ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ།
གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ།
[རྩོམ་གྱི་ཡོང་ཁུངས། སྤུ་བླ་གཡུང་དྲུང་སྐལ་བཟང་གི་ཟིན་བྲིས།] [རྩོམ་པ་པོ། ༧འགྲོ་མགོན་བློ་གྲོས་རྒྱལ་མཚན།] [ཟླ་ཚེས། 12-07-30] [ཀློག་གྲངས། ]

གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ་ཞེས་བྱ་བ་བཞུགས་སོ།།

      གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ་ཞེས་བྱ་བ། བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། དེ་ལ་སྤྱིར་འཛམ་བུ་གླིང་དུ་སྐྱེས་ཤིང་དལ་འབྱོར་གྱི་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་ཡིན་ཏེ། འཛམ་གླིང་སོག་ཁར་སྐྱེ་བ་ཤིན་ཏུ་དཀའ། གཙང་མ་མི་ལུས་ཐོབ་པ་རབ་དུ་དཀོན། ཞེས་གསུངས་པས། དལ་འབྱོར་ཐོབ་པ་འདི་ཡང༌། ཁ་རྗེ་དང་དཔུང་པས་ཐོབ་པ་མ་ཡིན་གྱིས། སྔོན་ནས་བསོད་ནམས་ཆ་མཐུན་གྱི་དགེ་རྩ་མང་དུ་སྤྱད་པས་ཐོབ་པ་ཡིན་ཏེ། བདག་ཀྱང་སྐྱེ་བ་གྲངས་མེད་གང་ཟག་རིམ་པས་བརྒྱུད། བརྒྱུད་པའི་དུས་འདིར་བསོད་ནམས་དབང་གིས་བསོད་ལྡན་སྟོབས་ཞིག་གིས། སྟོན་པ་བསོད་ནམས་དབང་གི་ཚོགས་ཀྱི་ཞིང་ཁམས་དེ་རུ་བྱོན། དེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། ཞེས་གསུངས་པ། དུས་འདི་མ་ཡིན་པའི་གླིང་གཞན་ནམ། འགྲོ་བ་མི་ཁོམ་གནས་བརྒྱད་ལྟ་བུར་སྐྱེས་པའི་དུས་ན། བྱང་ཆུབ་སྒྲུབ་པའི་ཐབས་མེད་དེ། དལ་འབྱོར་ཐོབ་པའི་དུས་འདིར་བྱང་ཆུབ་མི་བསྒྲུབ་ན། གཙང་མ་མི་ལུས་ཐོབ་པས་ཅི་ལ་ཕན། ཞེས་གསུངས་པས་ན། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། ཐབས་ཀྱི་འཇུག་སྒོ་གྲངས་མང་ན་ཡང༌། ཐབས་ཆེ་ལ་སྒོ་ཡངས་པ། སྐྱེ་བ་གཅིག་གིས་བྱང་ཆུབ་སྒྲུབ་པ། ཐེག་པ་ཆེན་པོ་གསང་སྔགས་ཡིན་ཏེ། ཁྱད་པར་བླ་མེད་གསང་སྔགས་མཆོག། ལམ་འདི་དག་ལ་སུས་བརྟེན་ན། འབྲས་བུ་གཡུང་དྲུང་འཛིན་པ་ཐོབ། ལམ་ནི་ཉེ་ལམ་དེར་རྫོགས་པའོ། ཞེས་གསུངས་པས། དེ་ཕྱིར་གསང་སྔགས་ཀྱི་སྒོར་འཇུག་པ་ལ་དོན་གསུམ་སྟེ།

      གསང་སྔགས་ཀྱི་ལམ་སྒོ་དབྱེ་བ་དང། གསར་ན་བསྲེ་བ་དང༌། རྙིང་ན་བསྣན་པའོ། དང་པོ་གསར་པ་འཇུག་པའི་གཞི་རྟེན་ནམ་སྣོད་དུ་རུང་བར་བྱེད་པ་ལ་གསུམ་སྟེ། ཁྲུས་བྱ་བ་དང། སེམས་བསྐྱེད་པ་དང༌། སྐྱབས་སུ་འགྲོ་བའོ། དེ་ཡང་ཐོག་མར་ཁྲུས་བྱ་བ་ལ་ཡང༌། གསང་སྔགས་ཀྱི་རྟེན་དུ་རུང་ཞིང་སྒྲིབ་པ་སྦྱོང་བ་ཡིན་ཏེ། བུམ་པ་རྒྱན་དང་ཆས་པའི་ནང་དུ། རྩ་བའི་སྙིང་པོ་བཟླས་ཤིང་ལྷ་ཚོགས་སུ་བསྐྱེད། བདག་ཡི་དམ་དུ་གསལ་བའི་ངང་ནས། རྩ་བའི་སྔགས་བཞུགས་ལ། ཨཀྱོ་མར་ལ་གུ་དུན་ནི། ཨཀྱོ་ཏིང་ལ་གུ་དུན་ནི། ཨཀྱོ་ཚངས་ལ་གུ་དུན་ནི། གུ་ཤུད་དྷོ་སལེ་སངེ་ཡེ་སྭཧཱ། ཞེས་བརྒྱ་རྩ་བརྗོད་ལ་བུམ་པར་སྔགས། དེ་ནས་ཨ་ཨཱོཾ་ཧཱུྃ་ས་ལེ་ལྷན་ནེ། ཞེས་བརྗོད་པས། བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས། ཡེ་ཤེས་དག་པའི་ཆུ་བོ་བག་སྒྲིབ་དག་པའི་བདུད་རྩིར་གྱུར་ནས། ཚེ་རབས་ལས་ཀྱི་སྡིག་སྒྲིབ་དག་པར་བསམ་ལ། ཨཱོཾ་བུམ་པ་ལྷའི་གཞལ་ཡས་ཁང༌། བཅུད་ནི་ཡེ་ཤེས་ལྷ་ཡི་སྐུ། ཆུ་ནི་ཡེ་ཤེས་བདུད་རྩིའི་རྒྱུན། ཡེ་ཤེས་རྒྱུན་གྱི་ཆུ་བོ་ཡིས། དིང་གི་སྣོད་ལྡན་བུ་ལ་ཁྲུས་གསོལ་བས། ཚེ་རབས་ཐོག་མ་མེད་པ་ནས། ད་ལྟའི་དུས་འདིར་སྐྱེས་པ་ཡན་ཆད་ཀྱི། བག་ཆགས་སྡིག་སྒྲིབ་དག་གྱུར་ཅིག། ཅེས་བརྗོད་ལ། ལས་དཔོན་གྱིས་མཆེད་ལྕམ་རྣམས་ལ་ཁྲུས་བྱའོ། གཉིས་པ་སེམས་སྐྱེད་པ་ལ་ཡང༌། གསང་སྔགས་ཀྱི་སྡོམ་པའི་རྟེན་དུ་གཡུང་དྲུང་སེམས་དཔའི་སྡོམ་པ་བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཐོབ་དགོས་ཏེ། ཚད་མེད་པ་ལ་གཞུང་སྔོན་དུ་སོང་བ་ཡེ་ཤེས་གསུངས་པས། དེ་ལ་ལྔ་སྟེ། སེམས་བསྐྱེད་པའི་ཡུལ་དང༌། རྟེན་དང༌། སྐྱོན་ཡོན་དང༌། ཆོ་ག་དང༌། བསླབ་བྱ་བསྟན་པའོ། དང་པོ་ཡུལ་ནི་ནམ་མཁས་ཁྱབ་ཚད་ལ་དམིགས་པ་ཡིན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་རང་གི་ཕ་མ་བུ་གཉེན་དུ་མ་སོང་བ་གང་ཡང་མེད་པ་སྟེ། འཁོར་བ་ཐོག་མེད་མཐའ་རིང་འདི་དག་ལ། སེམས་ཅན་ཐམས་ཅད་གཅིག་ལ་གཅིག