ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས།
སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས།
[རྩོམ་གྱི་ཡོང་ཁུངས། སྤུ་བླ་སྐལ་བཟང་གི་ཟིན་བྲིས།] [རྩོམ་པ་པོ། ༧ཀུན་མཁྱེན་ཉི་མ་བསྟན་འཛིན།] [ཟླ་ཚེས། 12-07-14] [ཀློག་གྲངས། ]

དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉི་འོད་ཅེས་བྱ་བ་བཞུགས་སོ།།

སྐྱབས་གནས་མཆོག་གྱུར་གཡུང་དྲུང་གནས་བཞི་ལ།།

སྒོ་གསུམ་གུས་པ་ཆེན་པོའི་ཕྱག་བགྱིས་ནས།།

བོན་སྤྱོད་གཙོ་བོ་སྐྱབས་འགྲོའི་རིམ་པ་ཡི།།

རྣམ་བཤད་རབ་གསལ་ཉི་འོད་དིང་འདིར་སྤྲོ།།

      ༄༅།། འདིར་སྐྱབས་ཡུལ་གྱི་རྣམ་བཞག་ཉུང་བསྡུས་བསྟན་པ་ལ་བདུན་ཏེ། དང་པོ་སྐྱབས་སུ་འགྲོ་བའི་རྒྱུ་དང༌། སྐྱབས་འགྲོའི་ངོ་བོ་དང༌། སྐྱབས་འགྲོའི་དབྱེ་བ། སྐྱབས་ཡུལ་གྱི་རང་བཞིན། སྐྱབས་སུ་འགྲོ་བའི་བསླབ་བྱ། སྐྱབས་སུ་མ་སོང་བའི་སྐྱོན། སྐྱབས་སུ་སོང་བའི་ཕན་ཡོན་བཤད་པ་དང་བདུན་ནོ།། དང་པོ་སྐྱབས་སུ་འགྲོ་བའི་རྒྱུ་ནི། རང་ངམ་གཞན་གྱི་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལ་སྐྲག་པའི་ངེས་འབྱུང་དང༌། དེ་ལས་སྐྱོབས་འདོད་པའི་སྙིང་རྗེ་དང༌། སྐྱབས་གནས་ལ་ཡིད་ཆེས་པའི་དད་པ་ནི། སྐྱབས་སུ་འགྲོ་བའི་རྒྱུ་ཡིན་ཏེ། སུམ་བརྒྱ་པ་ལས། ལུས་ཅན་གང་ཞིག་སྡུག་བསྔལ་མཐོང་བ་ཡི། འཇིགས་པ་དེ་ལས་སྐྱོབས་པར་འདོད་པའི་བློས། སྐྱབས་གནས་ཁྱད་པར་བྱེད་པ་སངས་རྒྱས་སོགས། ནུས་པའི་ཡོན་ཏན་ངེས་པས་སྐྱབས་སུ་འཛིན། ཞེས་སོ། །དེ་ཡང་ཚིག་རྐང་ཕྱི་མ་གཉིས་ཀྱིས་སྐྱབས་ཡུལ་ཁྱད་པར་ངོས་བཟུང་སྟེ་བསྟན་པ་ཡང་ཡིན་ནོ།།

      གཉིས་པ་ནི། ཡུལ་ཁྱད་པར་ཅན་གྱིས་ཟིན་པས་འཇིགས་པ་སེལ་བའི་ཐབས་ལ་འཇུག་པ་དེ་ཡིན་ཏེ། ས་ལམ་ལས། ཡུལ་གྱིས་ཟིན་པས་འཇིགས་པ་སེལ། སྐྱབས་སོང་ཙམ་དང་ཁྱད་པར་ཅན། ཞེས་སོ།། གསུམ་པ་ལ། མཚན་གཞིའི་སྒོ་ནས་དབྱེ་བ་དང༌། ཡུལ་གྱི་སྒོ་ནས་དབྱེ་བ་དང༌། རྟེན་གྱི་སྒོ་ནས་དབྱེ་བ་དང༌། དུས་ཀྱི་སྒོ་ནས་དབྱེ་བ་དང༌། ཐོབ་ཚུལ་གྱི་སྒོ་ནས་དབྱེ་བའོ། དང་པོ་ལ། སྐྱབས་འགྲོ་ཙམ་དང་ཁྱད་པར་ཅན་གཉིས། དང་པོ་ནི། ལམ་དུ་མ་ཞུགས་སོ་སོའི་སྐྱེ་བོ་ཡི་རྒྱུད་ཀྱི་སྐྱབས་འགྲོའི་སྡོམ་པ་ལྟ་བུའོ།། དེར་སྐྱབས་འགྲོའི་སྡོམ་པ་ཡོད་དེ། སེམས་བསྐྱེད་ཀྱི་སྡོམ་པ་སྐྱབས་འགྲོའི་སྡོམ་པ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར་ཏེ། དྲང་དོན་མུན་སེལ་ལས། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་སོ།། གཉིས་པ་ནི། ལམ་ཞུགས་སྐྱེས་བུའི་རྒྱུད་ཀྱི་སྐྱབས་སྡོམ་ལྟ་བུའོ།། གཉིས་པ་ལ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བའམ། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་སྐྱབས་སུ་འགྲོ་བ་གསུམ་དུ་དབྱེ་བའོ། །གསུམ་པ་ལ་ཐེག་དམན་ལུགས་ཀྱི་སྐྱབས་འགྲོ་དང༌། ཐེག་ཆེན་ལུགས་ཀྱི་སྐྱབས་འགྲོ་གཉིས་སུ་ཡོད་དེ། ས་ལམ་ལས། རྟེན་ནི་ཐེག་པ་ཆེ་ཆུང་གཉིས། ཞེས་སོ། དང་པོ་ནི། རང་དོན་ཁོ་ནར་དམིགས་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། གཉིས་པ་ནི། རང་གཞན་མཐའ་དག་འཁོར་བའི་འཇིགས་ལས་སྐྱོབས་ཕྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། བཞི་པ་ལ་ཇི་སྲིད་འཚོ་བའི་བར་དུ་དང༌། བྱང་ཆུབ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་གཉིས་སུ་ཡོད་དེ། དེ་ཉིད་ལས། དུས་ནི་ཇི་སྲིད་འཚོ་དང་ནི། སྙིང་པོ་བྱང་ཆུབ་ཐོབ་ཀྱི་བར། ཞེས་པ། དང་པོ་ནི། སོ་ཐར་གྱི་སྡོམ་པའི་ཁྱད་པར་དུ་བྱས་པའི་སྐྱབས་སྡོམ་ལྟ་བུ། གཉིས་པ་ནི། བྱང་སྡོམ་གྱི་ཁྱད་པར་དུ་བྱས་པའི་སྐྱབས་འགྲོའི་སྡོམ་པ་ལྟ་བུའོ། །ལྔ་པ་ལ། ཆོ་ག་སོགས་རགས་པ་བརྡའ་ལས་བླང་བའི་སྐྱབས་འགྲོ་དང༌། བོན་ཉིད་ལས་ཐོབ་པའི་སྐྱབས་འགྲོ་གཉིས་སུ་ཡོད། དེ་ཉིད་ལས། བླང་དང་བོན་ཉིད་ལས་ཐོབ་པ། དང་པོ་བ་དང་འཇིག་རྟེན་འདས། ཞེས་མཚན་གཞིར་སྦྱར་ཏེ་གསུངས་པའི་ཕྱིར།

