲིན་བཏིབས་པ་ལྟར་བཞུགས་པ། དེ་དག་གི་དྲུང་དུ་བདག་ལུས་སྟོང་གསུམ་གྱི་རྡུལ་ཕྲན་ཙམ་དུ་གྱུར་ནས་དེ་དག་རེ་རེས་ཀྱང་དུས་གསུམ་དྲིན་ཆེན་ཕ་མ་སྡང་དགྲ་གནོད་བགེགས་ཀྱི་གཙོར་བྱས་པའི་སྐྱེ་འགུལ་སེམས་ཅན་མང་པོས་སྣ་དྲངས་ཏེ་དད་མོས་གུས་པའི་སྒོ་ནས་ཕྱག་འཚལ་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བར་འགྱུར་བ་དང༌། ས་ཐང་མེ་ལོང་འདྲ་བའི་སྟེང་དུ་རྐང་གཉིས་བཤིབ་ནས་བརྫིས་པ་ནི་ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས་པའི་བརྡ། ལག་གཉིས་ཡར་བཀྱགས་པས་སོར་བཅུ་མཆོད་འབུལ་གྱི་ལྷ་མོ་བྱེ་བ་ས་ཡས་སྐྱབས་ཡུལ་རྣམས་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་ཤིང་དགྱེས་ནས་བདག་སོགས་ཕ་མའི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པར་འགྱུར་ཞིང༌། ཐལ་མོ་སྤྱི་བོར་སྦྱར་བ་ནི་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱང་བའི་བརྡ། ཐལ་མོ་མགྲིན་པར་སྦྱར་བ་ནི་ངག་གི་སྒྲིབ་པ་སྦྱང་བའི་བརྡ། ཐལ་མོ་ཐུགས་ཀར་སྦྱར་བ་ནི་ཡིད་ཀྱི་སྒྲིབ་པ་སྦྱང་བའི་བརྡ། ལག་མཐིལ་ཁ་ཕྱེས་པས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་སེམས་ཅན་རྣམས་ལ་ཕོག་པས་བདེ་བར་གཤེགས་པའི་ཐུགས་རྗེས་འཛིན་ཞིང་དགེ་བའི་བར་ཆོད་ཞི་བ་དང༌། ལུས་དྲང་པོ་ཤད་དེ་བསྲང་བས་སྐྱེ་བའི་སྡུག་བསྔལ་ཞི། ལུས་གུས་པར་སྒུར་བས་རྒས་པའི་སྡུག་བསྔལ་ཞི། ཡན་ལག་དང་པུས་མོ་ས་ལ་གཏུགས་པས་ན་བའི་སྡུག་བསྔལ་ཞི། ཐོད་པ་ས་ལ་གཏུགས་པས་འཁྲུལ་སྣང་རྩད་ནས་ཆོད་དེ་འཆི་བའི་སྡུག་བསྔལ་ཞི། མཐིལ་བཞི་ས་ལ་བརྫིས་པས་བདུད་བཞི་ཟིལ་གྱིས་གནོན་པར་འགྱུར་བའོ། །དེ་ལྟར་ལུས་ཕྱག་ཡན་ལག་ལྔ་ལྡན་གྱིས་ཕྱག་བྱ་ཞིང༌། ངག་ཕྱག་སྤྲོ་དགའི་དབྱངས་དང་བཅས་ཏེ་ཚིག་བཤད་འདི་ལྟར་བརྗོད།
གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ། །
དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན། །
སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། །
ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན། །
གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ། །
ཞེས་བརྗོད་ལ། ཡིད་ཕྱག་རྩེ་གཅིག་མོས་འདུན་གྱི་སྒོ་ནས་སྐྱབས་གནས་ལ་ཁྱོད་ཤེས་ཁྱོད་མཁྱེན་གྱི་བློ་གཏད་ཏེ་འཇིགས་པ་སེལ་བའི་ཐབས་ལ་འཇུག་པར་བྱའོ། །དེ་ལྟར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་གསོལ་བ་དང་སྐྱབས་གནས་རྣམས་ཀྱི་གནས་གསུམ་ནས་ཨ་ཨཱོ་ཧཱུྃ་གསུམ་འཕྲོས་ཏེ་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་མཆོག་ཐུན་དངོས་གྲུབ་མ་ལུས་པ་ཐོབ་ནས་སེམས་ཅན་ཐམས་ཅད་ཐར་པ་བདེ་བ་ཆེན་པོའི་ས་ལ་འཁོད་པར་བསམ་མོ། །
སྐྱབས་འགྲོའི་བསླབ་བྱ་ནི། བླ་མ་ལ་སྐྱབས་སུ་སོང་ན་སྐྱེ་བོ་དྲེག་པ་ཅན་ལ་སྨོན་པ་མི་འབུལ། སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་སྐྱབས་གནས་སུ་ཁས་མི་ལེན། བོན་ལ་སྐྱབས་སུ་སོང་ན་རང་གཞན་གྱི་གྲུབ་མཐའ་གང་ལའང་མི་སྨོད་ཅིང༌། སེམས་ཅན་ལ་གནོད་འཚེའི་བསམ་པ་སྤང་སྟེ། ཞལ་སྐྱིན་གྱི་རྟེན་གསུམ་ལ་འགོམ་ཡུག་མི་བྱ། གཤེན་རབ་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་སོགས་ལྟ་བ་ལོག་པ་དང་སྡིག་པ་ཅན་གྱི་གྲོགས་པོ་མི་བསྟེན་པའོ། །སྐྱབས་སུ་མ་སོང་བའི་སྐྱོན་ནི། ཕྱི་ནང་གསང་བའི་བདུད་རྣམས་ཀྱིས་དང་པོ་བསམ་པ་ལ་བར་དུ་གཅོད། བར་དུ་དགེ་བ་ལ་བར་དུ་གཅོད། ཐ་མ་ཚེ་ལ་བར་དུ་གཅོད། མཐར་ངན་སོང་གསུམ་གྱི་གནས་སུ་འཕེན་པར་བྱེད་དོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི། ཕྱི་ནང་གསང་བའི་བར་ཆོད་གང་གིས་ཀྱང་མི་ཚུགས་ཤིང༌། མཐར་ཐུག་བླ་ན་མེད་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བའོ། །
ཐ་ཚན་མུ་ཙུག་སྨར་རོ། ། ༢༠༠༣།༩།༢༦ ཉིན་བྲིས་པ་ཞིག།