འབྲེལ་བར་མ་གྱུར་གང་ཡང་མེད། ཅེས་གསུངས་པས། སེམས་ཅན་དེ་དག་ཀྱང་འཁོར་བར་འཁྱམས་ཤིང༌། བསྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་སྙིང་རྗེ་བས། དེ་དག་ཐར་པ་འཐོབ་པའི་དོན་དུ་སེམས་བསྐྱེད་དོ། གཉིས་པ་རྟེན་ནི་ལམ་གྱི་སྒོར་འཇུག་ཅིང་ཐེག་པ་ཆེན་པོའི་རིགས་སད་པ་གཅིག་ལ་བྱ་སྟེ། རྒྱུད་ལས། བག་ཆགས་གཡོས་ནས་སད་པ་ཡི། དགའ་དད་མོས་ནས་འདུན་སྤྱོད་པའི། གང་ཟག་རྐྱེན་གྱིས་སད་པའོ། ཞེས་གསུངས་པ་དག་གོ གསུམ་པ་སྐྱོན་ཡོན་ལ། སེམས་མ་བསྐྱེད་པའི་སྐྱོན་དང། བསྐྱེད་པའི་ཡོན་ཏན་གཉིས་སོ། དང་པོ་སྐྱོན་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིའི་སྐྱོན་ནི་བྱང་ཆུབ་མཆོག་དུ་སེམས་མ་བསྐྱེད་ན་སྐྱོན་དུ་མ་འབྱུང་སྟེ། ལམ་རྒྱུད་ལ་མི་སྐྱེ། འབྲས་བུ་སངས་རྒྱས་མི་ཐོབ། གནས་སྐབས་སུ་ཡང་བསམ་པ་མི་འགྲུབ་ཅིང༌། གཞན་དོན་མི་ནུས། འཁོར་བའི་གནས་སུ་འཁྱམས་ཤིང་སྡུག་བསྔལ་ལ་སྤྱོད་པར་འགྱུར་བ་སྟེ། སེམས་བསྐྱེད་སྔོན་དུ་མ་སྐྱོལ་ཞིང་པའི་རྒྱུ་བརྗེད་འདྲ། ཞེས་པས། དཔེར་ན་སོ་ནམ་པས་ས་བོན་མ་བཏབ་པར་ཆུ་ལུད་ལ་སོགས་བྱས་ཀྱང་འབྲས་བུ་མི་འཁྲུངས་པ་བཞིན། སེམས་མ་བསྐྱེད་ན་འདུས་བྱས་ཀྱི་དགེ་རྩ་ཅི་སྤྱད་ཀྱང༌། བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཏེ། གནས་སྐབས་ཀྱི་འབྲས་བུ་ལས་མི་འབྱུང་ངོ༌། གཉིས་པ་བྱེ་བྲག་ནི་ཀུན་གཞི་བྱང་ཆུབ་ལ་ངོ་སྤྲོད་སེམས་མ་བསྐྱེད་ན། འགྲོ་བ་སེམས་ཅན་ཐུགས་རྗེའི་སྐྱབས་འོག་དུ་མི་ཆུད་ཅིང༌། བར་ཆོད་གནས་སུ་ཞི་བར་མི་ནུས། འཁོར་བ་ལ་མི་ཆགས་པའི་རྟུལ་ཤུགས་ཀྱི་སེམས་མ་བསྐྱེད་ན། གསང་བ་མ་རིག་པ་ལས་གྱུར་པའི་བགེགས་དང་ལོག་འདྲེན་ཞི་བར་མི་ནུས། འགྲོ་དྲུག་ལ་ཐུགས་རྗེ་བཞི་ལྡན་དུ་སེམས་མ་བསྐྱེད་ན། འགྲོ་དྲུག་གི་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་མི་ནུས་ཤིང༌། ནང་རྣམ་པར་རྟོག་པ་ལས་གྱུར་པའི། བགེགས་དང་བར་ཆོད་གནས་སུ་ཞི་བར་མི་ནུས། དགྲ་བློ་བུར་ལ་ཚད་མེད་ཟུང་འཇུག་དུ་སེམས་མ་བསྐྱེད་ན། ཕྱི་ལས་ལ་གྱུར་པའི་བགེགས་དང་བར་ཆོད་གནས་སུ་ཞི་བར་མི་འགྱུར་སྟེ། སེམས་བསྐྱེད་མ་བཞིའི་དོན་དང་མ་ལྡན་ན། བར་ཆོད་གནས་སུ་ཞི་བར་མི་འགྱུར་ཞིང༌། དོན་རྣམས་གང་གི་འབྲས་བུ་ཐོབ་མི་འགྱུར། ཅེས་གསུངས་སོ། གཉིས་པ་ཡོན་ཏན་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སེམས་བསྐྱེད་པས་ལམ་རྒྱུད་ལ་སྐྱེ། འབྲས་བུ་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་བ་དང་གནས་སྐབས་སུ་ཡང་བསམ་པ་ཐམས་ཅད་འགྲུབ་ཅིང། གཞན་དོན་རྒྱ་ཆེན་ནུས་པ་དང། རྐྱེན་དང་བར་ཆོད་ཞི་བ་དང༌། འཁོར་བའི་སྡུག་བསྔལ་ལས་སྐྱབས་ནས་ཐར་པ་ཐོབ་པ་དང༌། དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་འགྱུར་པ་སྟེ། སེམས་བསྐྱེད་དོན་དང་ལྡན་པའི་གཤེན་རབ་ནི། མཁའ་ལ་ཆར་འབབ་རྒྱ་མཚོའི་རུ་མ་འདྲ། ཞེས་སེམས་ལུང་ལས་གསུངས་པའོ། གཉིས་པ་བྱེ་བྲག་ལ། ཀུན་གཞི་རིག་པ་ལ་ངོ་སྤྲོད། སེམས་བསྐྱེད་པས་འགྲོ་བ་སེམས་ཅན་ཐུགས་རྗེའི་སྐྱབས་འོག་དུ་ཚུད་ཅིང་བར་ཆོད་ཞི་བར་འགྱུར། འགྲོ་དྲུག་གི་སེམས་ཅན་ལ་ཐུགས་རྗེ་བཞི་ལྡན་དུ་སེམས་བསྐྱེད་པས། འགྲོ་དྲུག་གི་སེམས་ཅན་སྡུག་བསྔལ་ལས་ཐར་བར་སྒྲོལ་ཅིང༌། ནང་རྣམ་པར་རྟོག་པ་ལས་གྱུར་པའི་བགེགས་དང་བར་ཆོད་ཞི་བར་འགྱུར། འཁོར་བ་ལ་མི་ཆགས་པ་རྟུལ་ཤུགས་ཀྱི་སེམས་བསྐྱེད་པས། རྟུལ་ཤུགས་དྲག་པོའི་སྟོབས་ཀྱིས་གསང་བ་མ་རིག་པའི་བགེགས་དང་ལོག་འདྲེན་ཞི་བར་འགྱུར། དགྲ་བགེགས་བློ་བུར་པ་ལ་ཚད་མེད་ཟུང་འཇུག་དུ་སེམས་བསྐྱེད་པས། ཕྱི་ལས་ལ་གྱུར་པའི་བགེགས་དང་བར་ཆོད་ཞི་བར་འགྱུར་བ་སྟེ། སེམས་བསྐྱེད་མ་བཞིའི་དོན་དང་ལྡན་པ་ན། བར་ཆོད་ཟློག་པའི་མཆོག་དུ་དེ་འགྱུར་རོ། བཞི་པ་ཆོ་ག་ལ་ཐོག་མར་བློ་བཅོས་པར་བྱ་སྟེ། འདི་ལྟར་ནམ་མཁས་ཁྱབ་པའི་སེམས་ཅན་འདི་དག་ཐམས་ཅད། རང་གི་ཕ་མར་མ་གྱུར་པ་གང་ཡང་མེད་ལ། འདི་རྣམས་འཁོར་བའི་སྡུག་བསྔལ་དཔག་དུ་མེད་པ་ལ་སྤྱོད་པ་སྙིང་རེ་རྗེ་བས། འདི་དག་གི་དོན་དུ་བདེ་བ་ཐོབ་པར་སངས་རྒྱས་ཐོབ་པར་བྱས་ལ། གཟོད་འདི་དག་འདྲེན་པའི་སྟོན་པ་བྱ་སྙམ་དུ་སེམས་བསྐྱེད་པ་ནི། དམག་དཔོན་དཔའ་བོ་ལྟ་བུར་སེམས་བསྐྱེད་པ་སྟེ། བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། གཞན་དག་སེམས་ཅན་འདྲེན་པར་སྨོན་ལམ་བཏབ། ཅེས་གསུངས་སོ། དེ་ནས་བློ་བཅོས་ནས་ཆོ་ག་བརྗོད་དེ། ཕྱོགས་བཅུ་དུས་གསུམ་ཀྱི་བདེ་བར་གཤེགས་པ་རྣམས་བདག་ལ་དགོངས་སུ་གསོལ། ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བས། དུས་འདི་ནས་བཟུང་ནས་གཡུང་དྲུང་སྙིང་པོ་ལ་མཆིས་ཀྱི་བར་དུ་རྩ་བ་མ་རིག་པ་རིག་པའི་ཡེ་ཤེས་སུ་ངོ་སྤྲད། ཀུན་གཞི་རིག་པའི་དོན་ལ་སེམས་བསྐྱེད་པར་བགྱིའོ། ཀུན་བརྟགས་ཡུལ་དུ་བྱས་སྟེ་འཁོར་བ་ལ་མི་ཆགས་པའི་རྟུལ་ཤུགས་ཀྱི་སེམས་བསྐྱེད་པར་བགྱིའོ། འགྲོ་དྲུག་གི་སེམས་ཅན་ཡུལ་དུ་བྱས་སྟེ། ཐུགས་རྗེ་ཆེན་པོ་བཞི་ལྡན་དུ་སེམས་བསྐྱེད་པར་བགྱིའོ། དགྲ་བློ་བུར་པ་བསླུ་བའི་ཁ་འདྲེན་ཡུལ་དུ་བྱས་སྟེ། ཚད་མེད་ཟུང་འཇུག་ཏུ་སེམས་བསྐྱེད་པར་བགྱིའོ། ཞེས་པ་ལན་གསུམ་གྱི་བར་དུ་རྗེས་ཟློསབྱའོ། ལྔ་པ་བསླབ་བྱ་ལ་གསུམ་སྟེ། སྤང་བར་བྱ་བ་དང༌། སྒྲུབ་པར་བྱ་བ་དང༌། སྤེལ་བར་བྱ་བ་ལ་བསླབ་པའོ། དང་པོ་སྤང་བ་ལ། གྲོགས་དམན་པ་ཞེས་བྱ་སྟེ། སྡིག་པ་ཅན་གྱི་གྲོགས་དང༌། ལྟ་བ་ལོག་པ་ཕྱི་རོལ་བའི་གྲོགས་དང༌། རང་དོན་གཙོར་བྱེད་པ་ཐེག་པ་འོག་མ་པའི་གྲོགས་དང་མི་འགྲོགས་པར་བྱའོ། བསམ་པ་དམན་པ་ཞེས་བྱ་སྟེ། ཉོན་མོངས་པའི་བསམ་པ་ཡིད་ལ་བྱེད་པ་དང༌། རང་དོན་ཁོ་ན་ཡིད་ལ་བྱེད་པ་སྤང་བར་བྱའོ། སྤྱོད་པ་དམན་པ་ཞེས་བྱ་སྟེ། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་དང༌། ཉེ་བ་ལྔ་དང༌། ལྕི་བ་བཞི་དང༌། ལོག་པ་བརྒྱད་ལས་སོགས་པའི་མི་དགེ་བ་ཐ་དག་ཡོངས་སུ་སྤང་བར་བྱའོ། གཉིས་པ་ལ་སྒྲུབ་པར་བྱ་བ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རབ་ཀྱིས་དུས་དྲུག འབྲིང་གིས་དུས་བཞི། ཐ་མས་ཀྱང་དུས་གཉིས་སུ་སྦྱང་བར་བྱ་ཞིང༌། ལུས་དང་ལོངས་སྤྱོད་གང་བས་ཀྱང་སེམས་བསྐྱེད་པའི་སྡོམ་པ་ལ་གཅེས་སྤྲས་སུ་བྱའོ། གསུམ་པ་སྤེལ་བར་བྱ་བ་ནི། ཡུལ་གཉིས་དྲན་པའི་སྟོབས་ཀྱིས་བསྐུལ་བཏབ་ནས། ཅེས་གསུངས་པས། སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་དད་པ་བསྐྱེད་པ་དང༌། སེམས་ཅན་གྱི་སྡུག་བསྔལ་ལ་བརྟེན་ནས་སྙིང་རྗེ་བསྐྱེད་ཅིང༌། སེམས་དཔའི་ཡོན་ཏན་རྣམས་དྲན་པར་བྱས་ལ་རྗེས་སུ་ཡི་རངས་བསྒོམ་པར་བྱའོ། གསུམ་པ་གསང་སྔགས་ཀྱི་སྡོམ་པ་རྒྱུད་ལ་སྐྱེ་བར་སེམས་བསྐྱེད་པ་དེའི་བར་ཆོད་ཞི་བའི་ཕྱིར་དུ་སྐྱབས་སུ་འགྲོ་དགོས་ཏེ། སྡོམ་པའི་སྔོན་དུ་བདེ་བར་གཤེགས་པ་ལ་སྐྱབས་སུ་འགྲོ་ཞེས་གསུངས་པས།

      སྐྱབས་སུ་འགྲོ་བ་ལ་དོན་ལྔས་བསྟན་ཏེ། སྐྱབས་སུ་འགྲོ་བའི་ཡུལ་དང༌། རྟེན་དང༌། སྐྱབས་སུ་སོང་མ་སོང་གི་སྐྱོན་ཡོན་དང༌། ལས་ཆོག་བརྗོད་པ་དང༌། བསླབ་བྱ་བསྟན་པའོ། དང་པོ་ཡུལ་ནི་ཡུལ་མཆོག་རྣམ་པ་བཞི་སྟེ། དེ་ཡང་བླ་མ་བདེར་གཤེགས་དང༌། རྟེན་གསུམ་དང༌། ཕྱོགས་བཅུའི་གཤེན་རབ་རྣམས་ཡིན་ཏེ། འཁོར་བའི་འཇིགས་པ་ལ་སྐྱོབ་ཅིང་ལམ་གྱི་རྟེན་ལ་འཁོད་པའི་ནུས་པ་དང་ལྡན་པ་དེའོ། གཉིས་པ་སྐྱབས་སུ་འགྲོ་བའི་རྟེན་ནི། འཁོར་བའི་སྡུག་བསྔལ་ལས་ཐར་བར་འདོད་པའི་རྟེན། གསང་སྔགས་ཀྱི་སྒོར་འཇུག་པ་རང་ཅག་རྣམས་ལགས། གསུམ་པ་སྐྱོན་ཡོན་ལ། སྐྱབས་སུ་མ་སོང་བའི་སྐྱོན་དང། སོང་བའི་ཡོན་ཏན་གཉིས་སོ། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་མ་སོང་ན་འཁོར་བའི་འཇིགས་པ་ལས་སྐྱོབ་པར་མི་ནུས། ཐར་པའི་འབྲས་བུ་སྒྲུབ་པར་མི་ནུས། ཚུལ་ཁྲིམས་སྡོམ་པའི་རྟེན་དུ་མི་འགྱུར། ལམ་གྱི་བར་ཆོད་ཞི་བར་མི་ནུས་ཤིང༌། འཁོར་བའི་གནས་སུ་བརྒྱུད་པར་འགྱུར་བ་ཡིན་ཏེ། སེམས་ལུང་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། བདུད་དང་མུ་སྟེགས་འཁོར་བའི་བསླུ་ཁྲིད་འབྱུང་ཤེས་གསུངས་མོ། གཉིས་པ་བྱེ་བྲག་ལ། དཔོན་གསས་བླ་མ་ལ་སྐྱབས་སུ་མ་སོང་ན། འཁོར་བའི་རྒྱ་མཚོ་ལས་མི་སྒྲོལ། བདེར་གཤེགས་ལ་སྐྱབས་སུ་མ་སོང་ན། བྱིན་རླབས་དང་མཐུ་རྩལ་མི་འབྱུང༌། རྟེན་གསུམ་ལ་སྐྱབས་སུ་མ་སོང་ན། བག་ཆགས་དང་སྒྲིབ་པ་མི་བྱང༌། གཤེན་རབ་ལ་སྐྱབས་སུ་མ་སོང་ན་བར་ཆོད་བགེགས་ཀྱི་དབང་དུ་འགྱུར་བའོ། གཉིས་པ་སྐྱབས་སུ་སོང་བའི་ཡོན་ཏན་ལ་ཡང་གཉིས་ལས། དང་པོ་སྤྱིའི་ཡོན་ཏན་ནི། དེའི་ཕྱིར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་སོང་ན་ཡོན་ཏན་དུ་མ་འབྱུང་སྟེ། འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་ངན་འགྲོར་མི་ལྟུང་བ་དང༌། རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཞི་བར་ནུས་པ་དང༌། ཚུལ་ཁྲིམས་སྡོམ་པའི་རྟེན་དུ་འགྱུར་བ་དང༌། ལམ་གྱི་རྟེན་དུ་འགྱུར་ཞིང་གཞན་དོན་ཕུན་གསུམ་ཚོགས་པ་ནུས་པའི་ཡོན་ཏན་འབྱུང་བའོ། གཉིས་པ་བྱེ་བྲག་ལ། བླ་མར་སྐྱབས་སུ་སོང་ན། འཁོར་བའི་རྒྱ་མཚོ་ལས་ཐར་པར་སྒྲོལ་བའི་ཡོན་ཏན་འབྱུང༌། དུས་གསུམ་བདེར་གཤེགས་ལ་སྐྱབས་སུ་སོང་ན་བྱིན་རླབས་དང་མཐུ་རྩལ་འབྱུང༌། རྟེན་གསུམ་ལ་སྐྱབས་སུ་སོང་ན། བག་ཆགས་དང་སྒྲིབ་པ་བྱང༌། སེམས་དཔའ་ལ་སྐྱབས་སུ་སོང་ན། བར་ཆོད་བགེགས་ཀྱིས་མི་ཚུགས། གཡུང་དྲུང་གནས་བཞིར་སྐྱབས་སུ་སོང་བ་ན། བསྲུང་བ་དམ་པའི་མཆོག་དུ་དེ་འགྱུར་རོ། ཞེས་གསུངས་སོ། བཞི་པ་ཆོ་ག་ལ་དང་པོ་དམིགས་པའི་ཡུལ་གསལ་བཏབ་སྟེ། དེ་ཡང་རང་གི་མདུན་གྱི་བར་སྣང་ལ་རྩ་བའི་བླ་མ་རྫོགས་སྐུའི་ཆ་ལུགས་ལ། བླ་མ་རྒྱུད་པ་དང་བཅས་པས་སྐོར་བ། དེ་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་དང་གཡུང་དྲུང་སེམས་དཔའི་ཚོགས་དཔག་ཏུ་མེད་པ་དང༌། བདེ་བར་གཤེགས་པ་རྟེན་གསུམ་དང༌། བོན་སྐྱོང་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ། དེ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་མོས་པ་དང་གུས་པས་སྐྱབས་སུ་འགྲོ་སྟེ། དེ་ཡང་བླ་མ་དང་བདེར་གཤེགས་མིན་པའི་རེ་ས་མེད་སྙམ་པའི་མོས་པས། བླ་མ་བདེར་གཤེགས་ཀྱི་ཐུགས་རྗེས་བདག་དང་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་ཏུ་གསོལ་སྙམ་པ་དང༌། རྐྱེན་ཕྱི་ནང་གི་བར་ཆོད་ལས་ཀྱང་སྐྱོབ་ཏུ་གསོལ་སྙམ་དུ་བསམ་ལ་ཆོ་ག་བརྗོད་དེ། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན། མ་རིག་མིག་འབྱེད་སྣང་གསལ་སྒྲོན་མེ་མཆོག། སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་ལ། གུས་པས་ཕྱག་འཚལ་དྭངས་བས་སྐྱབས་སུ་མཆིའོ། ཨ་ཨཱོཾ་ཧཱུྃ། ཉིན་སྐར་ལྟ་བུ་ཐུགས་རྗེའི་འབྱུང་གནས་དཀོན། ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག འགྲོ་བའི་གྷོན་༼མགོན༽སྐྱབས་དུས་གསུམ་བདེར་གཤེགས་ལ། གུས་པས་ཕྱག་འཚལ་དྭངས་བས་སྐྱབས་སུ་མཆིའོ། ཨ་ཨཱོཾ་ཧཱུྃ༌། གཞའ་ཚོན་ལྟ་བུ་སྣང་སྲིད་རྒྱན་དུ་དཀོན། ལྐུགས་པ་ཁ་འབྱེད་གྲོལ་བ་ལྗགས་ཀྱི་མཆོག། བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ། གུས་པས་ཕྱག་འཚལ་དྭངས་བས་སྐྱབས་སུ་མཆིའོ། ཨ་ཨཱོཾ་ཧཱུྃ། ཨུད་འབར་ལྟ་བུ་དགེ་ལ་འདུན་སྤྱོད་དཀོན། བློ་སྒྲམ་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་མཆོག འགྲོ་བའི་འདྲེན་སྟོན་ཕྱོགས་བཅུའི་གཤེན་རབ་ལ། གུས་པས་ཕྱག་འཚལ་དྭངས་བས་སྐྱབས་སུ་མཆིའོ། ཨ་ཨཱོཾ་ཧཱུྃ། ཞེས་ལན་གསུམ་དུ་རྗེས་ཟློས་བྱ་སྟེ། བརྗོད་པ་རྣམ་གསུམ་སྡོམ་པ་ཐོབ་པའི་དུས་ཞེས་གསུངས་སོ། ལྔ་པ་བསླབ་བྱ་ལ་དེ་ལྟར་བླ་མ་ལ་སྐྱབས་སུ་སོང་ན། སྐྱེ་བོ་དྲེགས་པ་ཅན་ལ་སྨོན་པ་མི་འབུལ། ཞེས་གསུངས་པས་འཇིག་རྟེན་གྱི་སྐྱེ་བོ་བཙན་པ་དང༌། ཕྱུག་པ་དང་ལྡན་པ་ལ་བླ་མའི་སྨོན་པ་མི་བྱ། རང་ཡང་སྨོན་པ་མི་བཏིང༌། བདེ་བར་གཤེགས་པ་ལ་སྐྱབས་སུ་སོང་ན། འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ། ཞེས་གསུངས་པས། འཇིག་རྟེན་པའི་ལྷ་ཕྱྭ་དང་དབང་ཕྱུག་ཚངས་པ་དང༌། བདུད་དང༌། དམུ་དང༌། འཚམས་དང༌། བཙན་ལ་སོགས་པ་རྣམས་ལ་སྐྱབས་ཡུལ་དང་ཕྱག་མི་བྱའོ། བདེ་བར་གཤེགས་པའི་རྟེན་གསུམ་ལ་སྐྱབས་སུ་སོང་ན། ལྷ་སྲིན་རྡོལ་པའི་རྟེན་ལ་རྒྱལ་མཚན་མི་བཙུགས་ཅེས་གསུངས་པས༌། འཇིག་རྟེན་པའི་ལྷ་ཀླུ་དྲེགས་པ་ཅན་གྱི་རྟེན་དང༌། ཕྱི་རོལ་པའི་རྟེན་ལ་ཕྱག་སྐྱབས་ཀྱི་ཡུལ་མི་བྱའོ། ཕྱོགས་བཅུའི་གཤེན་རབ་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་དང་མི་འགྲོགས་ཞེས་གསུངས་པས། ལྟ་བ་ལོག་པར་གོལ་བའི་མུ་སྟེགས་བྱེད་དང༌། སྡིག་པ་ཅན་དང་ལོག་ལྟ་ཅན་གྱི་གང་ཟག་ལ་ཕྱག་སྐྱབས་ཀྱི་ཡུལ་མི་བྱའོ། དེའི་ཕྱིར་དེ་དག་ལས་འདས་ན་སྐྱབས་འགྲོ་ཉམས་པར་འགྱུར་ལ། ཡུལ་གོང་མ་དག་ལ་དུས་དྲུག་གམ་བཞི་འམ་གཉིས་སུ་སྐྱབས་སུ་འགྲོ་ཞིང་མོས་པ་བྱ། དེ་ལྟ་བུའི་སྐྱབས་འགྲོ་བྱེད་པ་དང་བྱས་པ་དང་འདུན་པ་དག་ལ། རྗེས་སུ་ཡི་རངས་བའི་མོས་པ་ཡང་ཡང་བསྐྱེད་པར་བྱ་སྟེ། རྗེས་སུ་ཡི་རངས་དགེ་རྩ་བསམ་མི་ཁྱབ། ཅེས་གསུངས་པས་སོ། སྐབས་འདིར་སོ་སོ་ཐར་པའི་སྡོམ་པ་ཅི་རིགས་སུ་ཕོག ཅེས་གོང་མ་ཀུན་གྱིས་གསུངས་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྟེན་དུ་སོ་སོ་ཐར་པའི་སྡོམ་པ་ལ་དགོས་རྒྱུ་མེད་དེ། བོན་ནང་རྒྱུད་ལས་ཐར་པ་ཐོབ་པ། བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་རྣམས། ལྷ་ལ་རབ་ཏུ་བྱུང་བ་མེད་ཅེས་གསུངས་སོ། འོན་ཀྱང་སོ་ཐར་རྒྱུད་ལ་ཡོད་ཀྱང༌། ཡོན་ཏན་དུ་འགྱུར་བ་ནི། སྡོམ་པ་གསུམ་ལྡན་དུ་འགྱུར་བ་སྟེ། དེ་ཡང་སྣ་ཚོགས་རྒྱན་ལྟར་འདོད་པ་དང༌། གནས་འགྱུར་དུ་འདོད་པ་གཉིས་ལས། འདི་ནི་གནས་འགྱུར་གྱི་ལུགས་ཡིན་ཏེ། འོག་མས་གོང་མའི་ཁྲིམས་རྣམས་ལེན་འདོད་ན། འོག་མ་མ་སྤངས་གོང་མ་རྒྱས་པར་ཚང༌། ཞེས་གསུངས་པས་ན། གནས་སྐབས་དང་སྦྱར་བར་བྱའོ། །

      གཉིས་པ་གསར་ན་བསྲེ་བ་ལ། གསང་སྔགས་ཐེག་པ་ཆེན་པོའི་སྒོར་འཇུག་པའི་ཚུལ་ལ་གསུམ་སྟེ། བསྲེ་བ་རྣམ་གསུམ་བྱ་བ་དང༌། དམ་ཚིག་བཤད་པ་དང༌། གསང་མཚན་བཏགས་པའོ། དང་པོ་བསྲེ་བ་རྣམ་པ་གསུམ་ལ། དཔོན་གསས་དང༌། མཆེད་གྲོགས་དང། ཡི་དམ་གྱི་ལྷ་ལ་བསྲེ་བའོ། དང་པོ་དཔོན་གསས་ལ་བསྲེ་བ་ལ། ལས་ཀྱི་སློབ་དཔོན་གྱིས་སྣ་དྲངས་ལ་ཕྱག་འཚལ་ཏེ། མི་འགྱུར་གཡུང་དྲུང་འཆི་མེད་སྐྱེས་ནས་བརྩན། གཟི་བརྗིད་ལྡན་པ་གསེར་གྱི་རི་རབ་སྐུ། གཤེན་རབ་བླ་མའི་སྐུ་ལ་ཕྱག་འཚལ་ལོ། གཏིང་དཔག་བརྟག་དཀའ་ཤིན་ཏུ་ཚོད་མི་ཟིན། ཟབ་ཅིང་ཆ་ཕྲ་རྒྱ་མཚོ་མཁའ་ཡངས་ཀློང༌། གཤེན་རབ་བླ་མའི་གསུང་ལ་ཕྱག་འཚལ་ལོ། ཡངས་ཤིང་རྒྱ་ཆེ་མཚན་མ་ཡོངས་དང་བྲལ། མི་སྐྱེ་མི་གྷག་༼འགག༽ནམ་མཁའི་རང་བཞིན་ཅན། གཤེན་རབ་བླ་མའི་ཐུགས་ལ་ཕྱག་འཚལ་ལོ། ཞེས་བརྗོད་ལ་ཕྱག་འཚལ་ལོ། དེ་ནས་ཞུ་དོན་གསོལ་ཏེ། ཕྱག་རྟེན་ཅི་འབྱོར་ཕུལ་ནས་འདི་སྐད་དོ། ཀྱཻ་དཔོན་གསས་བླ་མ་ལགས། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་ནས། ནམ་གསས་མཁར་དོན་ལ་མཆིས་ཀྱི་བར་དུ། སྐུ་གསུང་ཐུགས་ཀྱི་དམ་ཚིག་མི་འཆལ་སྲུང༌། ཁྱེད་ཀྱི་སྐུ་གསུང་ཐུགས་ཉིད་ཅི་འདྲ་བར། བདག་ཀྱང་དེ་དང་འདྲ་བར་མཛད་དུ་གསོལ། ཞེས་ཞུ་བ་དབུལ་ལོ། བླ་མས་གཡུ་འབྲང་བདུད་རྩི་ཐིག་ལེ་དཀར་དམར་སྣུམ་གསུམ་དུ་བྱིན་གྱིས་རླབས་ནས་ཕྱག་དུ་བཞེས་ལ་འདི་སྐད་དོ། ཁྱེད་ནི་དམ་ཚིག་མི་འཆལ་སྲུང༌། གནས་གསུམ་གསལ་བའི་དཀྱིལ་འཁོར་དུ། ཐིག་ལེ་གསུམ་གྱི་ཆོ་འཕྲུལ་ལས། གནས་གསུམ་གསལ་བར་འབྲུ་གསུམ་སྒོམ། གཉིས་སུ་མེད་པར་བསྒོམ་པར་བྱའོ། ཞེས་བརྗོད་ལ་ཐིག་ལེ་དཀར་དམར་སྣུམ་གསུམ་བླངས་ཏེ། རང་གི་སྤྱི་བོ་ལྕེ་སྟེང་སྙིང་ཁ་གསུམ་དུ་བཞག་ལ། རང་གི་ཡིག་འབྲུ་གསུམ་ལ་འབྲུ་གསུམ་སྤྲོས་ནས་སློབ་མའི་གནས་གསུམ་དུ་ཐིམ། སྐུ་གསུང་ཐུགས་སུ་གྲུབ་ནས། བདག་དང་སློབ་མ་དབྱེར་མེད་པ་གཅིག་ཏུ་དམ་ཚིག་འདྲེས་པར་བསམ། སློབ་མས་ཀྱང་དེ་ལྟར་བསམ་སྒོམས་བྱེད་དུ་འཇུག་གོ།

      གཉིས་པ་མཆེད་གྲོགས་ལ་བསྲེ་བ་ལ། ལས་དཔོན་གྱིས་སྣ་དྲངས་ལ་འདི་སྐད་དོ། དཔོན་གསས་ཐུགས་རྗེའི་བྱིན་རླབས་ཀྱིས། ལྷ་དང་ལྷ་མོར་གནས་འགྱུར་བའི། གཤེན་གྲོགས་ལྷ་དང་ལྷ་མོ་ལ། བརྩེ་ཞིང་གུས་པས་ཕྱག་འཚལ་ལོ། ཞེས་བརྗོད་ལ་ཕྱག་འཚལ་ལོ། དེ་ནས་ཞུ་དོན་གསོལ་ཏེ། ལས་དཔོན་ལ་ཕྱག་རྟེན་ཅི་འབྱོར་ཕུལ་ཏེ། བདག་མིང་ཞེས་བགྱི་བ་འདིས། དུས་འདི་ནས་བཟུང་ནས། ནམ་གཡུང་དྲུང་སྙིང་པོ་ལ་མ་མཆིས་ཀྱི་བར་དུ། འདི་དང་ཕྱི་མ་གནས་གཅིག་ཕྱིར། ཁྱེད་ཀྱི་ལྟ་སྤྱོད་བཞིན་དུ་བདག་ཀྱང་བགྱིད། བརྩེ་གདུང་དོན་གྱིས་བསྲེ་བར་མཛད་དུ་གསོལ། ཞེས་ཞུ་བ་དབུལ་ལོ། ལས་དཔོན་གྱིས་གཡུ་འབྲང་བདུད་རྩི་སྔར་བཞིན་བྱིན་གྱིས་རླབས་ལ་འདི་སྐད་དོ། དེང་གི་སྤུན་གྲོགས་ལྷ་ཡི་བཞི༼གཞི༽།  བརྩེ་གདུང་ཐབས་ཀྱི་དམ་ཚིག་གིས། ལྷ་དང་ལྷ་མོར་བསྲེ་བར་བྱའོ། ཞེས་བརྗོད་ལ་ཐིག་ལེ་ཡིག་འབྲུའི་ཞུ་ལུགས་སྔར་བཞིན་བྱའོ།།

      གསུམ་པ་ཡི་དམ་ལ་བསྲེ་བ་ལ་དང་པོར་ཕྱག་འཚལ་ཏེ། ཐམས་ཅད་སྐྱེད་བྱེད་འབྱུང་བ་ལྔའི་ངང༌། འདོད་པ་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ། ཡངས་ཤིང་རྒྱ་ཆེ་ནམ་མཁའི་ངང་ཚུལ་ཅན། ཡིད་འོང་ཉམས་དགའ་ལྷའི་གཞལ་ཡས་ཁང༌། དཀྱིལ་འཁོར་གཞལ་ཡས་ཆེ་ལ་ཕྱག་འཚལ་ལོ། ཞེས་ཕྱག་འཚལ། དེ་ནས་ཞུ་བ་དབུལ་ཏེ། ཀྱཻ་དཔོན་གསས་བླ་མ་དགོངས་སུ་གསོལ། བདག་ཅག་ལས་ཀྱི་དབང་གིས་སྒྲིབ། ཆུ་བུར་མིག་གིས་དཀྱིལ་འཁོར་དོན་མ་ཁུམས། ཡེ་ཤེས་སྤྱན་མེད་ཡི་དམ་ལྷ་དང་འཛོལ། དཔོན་གསས་བླ་མའི་བྱིན་རླབས་ཀྱིས། དཀྱིལ་འཁོར་ལྷ་དང་འཕྲད་པར་མཛད་དུ་གསོལ། ཞེས་ཞུ་བ་དབུལ། དཔོན་གསས་ཀྱིས་ལན་དུ། བདེར་གཤེགས་ཡེ་ཤེས་ལྷའི་ཐུགས་རྗེ་དང༌། དཔོན་གསས་བླ་མའི་བྱིན་རླབས་དང༌། མར་མེ་གསལ་བའི་སྒྲོན་མ་ཡིས། ལས་ཀྱི་སྒྲིབ་པ་བྱང་ནས་ཀྱང༌། དཀྱིལ་འཁོར་ལྷ་དང་འཕྲད་འགྱུར་ཅིག ན་མ་ཨ་དཀར་ཤག་སལ་ལེ་ལྷན་ནེ་རྟེན་དུ་ཨཱོཾ། ཞེས་བྱའོ། དེ་ནས་ནང་གི་ཁྲུས་བྱ་སྟེ། འདི་སྐད་དོ། དབུས་ནས་རང་འབྱུང་གྲུབ་པའི་ལྷ། ཡེ་ཤེས་ཆེན་པོའི་ཁྲུས་གསོལ་བས། ཡིད་འོང་སྣོད་ལྡན་སློབ་མ་ཡི། ཞེ་སྡང་རྣམ་སྨིན་དག་འགྱུར་ཅིག དེ་བཞིན་དུ་ཤར་བྱང་ནུབ་ལྷོ་རྣམས་སུ། གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་རྣམ་སྨིན་ལ་སོགས་ནན་གྲན་ནོ་༼འདྲེས་སོ༽། ཕྱི་ནང་གསང་གསུམ་གྱི་ཁྲུས་བཤད་དོ། དེ་ནས་མེ་ཏོག་སྐྱུར་ཏེ། སློབ་མ་དར་རས་གཙང་མས་སྤྱན་གཡོགས་ཏེ། ལག་དུ་མེ་ཏོག་ཐོགས་ལ་དཀྱིལ་འཁོར་ལྷོ་ནུབ་དུ་སྒྲིགས་ལ་མོས་གུས་བསྐྱེད་དེ་འདི་སྐད་དོ། བདག་གི་རིག་པའི་མེ་ཏོག་འདི། དཀྱིལ་འཁོར་ལྷ་ལ་འཕངས་པ་ཡིས། ཚེ་རབས་སྔོན་ནས་འབྲེལ་པ་ཡི། ཐུགས་རྗེས་སྐྱོབ་མཛད་ལྷ་དང་འཕྲད་པར་ཤོག སལ་ལེ་ལྷན་ནེ་འདུ་བརྟན་པར་ལྷན། ཞེས་བརྗོད་ལ་ཕོ་བྲང་དབུས་སུ་གཏོར་ལ་སྐྱུར་རོ། དེ་༼ནས༽སྒོ་དབྱེ་སྟེ་འདི་སྐད་དོ། ཨ་ཤར་གྱི་ཕྱོགས་ནས་སྒོ་འབྱེད་མ། ཐུགས་རྗེ་སེར་མོ་ཕྱག་རྒྱ་བཀྲོལ། ཕྱག་མཚན་ལྕགས་སྒྲོག་བརྒྱུད་མ་ཡིས། འཁོར་བར་སྐྱེ་བའི་སྒོ་ཆོད་ལ། ཨ་དཀར་འོད་ཀྱི་ལྡེ་མིག་གིས། མེ་ལོང་ཡེ་ཤེས་སྒོ་ཕྱེས་ལ། ཨ་དཀར་བསལ་བའི་དཀྱིལ་འཁོར་དུ། མངོན་རྟོགས་རིག་པ་ཤར་བར་ཤོག ཨཱ་ཨ་དཀར་སལ་ལེ་འོད་ཨ་ཡྃ་ཨཱོཾ་འདུ། ཨ་བྱང་གི་ཕྱོགས་ནས་སྒོ་འབྱེད་མ། གླང་ར་སྔོན་མོ་ཚེ་འཕེལ་མ། ཕྱག་མཚན་གླང་རེའི་འཁོར་ལོ་ཡིས། རྒས་ཤིང་རྒུད་པའི་སྒོ་ཆོད་ལ། ཨ་དཀར་འོད་ཀྱི་ལྡེ་མིག་གིས། མཉམ་ཉིད་ཡེ་ཤེས་སྒོ་ཕྱེས་ལ། ཨ་དཀར་གསལ་བའི་དཀྱིལ་འཁོར་དུ། བག་ཆགས་སྒྲིབ་པ་བྱང་བར་ཤོག ཨཱ་ཨ་དཀར་སལ་ལེ་འོད་ཨ་ཡྃ་ཨཱོཾ་འདུ། ཨ་ནུབ་ཀྱི་ཕྱོགས་ནས་སྒོ་འབྱེད་མ། ལེ་བར་དམར་མོ་འབྲས་བུའི་བདག ཕྱག་མཚན་འཆིང་སྡོམ་ཞགས་པ་ཡིས། ན་ཞིང་གཅོད་པའི་སྒོ་ཆོད་ལ། ཨ་དཀར་འོད་ཀྱི་ལྡེ་མིག་གིས། སོར་རྟོགས་ཡེ་ཤེས་སྒོ་ཕྱེས་ལ། ཨ་དཀར་གསལ་བའི་དཀྱིལ་འཁོར་དུ། རང་རིག་ཡེ་ཤེས་མཐོང་བར་ཤོག ཨཱ་ཨ་དཀར་སལ་ལེ་འོད་ཨ་ཡྃ་ཨཱོཾ་འདུ། ཨ་ལྷོ་ཡི་ཕྱོགས་ནས་སྒོ་འབྱེད་མ། དབང་སྡུད་དཀར་མོ་ཕྱག་རྒྱའི་བདག ཕྱག་མཚན་ལྕགས་ཀྱུ་བརྟེན་མ་ཡིས། འཆི་འཕོས་འདོར་ལེན་སྒོ་ཆོད་ལ། ཨ་དཀར་འོད་ཀྱི་ལྡེ་མིག་གིས། བྱ་གྲུབ་ཡེ་ཤེས་སྒོ་ཕྱེས་ལ། ཨ་དཀར་གསལ་བའི་དཀྱིལ་འཁོར་དུ། ཐུགས་རྗེའི་དབང་རྣམས་རྫོགས་པར་ཤོག ཨ་དབུས་ཀྱི་ཕྱོགས་ནས་སྒོ་འབྱེད་མ། ནམ་མཁའ་གསལ་བྱེད་གདོས་བྲལ་མ། ཕྱག་མཚན་གསལ་བའི་སྒྲོན་མ་ཡིས། མ་རིག་མཚན་མའི་དངོས་པོ་འཇོམས། གསལ་བ་འཕྲུལ་གྱི་ལྡེ་མིག་གིས། ཡངས་ཤིང་གསལ་བའི་སྒོ་ཕྱེ་ནས། ཨ་དཀར་གསལ་བའི་དཀྱིལ་འཁོར་དུ། ཡངས་ཤིང་གསལ་བའི་དོན་རྟོགས་ཤོག མ་རིག་པ་ཡི་སྒོ་ཕྱེ་ནས། རིག་པ་ཡེ་ཤེས་ཀྱི་དོན་མཐོང་བར་བསམ། དེ་ནས་སྤྱན་དབྱེ་སྟེ་བླ་མ་ལ་འདི་སྐད་ཞུའོ། དཔོན་གསས་བླ་མའི་ཐུགས་རྗེ་ཡིས། བདག་གི་མ་རིག་ལིང་ཏོག་གསལ་དུ་གསོལ། ཅེས་ཞུའོ། དཔོན་གསས་ཀྱིས་ལན་དུ་འདི་སྐད་དུ་བརྗོད་དེ། ང་ནི་མཐོང་གསས་སྒྲོན་མ་སྟེ། ཕྱག་གཡས་ཡེ་ཤེས་རྩགས་ཁབ་ཀྱིས། མ་རིག་རྟོག་པའི་དྲྭ་བ་དབྲལ་ནས་ཀྱང། དཀྱིལ་འཁོར་ལྷ་ཞལ་བསྟན་པར་བྱ། གཡོན་པ་གསེར་གྱི་སྦུར་ལེན་གྱིས། ཆུ་བུར་ནང་གི་སྐྱོན་གསལ་ནས། ཡི་དམ་ལྷའི་ཞལ་མཐོང་ཤོག ང་ནི་ལི་ཤག་དམར་མོ་སྟེ། གཡས་པ་གསལ་བའི་སྒྲོན་མེ་སྣོམ། མངོན་རྟོགས་གསལ་བའི་སྒོ་ཡང་སོལ། གཡོན་པ་གསལ་བའི་མེ་ལོང་འཕྱར། ཡི་དམ་ལྷའི་ཞལ་ངོ་སྟོན། རྩེ་གཅིག་སངས་རྒྱས་སྒྲུབ་པའི་ཕྱིར། སྒྲོན་མ་མེ་ལོང་བལྟས་མཐོང་བས། བརྡ་དང་ཐབས་ཀྱིས་སྟོན་བྱེད་པ། མཐོང་གསས་སྒྲོན་མ་ཡབ་ཀྱི་མཁའ། ལི་ཤག་དམར་མོ་ཤེས་རབ་ཡུམ། ཐབས་ཤེས་གསལ་བ་ཡབ་ཡུམ་གྱི། དཀྱིལ་འཁོར་ལྷ་དང་འཕྲད་གྱུར་གཅིག དེ་ནས་སྤྱན་གཡོགས་གསལ་ལ་གདན་གང་ལ་བབ་པའི་ལྷ་དེ་ཡི་དམ་དུ་ཕོག