      བཞི་པ་སྐྱབས་ཡུལ་གྱི་རང་བཞིན་བཤད་པ་ལ། སྐྱབས་ཡུལ་དངོས་བསྟན་པ་དང༌། དེ་ལ་ལོག་རྟོག་སྤོངས་པ་གཉིས། དང་པོ་སྐྱབས་ཡུལ་དངོས་བསྟན་པ་ལ། བཤད་ཚུལ་དུ་མ་ཡོད་ཀྱང༌། སེམས་ལུང་གསལ་བའི་སྒྲོན་མེ་དང༌། དྲང་དོན་མུན་སེལ་སྒྲོན་མ་ལ་སོགས་རྫོགས་ཆེན་སྔགས་སེམས་ཀྱི་བོན་སྐོར་རྣམས་དང༌། རྗེ་རིན་པོ་ཆེ་ཡི་མཛད་པའི་གསང་དོན་རྣམ་པར་འབྱེད་པའི་ལྡེ་མིག་རྣམས་ཀྱི་དགོངས་དོན་ལྟར་ན། ཕྱི་ནང་གསང་བ་ཡང་གསང་གི་སྐྱབས་ཡུལ་དང་བཞི་རུ་གསུངས་པའི། ཕྱི་ཡི་སྐྱབས་ཡུལ་གཡུང་དྲུང་གནས་བཞི། ནང་གི་སྐྱབས་ཡུལ་དམིགས་པ་སྒོ་བཞི། གསང་བའི་སྐྱབས་ཡུལ་ཕྱག་རྒྱ་གཟེར་བཞི། ཡང་གསང་གི་སྐྱབས་ཡུལ་ཤེས་རབ་རྒྱུན་བཞིའོ། དང་པོ་ནི། སྐྱབས་ཀྱི་ཡུལ་མཆོག་དང་པོ་སྐུ་གསུམ་འབྱུང་གནས་བླ་མ་དང༌། ཡུལ་མཆོག་གཉིས་པ་སངས་རྒྱས་དཀོན་མཆོག་དང༌། ཡུལ་མཆོག་གསུམ་པ་བོན་དཀོན་མཆོག་དང༌། ཡུལ་མཆོག་བཞི་པ་གཤེན་རབ་སེམས་དཔའ་དཀོན་མཆོག་དང་བཞིའོ། དེ་ལྟར་སྐྱབས་གནས་གཡུང་དྲུང་གནས་བཞི་དེ་དག་སྐྱབས་ཡུལ་དུ་དཀོན་ཞིང༌། མཆོག་ཏུ་གྱུར་པའི་རྒྱུ་མཚན་དཔེ་དོན་རྟགས་གསུམ་ཚང་པའི་སྒོ་ནས་ཅུང་ཙམ་བཤད་པ་ལ། ཡུལ་མཆོག་དང་པོ་བླ་མ་ལ། དཔེ་ནི། འགྲོ་བ་ཀུན་གྱི་སྐྱབས་གནས་སུ་དབུ་ཡི་གཙུག་གཏོར་གྱི་རྒྱན་དུ་དཀོན་པ་ཡི་སྨོན་ལམ་གང་བཏབ་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཤིན་ཏུ་དཀའ་ཞིང་དཀོན་པས་ན་དཀོན་ཞེས་པའོ། དོན་ནི་འཁོར་བ་ཡི་རྩ་བ་མ་རིག་པས་བསྐྱེད་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཤེས་མུན་ཐམས་ཅད་སེལ་བར་མཛད་ཅིང༌། ཡང་དག་པའི་སྣང་བ་རབ་ཏུ་གསལ་བར་བྱེད་པ་ལ། སྲིད་པའི་སྒྲོན་མ་ཞེས་ཉི་མ་དང་བོན་མཚུངས་པའི་ཕྱིར་ན་མཆོག་ཅེས་པའོ། རྟགས་ནི། དཔོན་གསས་བླ་མ་དེ་ཉིད། སྐུ་གསུམ་སངས་རྒྱས་ཐམས་ཅད་འབྱུང་བའི་གནས་ཡིན་པའི་ཕྱིར་ཏེ། གསས་མཁར་རིན་པོ་ཆེ་སྤྱི་སྤུང་སེམས་ལུང་གསལ་བའི་སྒྲོན་མེ་དང༌། རྫོགས་པ་ཆེན་པོ་དྲང་དོན་མུན་སེལ་སྒྲོན་མ་སོགས་མདོ་རྒྱུད་དུ་མ་ལས། ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན། མ་རིག་མུན་སེལ་སྣང་གསལ་སྒྲོན་མེའི་མཆོག སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་ལ། གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ། ཞེས་གསུངས་པའི་ཕྱིར་རོ། གཞན་ཡང་བླ་མ་དཀོན་མཆོག་ལས་སྐུ་གསུམ་འབྱུང་བའི་རྒྱུ་མཚན་ཡོད་དེ། ལུང་ལས། གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ། ཞེས་དང༌། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། སྤྱིར་ནི་དུས་གསུམ་བདེ་བར་གཤེགས། སྔ་རབས་འདས་དང་ཕྱི་རབས་བྱོན། ད་ལྟ་བཞུགས་དང་འགྲོ་དོན་མཛད། འདུལ་བྱ་ཕྲིན་ལས་ཞིང་ཁམས་བཀོད། འགྲོ་བའི་དཔལ་དུ་གྱུར་པ་རྣམས། བྱོན་ཚུལ་བླ་མ་དག་ལ་བསྟེན། མཛད་ཚུལ་རང་མཐུན་ཆ་ལུགས་མཛད། དེས་ན་འགྲོ་བའི་དོན་དུ་བྱོན། བླ་མ་མེད་པའི་གོང་རོལ་ནས། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་པ་སྟོང་གི་སངས་རྒྱས་ཀྱང༌། བླ་མའི་གཟུགས་སུ་བསྟན་ཏེ་བྱོན། དེ་ཕྱིར་བླ་མ་གཙོ་རུ་ཆེ། ཞེས་གསུངས་པའི་ཕྱིར། ཞེས་ངོ་བོའི་སྒོ་ནས་བསྒྲུབས་པའོ།།

       རྒྱུ་འབྲས་ཀྱི་སྒོ་ནས་བླ་མ་ལས་སྐུ་གསུམ་འབྱུང་བ་ཡིན་པར་སྒྲུབ་ཚུལ་ཡོད་དེ། བླ་མའི་ཐབས་གདམས་ངག་ལ་བརྟེན་ནས་རྗེས་འཇུག་སྐལ་ལྡན་རྣམས། སྨིན་ཞིང་གྲོལ་ཏེ་སྐུ་གསུམ་སངས་རྒྱས་ཐོབ་དགོས་པའི་ཕྱིར་རོ། དཔོན་གསས་ཞེས་པའི་དོན་ནི་གདུལ་བྱ་སྨིན་གྲོལ་ལམ་ལ་འཁོད་པའམ། རྗེས་སུ་འཛིན་པ་ལ་དཔོན་དུ་གྱུར་ཞིང༌། གསས་མཁར་སུམ་བརྒྱ་དྲུག་ཅུའམ་ཕྱི་ནང་གསང་བའི་གསས་མཁར་གང་ལ་འཇུག་པ་དེ་ཉིད་ལ་ཕུལ་དུ་ཕྱིན་ཞིང་བདག་ཉིད་གྱུར་པས་དཔོན་གསས་ཞེས་བྱ་ཞིང༌། བླ་མ་ནི་ཀུན་གྱི་མགོན་སྐྱབས་བླ་རུ་བསྐུར་བར་འོས་པ་དང༌། མ་ནི་རྗེས་འཇུག་པ་དེ་ཉིད་ལ་ཕུལ་དུ་ཕྱིན་ཞིང་བདག་ཉིད་གྱུར་པས་མ་བུ་གཅིག་གི་མ་ལྟར་བྱམས་བརྩེ་དང་ལྡན་པའི་སྒྲ་དོན་ནོ། དེ་ལ་མཚན་ཉིད་ནི། སྐྱབས་ཀྱི་ཡུལ་མཆོག་གང་ཞིག རྩ་བ་དང་བརྒྱུད་པས་བསྡུས་པའི་ལྷག་པའི་དྲིན་ཅན་དེ། བླ་མ་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། རྩ་བའི་བླ་མ་དང་དེ་ལ་བྱིན་གྱིས་རླབས་པའི་ཁུང་གི་སྟོན་པ་མན་ཆོད་ཀྱི་བླ་མ་རྣམས་སོ། ཡུལ་མཆོག་གི་གཉིས་པ་སངས་རྒྱས་དཀོན་མཆོག་ལ། དཔེ་ནི། ཉིན་མོའི་སྐར་མ་མཐོང་བ་ལྟ་བུ། ཐུགས་རྗེའི་འབྱུང་གནས་འདི་ཉིད་ཤིན་ཏུ་འབྱུང་བར་དཀའ་ཞིང་དཀོན་པས་ན་དཀོན་ཞེས་པའོ། དོན་ནི་འགྲོ་རྣམས་ཐར་པའི་ལམ་སྒོ་བྱེད་པར་བྱེད་པ་ལ། སྔར་ཕྱིན་མྱོང་གི་ལམ་མཁན་ལ་རྒྱུས་ཡོད་པ་དང་བོན་མཚུངས་པས་མཆོག་ཅེས་བའོ།།

      རྟགས་ནི་འདས་མ་འོངས་ད་ལྟ་དུས་གསུམ་གང་རུང་འགྲོ་དོན་མཛད་ཕྱིར། བདེ་བ་ཆེན་པོའི་སངས་རྒྱས་ཀྱི་སྐུར་གཤེགས་པ་སངས་རྒྱས་དཀོན་མཆོག་ནི། མ་ལུས་འགྲོ་བར་རིགས་དྲུག་བར་དོ་བཅས་པའི་མགོན་དང་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར་ཏེ། ལུང་ལས། ཉིན་སྐར་ལྟ་བུ་ཐུགས་རྗེའི་འབྱུང་གནས་དཀོན། ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག འགྲོ་བའི་མགོན་སྐྱབས་དུས་གསུམ་བདེར་གཤེགས་ལ། གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། ཞེས་གསུངས་པའི་ཕྱིར། སངས་རྒྱས་དཀོན་མཆོག་དེའི་མཚན་ཉིད་ནི། སྐྱབས་ཀྱི་ཡུལ་མཆོག་གང་ཞིག ཐོབ་བྱ་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། བོན་སྐུ་ལོངས་སྐུ་རྒྱལ་བ་ཞི་ཁྲོ་སྤྲུལ་སྐུ་བསྐལ་བཟང་སངས་རྒྱས་སྟོང་ལྟ་བུའོ། ཡུལ་མཆོག་གསུམ་པ་བོན་དཀོན་མཆོག་ལ། དཔེར་ན་བར་སྣང་ལ་གཞའ་ཚོན་བཀྲ་བ་ལྟ་བུ་སྣང་ཞིང་སྲིད་པས་བསྡུས་པའི་འཇིག་རྟེན་ཡོན་ཏན་གྱིས་མཛེས་པར་བྱེད་པའི་རྒྱན་དུ་འབྱུང་བར་དཀའ་ཞིང་དཀོན་པས་ན་དཀོན་ཞེས་པའོ། དོན་ནི་སེམས་ཅན་ཉོན་མོངས་པས་སྒྲིབ་ནས་མི་ཤེས་རིགས་ཅན་ལྐུགས་པའི་རང་བཞིན་དུ་གནས་པ་ཐམས་ཅད་ཀྱི་སྨྲ་བའི་ཁ་ཡོངས་སུ་འབྱེད་པ་ལ། རྣམ་པར་གྲོལ་བ་འཕྲུལ་གྱི་ལྡེ་མིག་དང་བོན་མཚུངས་པའི་ལྗགས་ལྟ་བུ་དང་ལྡན་པས་ན་མཆོག་ཅེས་པའོ། རྟགས་ནི་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བོན་དཀོན་མཆོག་ཅེས་པ་ནི་སངས་རྒྱས་ཀྱི་སྐུ་རྟེན་ཞལ་སྐྱིན་སྐུའི་གཟུགས་བརྙན་དང༌། ཐུགས་རྟེན་སྐུའི་གདུང་སོབ་རིང་བསྲེལ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་དང༌། གསུང་རྟེན་རྒྱལ་བའི་བཀའ་དང་བཀའ་བརྟེན་ལ་སོགས་གསུང་རབ་རྣམས་དང༌། རྟོགས་པའི་བོན་ཐར་ལམ་ལྔ་གསུམ་བཅོ་ལྔ་དང༌། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་རྣམས་ནི། སངས་རྒྱས་ཀྱི་བསྟན་པ་སྲིད་པ་གསུམ་ལ་རྒྱལ་བའི་མཚན་རྟགས་སངས་རྒྱས་ཀྱི་བསྟན་པ་དངོས་ཡིན་པའི་ཕྱིར་ཏེ། ལུང་ལས། གཞའ་ཚོན་ལྟ་བུ་སྣང་སྲིད་རྒྱན་དུ་དཀོན། ལྐུགས་པ་ཁ་འབྱེད་གྲོལ་བའི་ལྗགས་ཀྱི་མཆོག བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ། གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། ཞེས་གསུངས་པའི་ཕྱིར། དེའི་མཚན་ཉིད་ནི། སྐྱབས་ཀྱི་ཡུལ་མཆོག་གང་ཞིག སངས་རྒྱས་ཀྱི་བསྟན་པར་གྱུར་པ་དེ། བོན་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་བོན་སངས་རྒྱས་ཀྱི་བཀའ་དང་བཀའ་བརྟེན་ལ་སོགས་ལུང་གི་བོན་རྣམས་དང༌། བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་སངས་རྒྱས་ཀྱི་སྐུ་གདུང་དང་ཞལ་སྐྱིན་སྐུ་གཟུགས་དང༌། རྟོགས་པའི་བོན་ཐར་ལམ་ལྔ་གསུམ་བཅོ་ལྔ་དང༌། ལམ་མ་ཞུགས་ཀྱི་སྐྱེས་བུའི་རྒྱུད་ཀྱི་བསླབ་པ་རིན་པོ་ཆེ་རྣམ་གསུམ་ལྟ་བུའོ། སྐབས་འདིར་རང་སྡེ་ཁ་ཅིག་གཞན་སྡེའི་རྗེས་སུ་འབྲང་ཏེ། རྟོགས་པའི་བོན་ཁོ་ན་ལ་བོན་དཀོན་མཆོག་ཏུ་ངོས་འཛིན་པ་ནི། རང་ལུགས་དང་འགལ་ཞིང། ཐོས་ཆུང་ཁ་ཅིག སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། ཞེས་པས། རྟོགས་པའི་བོན་རྣམས་དཀོན་མཆོག་མིན་ནོ་ཞེ་ན། མི་འཐད་དེ་རྟོགས་པའི་བོན་རྣམས་ལ་མཚན་མེད་གྱི་གསུང་རབ་ཅེས་སྒྲ་བཤད་དུ་ཡོད་པའི་ཕྱིར་རོ། ཡུལ་མཆོག་བཞི་པ་གཤེན་རབ་བམ་སེམས་དཔའ་དཀོན་མཆོག་ལ། དཔེ་ནི་སངས་རྒྱས་བྱོན་པའི་སྔ་ལྟས་མེ་ཏོག་ཨུ་དུ་འབར་བ་ལྟ་བུ་འཇིག་རྟེན་ཁམས་ན་དཀར་པོ་དགེ་ལ་མོས་འདུན་རབ་ཏུ་ཆེ་ཞིང་ཡིད་གཞུང་བར་སྤྱོད་པ་ཤིན་ཏུ་དཀའ་ཞིང་དཀོན་པས་ན་དཀོན་ཞེས་པའོ། དོན་ནི་སེམས་ཅན་གྱི་མི་ཤེས་རྨོངས་པའི་བློ་ཡི་སྦྲམ་བུ་ལ། མ་རིག་བག་ཆགས་མཐུག་པོའི་ཐ་རམ་གཏམས་པའི་སྒོ་ཡོངས་སུ་འབྱེད་པར་བྱེད་པ་ལ། སངས་རྒྱས་ཀྱི་སྒྱུ་འཕྲུལ་ལས་བྱུང་བའི་ཐབས་ཀྱི་ལྡེ་མིག་དང་བོན་མཚུངས་པའི་མཆོག་ཡིན་པས་ན་མཆོག་ཅེས་པའོ། རྟགས་ནི་ཕྱོགས་བཅུ་ན་བཞུགས་པའི་གཤེན་ཙམ་གྱི་ནང་ནས་རབ་ཏུ་གྱུར་པའི་གཤེན་རབ་ནུས་པའི་ཕྱིར་ཏེ། ལུང་ལས། ཨུ་འབར་ལྟ་བུ་དགེ་ལ་འདུན་བྱེད་དཀོན། བློ་སྒྲམ་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་མཆོག འགྲོ་བའི་འདྲེན་སྟོན་ཕྱོགས་བཅུའི་གཤེན་རབ་ལ། གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། ཞེས་གསུངས་པའི་ཕྱིར་རོ། དེ་དག་གི་གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི་ཞེས་སོ། ལུས་ཀྱིས་སྐོར་ཕྱག ངག་གིས་བསྟོད་དབྱངས། ཡིད་ཀྱིས་གདུང་སེམས་ཏེ། སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༌། དང་ནི་དད་པའི་བྱེ་བྲག་སྟེ། དྭངས་པའི་དད་པ་ནོར་བུ་ཆུ་གདང་ཆུར་བཅུག་པ་ལྟ་བུའི་གསལ་ཞིང་རྙོག་པ་མེད་པས་ཁས་དམན་རྗེ་ལ་སྐྱབས་པ་ལྟར། བློ་ལིངས་ཀྱིས་འགེལ་བས་ལུས་ངག་ཡིད་གསུམ་གྱིས་སྐྱབས་སུ་མཆི་བར་བྱེད་དགོས་པ་ཡིན་ཏེ། སྐུ་མདུན་བསོད་ནམས་གཡུང་དྲུང་གིས་གསུངས་པའི་ལེགས་བཤད་ལམ་རིམ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། རྗེ་དཔོན་མྱུར་དུ་འཚོལ་བ་ལྟར། འཁོར་བའི་འཇིགས་ལས་སྐྱོབས་འདོད་ན། རིན་ཆེན་གསུམ་ལ་སྐྱབས་འཚོལ་ཞིག། ཅེས་གསུངས་པའི་ཕྱིར་རོ། དེའི་ངོ་བོ་ནི། སྐྱབས་ཀྱི་ཡུལ་མཆོག་གང་ཞིག། སངས་རྒྱས་ཀྱི་བསྟན་འཛིན་དུ་གྱུར་པ་དེ། གཤེན་རབ་དཀོན་མཆོག་གམ། སེམས་དཔའ་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ནི། ཐེག་ཆུང་ཉན་ཐོས། ཐེག་འབྲིང་རང་རྒྱལ། ཐེག་ཆེན་གཡུང་དྲུང་སེམས་དཔའ་སྟེ། ལམ་ཞུགས་ཀྱི་གང་ཟག་རྣམས་སོ། ས་མཚམས་དངོས་ནི། ཐེག་དམན་སྡེ་གཉིས་འཕགས་ལམ་དང༌། ཐེག་ཆེན་ལ་མོས་སྤྱོད་ཀྱི་ས་ཐོབ་པ་ཡན་ཆོད་ལ་འཇོག་པའོ། དེ་ལྟར་ཡུལ་མཆོག་ངོས་འཛིན་ལུགས་ནི། རྗེ་མཉམ་མེད་རིན་པོ་ཆེའི་སློབ་གྲོགས་ཚ་རོང་མཁས་གྲུབ་མུ་ལ་རིན་ཆེན་གྱི་དགོངས་བཞེད་ལྟར་འཐད་པར་མཐོང་ནས་བཀོད་པ་ཡིན་ཞིང༌། ལུང་གིས་ཀྱང་གྲུབ་སྟེ། རྒྱལ་བའི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། སྟོན་པ་བླ་མེད་སངས་རྒྱས་དང༌། དེས་གསུང་ཞལ་ནས་བཅུད་ཐིགས་པའི། སྐྱོབས་པ་བླ་མེད་བཀའ་རྒྱུད་དང༌། དེ་དག་བསྟན་པའི་གཉེར་འཛིན་པའི། འདྲེན་པ་བླ་མེད་སེམས་དཔའ་གསུམ། དེ་ལྟར་ཡིད་བཞིན་ནོར་བུ་ལྟར། བླ་ན་མེད་པ་དཀོན་པའི་མཆོག་ཅེས་དང༌། བྱམས་མ་འབུམ་ལྔ་ལས། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། ས་གསུམ་སྤང་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ། ཞེས་དང༌། འདིར་ས་གསུམ་ནི། ཐེག་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་འདོད་པའོ། གཞན་ཡང་ལམ་རིམ་ཆེན་མོ་རྗེ་བཙུན་ཡར་མེ་བས་མཛད་པའི་བཀའ་བརྟེན་སུམ་བརྒྱ་པ་ལས། ཐར་ལམ་གོ་འབྱེད་ཡང་དག་བདེན་པའི་བོན། བདེན་གཉིས་དོ་མཉམ་བོན་ལ་སྐྱབས་སུ་མཆི། སྒྲིབ་གཉིས་བྱང་སྦྱང་གཞན་གྱི་དོན་ལ་བརྩོན། གཤེན་རབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆི། ཞེས་གསུངས་པའི་དགོངས་དོན་ཡང་དེ་དང་མཚུངས་སོ། དེ་ནི་ཕྱི་ཡི་སྐྱབས་ཡུལ་ གཡུང་དྲུང་གནས་བཞིའི་རྣམ་བཤད་ཟུར་ཙམ་བསྟན་པའོ། གཉིས་པ་ནང་གི་སྐྱབས་ཡུལ་དམིགས་པ་སྒོ་བཞི་ནི། བླ་མ་སྤྱི་གཙུག་ཏུ་དམིགས་ན་བྱིན་བརླབས་འཇུག་པའི་སྒོ་དང༌། ཡི་དམ་རང་ལུས་ལ་དམིགས་ན་ནུས་སྟོབས་འབྱུང་བའི་སྒོ་དང༌། མཁའ་འགྲོ་དང་བོན་སྐྱོང་ཡུལ་ཐུག་འཕྲད་དུ་དམིགས་ན་དངོས་གྲུབ་འབྱུང་བའི་སྒོ་དང༌། སེམས་ཅན་མ་རུ་དམིགས་ན་འགྲོ་དོན་འབྱུང་བའི་སྒོ་དང་བཞི་ཡིན་ཏེ། གསང་དོན་རྣམ་འབྱེད་ལས། བླ་མ་སྤྱི་གཙུག་ཡི་དམ་ལུས། མཁའ་འགྲོ་ཐུག་འཕྲད་སྐྱབས་གསོལ་ཏེ། འགྲོ་ཀུན་ཉེ་བར་སྐྱབས་ལ་དམིགས། ཞེས་སོགས་གསུངས་པའི་ཕྱིར་རོ།།

      གསུམ་པ་གསང་བའི་སྐྱབས་འགྲོ་ཤེས་རབ་རྒྱུན་བཞི་ནི། བློ་གསལ་བ་ལ་མི་དམིགས་པ་ཤེས་རབ་ཀྱི་རྒྱུན་དང༌། ཐབས་གསལ་ལ་མི་དམིགས་པ་ཤེས་རབ་ཀྱི་རྒྱུན་དང༌། ཤེས་རབ་གསལ་ལ་མི་དམིགས་པ་ཤེས་རབ་ཀྱི་རྒྱུན་དང༌། དེ་དག་གང་དུ་ཡང་གསལ་ལ་མི་དམིགས་པ་ཤེས་རབ་ཆེན་པོའི་རྒྱུན་དང་བཞི་ཡིན་ཏེ། རྣམ་འབྱེད་ལས། གསང་བ་ཤེས་རབ་རྒྱུན་བཞི་ནི། བློ་གསལ་རིག་པ་སོ་སོ་གསལ། ཐབས་རྒྱ་མ་ཆད་ཤེས་རབ་ལ། མི་དམིགས་ཤེས་རབ་རྒྱུན་བཞིའོ། ཞེས་གསུངས་པའི་ཕྱིར་རོ། བཞི་པ་ཡང་གསང་གི་སྐྱབས་འགྲོ་ཕྱག་རྒྱ་གཟེར་བཞི་ནི། འབྱུང་བཞི་ནམ་མཁའི་ངང་དུ་རྒྱས་གདབ་སྟེ། ཕྱི་སྣོད་གཞལ་ཡས་གསལ་བ་ཕྱག་རྒྱའི་གཟེར་དང༌། སེམས་ཅན་སེམས་ཉིད་ཀློང་དུ་རྒྱས་གདབ་སྟེ། ནང་བཅུད་ལྷ་དང་ལྷ་མོར་གསལ་བ་ཕྱག་རྒྱའི་གཟེར་དང༌། བོན་ཅན་ཐམས་ཅད་བོན་ཉིད་ཀྱི་དབྱིངས་སུ་རྒྱས་གདབ་སྟེ། དྲན་རྟོག་སྤྲོས་བྲལ་ཁྱབ་བདལ་དུ་གསལ་བ་ཕྱག་རྒྱའི་གཟེར་དང༌། དུག་ལྔ་ཡེ་ཤེས་ལྔར་རྒྱས་གདབ་སྟེ། ཐམས་ཅད་གསལ་ལ་མ་གཡོས་སྣང་སྲིད་རང་གྲོལ་ཕྱག་རྒྱ་ཆེན་པོའི་གཟེར་དང་བཞི་ཡིན་ཏེ། བསྟན་པ་རྗེས་བཞག་གི་ལུང་ལས། མེ་ཆུ་ས་རླུང་འབྱུང་བ་ཀུན་ཏུ་བདལ། མུ་མཻད་ནམ་མཁའི་དབྱིངས་སུ་རྒྱས་གདབ་པས། གདལ་ཁྱབ་མི་འགྱུར་གཞལ་ཡས་ཕྱག་རྒྱས་གསལ། ལྷ་དང་ལྷ་མིན་མི་དང་པྲིང་རྒྱུད་དུད། སེམས་ཉིད་འགྱུར་བ་མེད་པའི་རྒྱ་གདབ་པས། སེམས་ཅན་ལྷ་དང་ལྷ་མོ་ཕྱག་རྒྱར་གསལ། བོན་ཅན་མཚན་མར་གསལ་བའི་ཉེས་པ་ཡང༌། བོན་ཉིད་མི་འགྱུར་བདལ་བའི་ཕྱག་རྒྱ་གསལ། དུག་ལྔ་སྲིད་པ་བདལ་བའི་ཉེས་པ་ཡང༌། ཡེ་ཤེས་ལྔ་རུ་གསལ་བའི་རྒྱ་ཡིས་གདབ། གསལ་ལ་མ་ཡེངས་སྣང་སྲིད་རང་གྲོལ་རྒྱ། ཞེས་གསུངས་པ་ལྟར་རོ། གཞན་ཡང་མདོ་སྔགས་ཟུང་འབྲེལ་གྱི་ལུགས་སུ་བྱས་ནས་ཕྱི་ནང་གསང་བའི་སྐྱབས་ཡུལ་དཀོན་མཆོག་གསུམ་དགུ་ཕྲུག་ཏུ་གསུངས་པ་ཡོད་དེ། རྫོགས་པ་ཆེན་པོ་དྲང་དོན་མུན་སེལ་སྒྲོན་མེ་ལས། ཕྱི་ནི་སངས་རྒྱས་བོན་དང་གཤེན་རབ་ལ། ལུས་ངག་ཡིད་གསུམ་མོས་བྱས་སྐྱབས་ཀྱི་རབ། ནང་གི་བླ་མ་ཡི་དམ་མཁའ་འགྲོ་ལ། གུས་འཇུག་མཉེས་པར་བྱ་བ་སྐྱབས་ཀྱི་རབ། གསང་བ་རྩ་དང་རླུང་དང་ཐིག་ལེ་ལ། རིག་པ་བྱང་ཆུབ་སེམས་ཀྱི་འགྲོ་ལྡོག་སྒོམ་པ་སྐྱབས་ཀྱི་རབ། ཞེས་གསུངས་པ་ཡང་འགྲེལ་དོན་ཕལ་ཆེར་གོང་དང་མཐུན་ཞིང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་སོ། སྐབས་འདིར་ཞོར་འབྱུང་དོགས་དཔྱོད་༼གཅོད༽ལ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་ལ་གང་དགོས་ཞེ་ན། འདི་ལ་རྣམ་དབྱེ་ཕྱེ་ནས་བཤད་དགོས་ཏེ། སྤྱིར་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ནི་སྐྱབས་འགྲོས་དབྱེ་བ་ཡིན་ཞིང༌། ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་སེམས་བསྐྱེད་ཀྱིས་དབྱེ་བ་ཡིན་ལ། སེམས་བསྐྱེད་ལའང༌། གཙོ་བོ་རང་དོན་དུ་དམིགས་པ་ནི། ཐེག་དམན་ལུགས་ཀྱི་སེམས་བསྐྱེད་ཡིན་ཞིང༌། གཙོ་བོ་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པ་ནི། གང་ཟག་གང་གི་རྒྱུད་ལ་ཡོད་ཀྱང་ཐེག་ཆེན་ལུགས་ཀྱི་སེམས་བསྐྱེད་ཡིན། དེས་ན་སྐབས་འདིར་ཐེག་པ་ཆེན་པོའི་ལུགས་གཞིར་བཞག་ལ། ཐེག་ཆེན་ལུགས་ཀྱི་སེམས་བསྐྱེད་ཙམ་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་དངོས་གཉིས། དང་པོ་ལམ་མ་ཞུགས་པ་ན་ཡང་ཡོད་ཅིང༌། སྐྱབས་འགྲོ་སོགས་དགེ་བ་གང་བྱས་པའི་སྔོན་དུ་ངེས་པར་འགྲོ་དགོས་པ་ཡིན་ཏེ། མཛད་མདོ་རྒྱས་པ་ལས། སྤྱིར་ཡང་བོན་རྣམས་ཐམས་ཅད་ལ། སེམས་བསྐྱེད་གཞི་དང་མ་ལྡན་ན། ཞིང་ས་ངན་པའི་ས་བོན་ལྟར། སྐམ་ལ་བབ་ནས་འབྲས་བུ་ཚིག མྱུ་གུ་འཁྲུངས་པར་ག་ལ་འགྱུར། ཞེས་དང༌། མཛད་མདོ་འབྲིང་པོ་གཟེར་མིག་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང༌། གཟུངས་ཆེན་ལས། ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས། ཞེས་གསུངས་པ་ལྟར་རོ། གཉིས་པ་ཐེག་ཆེན་སེམས་བསྐྱེད་དངོས་ནི། བྱང་ཆུབ་སེམས་དཔའ་པ་ཡི་སྡོམ་པ་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། བྱང་སྡོམ་གྱི་སྔོན་དུ་སྐྱབས་སྡོམ་འགྲོ་དགོས་པ་ཡིན་ཏེ། དྲང་དོན་མུན་སེལ་ལས། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེད། ཞེས་གསུངས་པའི་ཕྱིར། དེ་ལྟར་ང་རང་མཚན་ཉིད་པའི་ལུགས་ལ་ཐེག་ཆེན་ལྟ་བའི་ངོ་སྤྲོད་ནི། བྱང་སྡོམ་གྱི་ནང་ཚན་ཐེག་ཆེན་དོན་དམ་སེམས་བསྐྱེད་དུ་འདོད་པས། གཞི་ཁྲིད་སྔོན་འགྲོའི་སྐབས་སུ། བྲུ་རྗེ་འདུལ་བའི་དགོངས་བཞེད་ལྟར། སྐྱབས་འགྲོའི་སྔོན་དུ་སེམས་བསྐྱེད་གཏང་ན་ལེགས་སྙམས་ཏེ། མཁྱེན་ལྡན་རྣམས་ཀྱིས་དགོངས་དཔྱད་འཚལ་ལོ། གཉིས་པ་སྐྱབས་འགྲོའི་ལོག་རྟོག་སྤང་བ་ནི། སྐྱེ་བོ་ཕལ་བ་རྣམས་ནི། རི་དང་ནགས་ཚལ་སོགས་ལ་གནས་པའི་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་བ་ཡིན་ཀྱང༌། རྣམ་གྲོལ་དོན་གཉེར་གྱི་སྐྱབས་ཡུལ་མ་ཡིན་ཏེ། འཁོར་བའི་འཇིགས་ལས་སྐྱོབས་མི་ནུས་པའི་ཕྱིར། ལོ་པཎ་ཤ་རི་དབུ་ཆེན་གྱིས་མཛད་པའི་གཏན་ཚིག་གལ་མདོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། ཞེས་གསུངས་པའི་ཕྱིར། འོ་ན་ཕྱི་རྒྱུད་སོགས་ལས་འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་བར་བསྟན་པ་མི་རུང་ངམ་ཞེ་ན་སྐྱོན་མེད་དེ། དཀོན་མཆོག་ལ་ཡིད་མ་ཆེས