སྙིང་པོ་སྦྱིན། གསང་མཚན་བཏགས་པ་ནི། འོག་ཏུ་བཤད་མོད་ཀྱང༌། འོན་ཀྱང་ལག་ལེན་སྟབས་བདེའི་ཕྱིར་གནས་སྐབས་འདིར་བཏགས་ཏེ། དེ་ཡང་གྲོགས་ཕོ་ཡིན་ན། ལྷ་ཡབ་ཀྱི་གསང་མཚན་ནམ་རིགས་མ་ཡོན་ཏན་གྱི་ཆ་དང་སྦྱར་ལ་བཏགས། གྲོགས་མོ་ཡིན་ན་ཡུམ་གྱི་གསང་མཚན་ནམ། རིགས་ཀྱི་ཆ་དང་སྦྱར་ལ་བཏགས། ཡང་ན་སྤྱིའི་གསང་མཚན་སྟེ་དྲུག་ནས་བོས་ཏེ། ལྷའི་གསང་མཚན་གཡུང་དྲུང་དག་པ་རྩལ། དཔོན་གསས་གསང་མཚན་གཡུང་དྲུང་སྐྱེས་ན་རྩལ། དཀྱིལ་འཁོར་གསང་མཚན་གཞལ་ཡས་དཔག་མེད་རྩལ། གྲོགས་པོའི་གསང་མཚན་གཡུང་དྲུང་འགྱུར་མེད་རྩལ། གྲོགས་མོའི་གསང་མཚན་གཡུང་དྲུང་ལྷོག་མེད་རྩལ༌། རྒྱུ་རྐྱེན་གསང་མཚན་གཡུང་དྲུང་ཡོན་ཏན་རྩལ། ནང་བྱེ་བྲག་གི་གསང་མཚན་དྲུག་ནི། གྲོགས་ཕོ་ལ་ཐབས་ཡེ་ཤེས་ཀྱི་ལྷ་གསུམ་དང་སྦྱར་ཏེ་འབོགས་པ་ནི་གཡུང་དྲུང་ཡེ་ཤེས་རྩལ། གྲོགས་མོ་ལ་དབྱིངས་ཀློང་ཤེས་རབ་ཀྱི་ལྷ་དང་སྦྱར་ཏེ། མ་ནི་ཤེས་རབ་དབྱིངས་ཉིད་རྩལ། ལས་མཁན་སྤྲུལ་པ་ཛ་དང་བྷོ་འབོད་པའི། དེ་ནས་དཔོན་གསས་ཀྱིས་མིང་གི་དབང་བསྐུར་ཏེ། འདི་སྐད་བརྗོད། དེ་རིང་ཕན་ཆད་རིགས་ཀྱི་བུ། གནས་གསུམ་གསལ་བའི་དཀྱིལ་འཁོར་དུ། འབྲུ་གསུམ་གསལ་བའི་སྙིང་པོ་ལ། ཐིག་ལེ་གསུམ་གྱི་ཆོ་འཕྲུལ་གྱིས། རིགས་དང་མཐུན་པའི་མཚན་བཏགས་པས། མི་བརྗེད་གཟུངས་དང་ལྡན་པ་ཡི། གཉིས་མེད་མཉམ་པ་མིང་གི་དབང་བསྐུར་བས། མ་འོངས་པའི་ཞིང་ཁམས་སུ། བདེ་བར་གཤེགས་པའི་མཚན་རྟགས་རྫོགས་པར་ཤོག ཅེས་སོ། དེ་ཡང་གསང་མཚན་ཞེས་བྱ་བ་ནི། ཤར་དྲི་ཟ། བྱང་གནོད་སྦྱིན། ནུབ་ཀླུ་དབང༌། ལྷོ་གཤིན་རྗེ། མི་དང་མི་མིན་ལ་སོགས། དབང་དང་དམ་ཚིག་མ་འདྲེས་པ་ལ་གསང་ཞིང་དམ་པར་བྱ་སྟེ། འདིར་རང་གི་མ་བརྗེད་པར་བྱས་པས། བར་དོར་མ་བརྗེད་ན། དེར་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང༌། མཐར་ལྷ་དེའི་རིགས་སུ་སངས་རྒྱས་པའི་ཡོན་ཏན་དང་དགོས་དོན་ཡོད།

      གཉིས་པ་དམ་ཚིག་བཤད་པ་ལ་དྲུག་སྟེ། དམ་ཚིག་གི་ངོ་བོ་ངེས་ཚིག་དང༌། བསྲུང་བའི་ཡུལ་དང༌། རྟེན་དང༌། དབྱེ་བ་དང༌། སྐྱོན་ཡོན་དང༌། དམ་ཚིག་གི་རང་བཞིན་བསྟན་པའོ། དང་པོ་ལ་ངོ་བོ་ནི་དགེ་མི་དགེ་ཐམས་ཅད། བདེར་གཤེགས་ཞི་ཁྲོའི་བཀའ་ལ་འདུས་ཤིང་དེའི་དོན་ལས་མི་འདའ་བའོ། ངེས་ཚིག་ནི་མ་བསྲུང་ན་རང་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ཚིག་ཅིང༌། ངན་སོང་གསུམ་དུ་ལྷུང་གིན་ཚིག་པས་ཚིག་ཞེས་བྱ་བ་ལ། བསྲུང་ན་ཕྱི་ནང་གི་དགྲ་བགེགས་དང་རང་རྒྱུད་ཀྱི་ཉོན་མོངས་པ་ཚིག་ནས་ཐར་པ་ཐོབ་པའོ། གཉིས་པ་ཡུལ་ནི། སྤྱིར་ན་འགྲོ་དྲུག་ལམ་ལྔ་དང་བཅས་པ་ཡིན་མོད་ཀྱིས་འོན་ཀྱང་གསང་སྔགས་ཀྱི་ལུགས་ཀྱི། ཡི་དམ་ཀྱི་ལྷ་དང་ཞལ་སྐྱིན་གྱི་རྟེན་དང༌། ལུང་འབོགས་པའི་དཔོན་གསས་དང། མཆེད་དང་གྲོགས་པོ་དང། ཡང་གསང་གི་ལྷ་དང་ལྔ་པོ་དེ་དག་ཡིན་ཏེ། ཡི་དམ་ལྷ་ནི་མི་སྤོང་རྟག་དུ་བསྒོམ། ཞེས་གསུངས་སོ། གསུམ་པ་བསྲུང་བའི་རྟེན་ནི། ཀུན་བཟང་ཐུགས་ཀྱི་ཐིག་ལེ་ལས། བག་ཆགས་གཡོས་ནས་སད་པ་ཡི། དགའ་དད་མོས་ནས་མདུན་སྤྱོད་པའི། གང་ཟག་རྐྱེན་གྱི་སད་པའོ། ཞེས་གསུངས་པས། གསང་སྔགས་ཀྱི་ལས་འཕྲོ་སད་ཅིང་དོན་ལ་མོས་པའི་གང་ཟག་ཡིན་ཏེ། འགྲོ་བ་གང་གི་རྒྱུད་ལ་སྐྱེ་རུང་པའོ། བཞི་པ་དབྱེ་བ་ལ་བཞི་སྟེ། རྩ་བ་དང༌། ཡན་ལག་དང༌། ཉིང་ལག་དང༌། ཁྱད་པར་གྱི་དམ་ཚིག་གོ དང་པོ་ལ་ལྔ་སྟེ། ཡིད་བཞིན་གྱི་ནོར་བུ་སྤྱི་གཙུག་ནས་མི་དབོག་ཅེས་བྱ་སྟེ། དཔོན་གསས་བླ་མ་མན་ངག་གི་རྩ་བ་ཡིན་པས་སྤྱི་བོའི་གཙུག་ཏུ་ཁུར་བ་དང༌། ཕོ་བྲང་གཞལ་ཡས་ཀྱི་མདངས་མི་འཕྲོག་ཅེས་བྱ་སྟེ། ཡི་དམ་བྱིན་རླབས་ཀྱི་རྩ་བ་ཡིན་པས། ལས་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ། ས་ཆུ་རྒྱུན་གྱི་འབྲེལ་མི་བཅད་ཅེས་བྱ་སྟེ། སྔགས་དང་ཕྱག་རྒྱ་ནུས་པའི་རྩ་བ་ཡིན་པས། བཅའ་བསྒྱུར་བཟླས་པ་རྒྱུན་མི་བཅད། དྲི་མེད་ལས་ལ་དྭོགས་མི་རྒོ་༼བགོ༽ཞེས་བྱ་སྟེ། གཡུང་དྲུང་ཁྱད་པར་གྱི་ཐེག་པ་ལ་འཇུག་པའི་ཐབས་ཁྱད་པར་ཅན་སྤྱི་དམ་གྱི་རྩ་བ་ཡིན་པས་བཀའ་ལུང་ལ་སྨད་པ་མི་བྱ་བ་དང༌། གསང་སྒོ་གཉེན་པོ་ཡན་པར་མི་བཏང་ཞེས་བྱ་བ་སྟེ། ཨུ་ཡ་བ་དངོས་གྲུབ་ཀྱི་རྩ་བ་ཡིན་པས་ཤིན་ཏུ་ཨག་ཐམ་པ་དང་ལྔ་ནི་ལུས་དང་སྲོག་ལ་བབ་ཀྱང་གཅེས་སྤྲས་སུ་བྱའོ། གཉིས་པ་ཡན་ལག་གི་དམ་ཚིག་ལ་བཅུ་སྟེ། གཏི་མུག་དཔོན་གསས་ཀྱི་ཡན་ལག་ཡིན་ཏེ། རིག་པ་ལྷག་མཐོང་གི་སྙིང་པོར་གྱུར་པས་མི་སྤང་བ་དང༌། འདོད་ཆགས་གསས་མཁར་གྱི་ཡན་ལག་ཡིན་ཏེ། འདོད་དགུ་ལོངས་སྤྱོད་ཀྱི་གཞི་མར་གྱུར་པས་མི་སྤང་བ་དང༌། ང་རྒྱལ་སྔགས་ཀྱི་ཡན་ལག་ཡིན་ཏེ། འདུ་བྱེད་ལས་ཀྱི་སྙིང་པོ་ཡིན་པས་མི་སྤང་བ་དང༌། ཕྲག་དོག་སྤྱི་དམ་གྱི་རྩ་བ་ཡིན་ཏེ། གཉིས་མེད་ལས་ཀྱི་སྙིང་པོ་ཡིན་པས་མི་སྤང་བ་དང༌། ཞེ་སྡང་གསང་བའི་ཡན་ལག་ཡིན་ཏེ། ཨུ་ཡ་བ་དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པས་མི་སྤང་བ་དང་ལྔ་ནི། དུག་ལྔ་རང་ཁར་སྤྱད་པ་མ་ཡིན་ཏེ། དུག་ལྔ་ལྷ་ལྔ་སྐུ་ལྔ་ཡེ་ཤེས་ལྔར་བསྒྱུར་ལ་ཉམས་སུ་བླང་ངོ༌། བདུད་ཀྱི་བྱང་སེམས་དཀར་པོ་རྣམ་ཤེས་ཀྱི་བདུད་བཅོམ་ནས། སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པའི་བདུད་ཀྱི་ཆེན་པོ་ཡིན་པས་མི་སྤང་བ་དང༌། གསང་ཤ་གལ་ཆེན་གཟུགས་ཀྱི་བདུད་བཅོམ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པས་མི་སྤང་བ་དང༌། བདུད་ཀྱི་དྲི་ཆེན་འདུ་བྱེད་ཀྱི་བདུད་བཅོམ་ནས་མཉམ་ཉིད་ཡེ་ཤེས་སུ་གྱུར་བའི་བདུད་རྩི་ཆེན་པོ་ཡིན་པས་མི་སྤང་བ་དང༌། བདུད་ཀྱི་དྲི་ཆུ་འདུ་ཤེས་ཀྱི་བདུད་བཅོམ་ནས། བྱ་བ་གྲུབ་པའི་ཡེ་ཤེས་སུ་གྱུར་བའི་བདུད་ཀྱི་ཆེན་པོ་ཡིན་པས་མི་སྤང་བ་དང༌། བྱང་སེམས་དམར་པོ་ཚོར་བའི་བདུད་བཅོམ་ནས། སོ་སོར་རྟོགས་པའི་ཡེ་ཤེས་སུ་གྱུར་བའི་བདུད་ཀྱི་ཆེན་པོ་ཡིན་པས་མི་སྤང་བ་དང༌། དེ་ལྟར་ལྔ་ནི་ཐབས་ཀྱི་རོལ་པར་སྤྱོད། ཞལ་ཟས་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དང༌། དམུ་ཡད་ཀྱི་ལོངས་སྤྱོད་དུ་རོལ་པར་བྱའོ། གསུམ་པ་ཉིང་ལག་གི་དམ་ཚིག་ནི། མི་དགེ་བ་བཅུ་སྤང་ཞིང་དགེ་བ་བཅུ་བླང་བ་སྟེ། དེ་ཡང་ལུས་ཀྱི་སྲོག་གཅོད་པ་སྤངས་ཏེ། བྱམས་པས་གསོ་ལ་དག་བའི་དགེ་བ་དང་དུ་བླང་བ་དང༌། ངག་འཁྱལ་བ་སྤངས་ལ། ངག་ཞི་ལ་གསུང་སྙན་པར་སྨྲ་བ་དང༌། ཚིག་རྩུབ་མོ་སྤངས་ལ་ཚིག་ཞི་དལ་དུ་སྨྲ་བ་དང༌། ཕྲ་མ་སྤངས་ལ་ཀུན་དང་མཐུན་པར་སྨྲ་བ་དང༌། རྫུན་སྤངས་ལ་དྲང་པོ་སྒྲོས་སྐུར་མེད་པར་སྨྲ་བ་དང༌། ཡིད་ཀྱི་མངན་སེམས་སྤངས་ལ། བརྩེ་སེམས་གདུང་བར་སེམས་པ་དང༌། གཞན་ལ་གནོད་པའི་སེམས་སྤང་་ཞིང༌། ཀུན་ལ་ཕན་པའི་ཐུགས་རྗེས་སེམས་ཅན་ཀུན་བཟུང་བ་དང༌། ལོག་པར་ལྟ་བའི་སེམས་སྤངས་ལ། བདེན་པས་དོན་ལ་སྤྱོད་པའི་དགེ་བ་དྭངས་དུ་བླང་ངོ༌། བཞི་པ་ཁྱད་པར་གྱི་དམ་ཚིག་ལ་ལྔ་སྟེ། སྤང་བར་བྱ་བ་དང༌། གསང་བར་བྱ་བ་དང༌། བསྒྱུར་བར་བྱ་བ་དང༌། སྤྱད་པར་བྱ་བ་དང༌། མི་འདའ་བར་བྱ་བའི་དམ་ཚིག་གོ དང་པོ་སྤང་བ་ལ་ཉི་ཤུ་རྩ་གསུམ་ཡིན་ཏེ། དེ་ཡང་ཐུགས་རྗེ་ཉི་མའི་སྒྲོན་མེ་མི་བསྣུབ། ཅེས་བྱ་སྟེ། གཡུང་དྲུང་བོན་གྱི་བསྟན་པ་ལ་གནས་པར་བྱ། སེང་གེ་དཀར་མོའི་ལྟག་པ་མི་བཅག ཅེས་བྱ་སྟེ། དཔོན་གསས་བླ་མའི་སྐུ་མི་སྨད། ནོར་བུ་རིན་པོ་ཆེ་གཙུག་ནས་མི་འབོགས། ཅེས་བྱ་སྟེ། བླ་མའི་ཐུགས་མི་བཀོལ་༼དཀྲུགས༽། གཡུང་དྲུང་གཏམས་པའི་རྫོང་མི་བཤིག་ཅེས་བྱ་སྟེ། གཤེན་གྱི་དཀོར་ལ་མི་རླམ། མེ་རི་འབར་བའི་འོབས་མི་དབྲལ་ཞེས་བྱ་སྟེ། གསང་བའི་མཚམས་མི་དབྲལ། མེ་མ་མུར་སྟན་དུ་མི་བཏིང་ཞེས་བྱ་སྟེ། དཔོན་གསས་དང་སློབ་མའི་ཡུམ་མི་བསླད། ཤེལ་འཕྲེང་དཀར་པོའི་ཐག་པ་མི་བཅད་ཞེས་བྱ་སྟེ། ལྷ་མཆོད་ཀྱི་ནང་དུ་མཁོན་མི་སྒུག༼བྱ༽། གཡུང་དྲུང་སྣོལ་པའི་དབལ་ཟུར་མི་བཅག་ཅེས་བྱ་སྟེ། ཕྱག་རྒྱའི་དགྲ་ཟུར་མ་ཉམས་པར་བྱ། གཡུ་འབྲུག་སྔོན་མོའི་སྒྲ་མི་བཅག་ཅེས་བྱ་སྟེ། སྙིང་པོའི་སྒྲ་མི་བཅག། མུན་པའི་སྒྲོན་མེ་མི་བསད་ཞེས་བྱ་སྟེ། ཏིང་ངེ་འཛིན་ཕྱལ་བར་མི་བཏང༌། ཁྲོ་ཆུ་ཁོལ་མ་སྐོམ་དུ་མི་བཏུང་ཞེས་བྱ་སྟེ། ཚོགས་འདྲེས་པའི་ནོར་མི་རྐུ། དུག་དང་འདྲེས་པའི་ཟས་མི་བཟའ་ཅེས་བྱ་སྟེ། དགེ་སྡིག་འཆོལ་པར་མི་སྤྱད། འདོད་པ་དགུ་འགྱུར་གྱི་ནོར་མི་རྐུ་ཅེས་བྱ་སྟེ། ཟབ་མོའི་བཀའ་ལ་དཔེ་རྐུན་མི་བྱ། བདུད་རྩིའི་ཆུ་བོ་རྒྱུན་མི་བཅད་ཅེས་བྱ་སྟེ། ཚོགས་དང་མཆོད་པའི་རྒྱུན་མི་བཅད། ཤེལ་གྱི་སྐྲས་པ་འོབས་སུ་མི་སྐུར༼སྐྱུར༽་ཞེས་བྱ་སྟེ། དད་པ་ཅན་གྱི་ཚོགས་མི་བཅག རག་ཤ་སྲིན་པོའི་བུ་མི་གསོ་ཞེས་བྱ་སྟེ། སྡིག་པ་ཅན་གྱི་གྲོགས་མི་བསྟེན། ཟ་མ་ཏོག་དུ་དུག་མི་སྤྱོད་ཅེས་བྱ་སྟེ། མཆེད་ལྕམ་ནང་དུ་མི་སླད། ཐབས་དང་ཤེས་རབ་ཡ་མི་འབྲལ་ཞེས་བྱ་སྟེ། ཐུགས་ཀྱི་ཐིག་ལེ་དཀར་དམར་དུ་སྤྲོ། རི་རབ་ཀྱི་རྩེ་མི་བཤིག་ཅེས་བྱ་སྟེ། ཕའི་ལུས་ལ་ཐོ་མི་འཚམ། རྒྱ་མཚོའི་གཏིང་དུ་དུག་མི་སྤྱོད་ཅེས་བྱ་སྟེ། མའི་ལུས་ལ་མངལ་མི་སྤྱད། ཡི་དམ་གྱི་ལྷ་ལ་འཁོན་མི་བྱ། དམ་ཚིག