། འཇིག་རྟེན་པའི་ལྷ་ལ་བློ་འགེལ་ན་མི་རུང་བ་ཡིན་གྱིས་གནས་སྐབས་སུ་དགེ་སྦྱོར་གྱི་བར་ཆད་བསལ་བ་དང༌། མཐུན་རྐྱེན་བསྒྲུབ་པ་དང༌། སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་གྲོགས་སུ་བཅོལ་བ་ལ་ཉེས་པ་མེད་དཻ། དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་བཅོལ་བ་བཏབ། སྨན་པ་ལ་ནད་གསོ་བའི་རེ་ལྟོས་འཆའ་བ་བཞིན་ནོ། དེས་ན་སྐྱབས་ཀྱི་དམ་པ་ནི། སྔར་བཤད་པའི་ཡུལ་མཆོག་གསུམ་མམ་བཞིར་ངེས་པ་ཡིན་ཏེ། དེ་ཡང་བླ་མ་དང་སངས་རྒྱས་སྐྱབས་གནས་སྟོན་པ་ལ་ཞུས་ཏེ། བསྟན་པའི་རྗེས་སུ་ཞུགས་དགོས་ཞིང༌། བོན་ལ་སྐྱབས་ནས་ལམ་དངོས་དང་བགྲོད་པའི་ཐབས་ཞུས་ཏེ། བོན་ལས་གསུངས་པའི་སྤངས་བླང་གི་གནད་རྣམས་འདོར་ལེན་ཚུལ་བཞིན་དུ་བསྒྲུབ་དགོས། གཤེན་རབ་སེམས་དཔའ་ལ་སྐྱབས་གནས་བསླབ་པའི་གྲོགས་ཞུས་ཏེ། བསྟན་པ་ལམ་དང་སྒྲུབས་པའི་གྲོགས་ཞུས་ཏེ། རྗེས་སུ་ཞུགས་ནས་སྒྲུབ་ཅིང་བརྟེན་ནས་ནི། ཡིད་མོས་བློ་གཏོད་གཞན་དུ་འགྱུར་བ་མིན་ཞེས་སོ། དེས་ན་མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་དཀོན་མཆོག་ཏུ་ངེས་ཤིང༌། ལུང་གི་བོན་རྣམས་ཀྱང་མཐར་ཐུག་གི་སྐྱབས་གནས་མ་ཡིན་ཏེ། མཐར་ཐུག་གི་རྟོགས་པ་ཐོབ་པར་བྱེད་པའི་ཐབས་ཙམ་ཡིན་པའི་ཕྱིར། ཐེག་དམན་ཐེག་ཆེན་སློབ་པའི་འགོག་བདེན་རྣམས་ཀྱང་དེ་མ་ཡིན་ཏེ། དེ་གཉིས་ཀྱང་རང་གི་ངོ་སྐལ་གྱི་སྤང་བྱ་ཅུང་ཟད་བྲལ་བའི་རབ་ཏུ་ཕྱེ་བ་ཙམ་དང༌། སྤང་རྟོགས་གོང་ནས་གོང་དུ་འཕེལ་དགོས་པས་བསླུ་བའི་བོན་ཅན་ལྟ་བུར་སྣང་བའི་ཕྱིར། ལམ་པའི་གཤེན་རབ་རྣམས་ཀྱང་དེ་མ་ཡིན་ཏེ། སྒྲིབ་གཉིས་ཅི་རིགས་པའི་འཇིགས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་སུམ་བརྒྱ་པ་ལས། སྐྱབས་གནས་ཁྱད་པར་བྱེད་པས་སངས་རྒྱས་ལ། ནུས་པའི་ཡོན་ཏན་ངེས་པར་སྐྱབས་སུ་འཛིན། ཞེས་གསུངས་པའི་ཕྱིར། དེ་རྣམས་ཀྱང་ངེས་དོན་དུ་ཐོབ་བྱར་གྱུར་པའི་མཐར་ཐུག་སྐྱབས་གནས་མ་ཡིན་ཞེས་པ་ཙམ་ལས། སྤྱིར་སྐྱབས་མཆོག་དམ་པ་མ་ཡིན་པར་བཤད་པ་མིན་པས། གོ་དོན་ཁྲོལ་བར་མཛོད་ཅིག

      ལྔ་པ་ཐུན་མོང་སྤྱིའི་དང༌། བྱེ་བྲག་སོ་སོའི་བསླབ་བྱ་གཉིས། དང་པོ་ནི། སྐྱབས་གནས་རྣམས་འདུག་པའི་དུས་སུ་སྤྱི་གཙུག་དང༌། འགྲོ་བའི་དུས་སུ་མདུན་གྱི་ནམ་མཁའ་དང༌། ཉལ་བའི་དུས་སུ་སྙིང་གི་དཀྱིལ་དུ་སྒོམ་ཞིང༌། སེམས་རྩེ་གཅིག་ཏུ་གཏད་དེ། བློ་ལིངས་ཀྱིས་བཀལ་ནས། རབ་ཀྱིས་རྒྱུན་ཆད་མེད་པ་དང༌། འབྲིང་དུས་དྲུག་དུས་བཞི། ཐ་མའང་ནང་ནུབ་ལ་སོགས་ལ་ཅི་ལྕོགས་ཀྱིས་སྐྱབས་སུ་འགྲོ་བར་བྱའོ། གཉིས་པ་སྤང་པར་བྱ་བ་དང༌། བསྒྲུབ་པའི་བསླབ་བྱ་གཉིས། དང་པོ་ནི་བླ་མ་ལ་སྐྱབས་སུ་སོང་ན། སྐྱེ་བོ་དྲེགས་པ་ཅན་ལ་སྨོན་པ་མི་འབུལ་བ་དང༌། སངས་རྒྱས་ལ་སྐྱབས་སུ་སོང་ན། དབང་ཕྱུག་ཆེན་པོ་སོགས་འཇིག་རྟེན་གསུམ་ལ་གནས་པའི་ལྷ་ལ་སྐྱབས་སུ་ཁས་མི་ལེན་པ་དང༌། བོན་ལ་སྐྱབས་སུ་སོང་ན། སེམས་ཅན་ལ་གནོད་འཚེའི་བསམ་པ་སྤང་ཞིང་ཞལ་སྐྱིན་གྱི་རྟེན་གསུམ་ལ་སྨད་པ་དང་འགོམ་ཡུག་མི་བྱ། གཤེན་རབ་ལ་སྐྱབས་སུ་སོང་ན། མུ་སྟེགས་ཅན་སོགས་ལྟ་བ་ལོག་པ་དང་སྡིག་པ་ཅན་གྱི་གྲོགས་མི་བསྟེན་པ་ལ་བསླབ་དགོས་པར་མདོ་རྒྱུད་དུ་མ་ལས་གསུངས་པའི་ཕྱིར། གཉིས་པ་ལ། བླ་མ་སློབ་དཔོན་ནི། སྐྱབས་གནས་ཀུན་གྱི་གཙོ་བོ་ཡིན་པའི་འདུ་ཤེས་བསྐྱེད་ནས་ལུས་དང་སྲོག་ལའང་མ་ལྟོས་པར། གང་གསུངས་པའི་བཀའ་བཞིན་སྒྲུབ་པ་དང༌། སངས་རྒྱས་ཀྱི་སྐུ་ཡི་གཟུགས་བརྙན་ཙམ་ལ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་པ་དང༌། ཡི་གེ་འབྲུ་གཅིག་ཡན་ཆད་ལའང་གཡུང་དྲུང་གི་བོན་དངོས་ཀྱི་འདུ་ཤེས་བསྐྱེད་པ་དང༌། རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང༌། སེམས་དཔའ་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱེད་དགོས་སོ། དྲུག་པ་སྐྱབས་སུ་མ་སོང་བའི་སྐྱོན་ནི། ཕྱི་ནང་གསང་བའི་བདུད་རྣམས་ཀྱིས། དང་པོ་བསམ་པ་ལ་བར་དུ་གཅོད་པ་དང༌། བར་དུ་དགེ་བ་ལ་བར་དུ་གཅོད་པ་དང༌། ཐ་མ་ཚེ་ལ་བར་དུ་གཅོད་པ་དང༌། མཐར་ཐུག་ངན་སོང་གསུམ་གྱི་གནས་སུ་ཕུལ་བར་གྱུར་ཏེ། སེམས་ལུང་གསལ་བའི་སྒྲོན་མེ་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང། ཞེས་སོ། བདུན་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། སྡོམ་པའི་རྟེན་དུ་རུང་ཞིང༌། བསམ་པའི་དོན་འགྲུབ་པ་ལ་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང༌། མདོར་ན་སྐྱབས་འགྲོའི་དོན་ཐམས་ཅད་བསྡུས་ཚུལ་གྱི་སྒོ་ནས་སྟོན་པ་ནི། འབུམ་ལྔ་ལས། སྐྱབས་སུ་འགྲོ་བའི་རྟེན་དལ་འབྱོར་གྱི་ལུས་ཅན་རྣམས། ཡུལ་ཁྱད་པར་ཅན་སངས་རྒྱས་བོན་དང་སེམས་དཔའ་ལ། གནས་ངོ་མཚར་ཅན་རྟེན་གསུམ་དང་བླ་མའི་དྲུང་དུ། ཐབས་བདུན་པ་དང་བཅས་པའི་ཆོ་ག ཚུལ་གྱི་ཁས་ཉེན་སྐྱབས་ཚོལ་བ་ལྟར་དུ། དོན་བླ་ན་མེད་པའི་འབྲས་བུར་དམིགས་ཏེ། བསླབ་བྱ་རྣམ་པར་དག་པ་སྤྱི་དང་བྱེ་བྲག་ཏུ་བཅས་པ། ཕན་ཡོན་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང༌། འབྲས་བུ་བླ་ན་མཻད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་བོ། ཞེས་གསུངས་པའི་ཕྱིར། དེ་དག་ནི་དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉི་འོད་ཅེས་བྱ་བ་བསྟན་ཟིན་པའོ།།

      ཞེས་པའི་ཚུལ་འདི་ནི། སྤྱིར་ཁོ་བོ་རང་བཞིན་གྱི་ཤེས་རབ་ཞན་པའི་ཁར་གཟུགས་གཞི་བདེ་མིན་ལ་བརྟེན་ནས། བརྩམ་བྱ་འབྲི་བར་མ་འོས་ཤིང་མཁས་རྣམས་ཁྲེལ་བའི་རྒྱུ་ལས་མ་འདས་ཀྱང༌། སྔ་སོར་བྱི་བ་ལོ་ནང་དུ་མདོ་སྨད་ཀྱི་ཞིང་ནས་མཚན་དང་དོན་མཚུངས་སྨོན་རྒྱལ་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ནས་བཀའ་བརྟེན་སྣ་ཚོགས་སེམས་ལ་གང་ཤར་རེ་གནང་ན་བསྟན་འགྲོར་ཕན་ངེས་སྣང་བས། ངལ་ཚིག་ལ་མ་ལྟོས་པར་བརྩམ་པ་གནང་དགོས་ཞེས། རྟེན་འབྲེལ་གྱི་གནང་རྟེན་དང་བཅས་པའི་གསུང་ཤོག་ཕེབས་པ་དང༌། ལྷག་པར་སྙ་ཆེན་རིག་འཛིན་ཆེན་པོའི་རྣམ་རོལ་རྩ་བའི་བླ་མ་སུམ་ལྡན་གྲུབ་དབང་རིན་པོ་ཆེ་ནས། རིན་ཆེན་དང་པོ་ཞོ་གང་དང་ལྷ་རྫས་དྲི་མེད་བཅས་སྩལ་ཏེ། དཀོན་བཞི་སྐྱབས་འགྲོའི་ཚིག་འགྲེལ་ཞིག་རྩམ་དགོས་ཞེས། བཀའ་ལུང་སྤྱི་བོར་ཕེབས་པར་གྱེན་ཞུ་མ་ནུས་པ་དང༌། དེ་དང་ཆབས་ཅིག་མདོ་སྨད་སྡེ་དགེ་ལྕང་ལུང་སྤྲུལ་སྐུ་ནས་ཕྱི་ནང་གསང་བ་ཡང་གསང་དང་སྦྱར་བའི་ཞབས་བརྟན་སྨོན་ཚིག་རྟེན་འབྲེལ་བླ་མེད་དུ་གྱུར་བཞིན་སྒོ་རིགས་སྐམ་ཞིག་གི་རུས་ཐོབ། ཁྱི་ལ་སེང་གེའི་མིང་བཏགས་སུ། རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་འཛིན་ཁུལ་སྨན་རིའི་མཁན་མིང་ཉི་རི་ཤེལ་ཞིན་ཟུར་ཝེར་དུ་འབོད་པས། འདུས་གནས་གཡས་རུ་མཁར་སྣའི་རི་ཁྲོད་བདེ་གསལ་གསང་ཕུག་ཅེས་པར། སྒོ་གསུམ་བསྐྱེད་༼བཅད༽རྒྱར་སྐྱོན་ཁུལ་གྱི་ཐུན་མཚམས་སུ་སྦྱར་བ། རི་ཁྲོད་དུ་ཡིག་ཆ་དུ་མས་དབེན་པ་དང། ནད་བབ་ཀྱིས་བརྗེད་ངས་ཆེ་ཞིང་དྲན་པ་མི་གསལ་བར་བརྟེན། ཟུར་འགྲེལ་ཙམ་ལས་མ་གྱུར་པར་དབྱིངས་ཁྲེལ་མི་བཞེས་པ་དང༌། དགེ་བས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྲིད་མཐར་བརྟན་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། ཐ་ཚན་མུ་ཙུག་སྨར་རོ། བཀྲ་ཤིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག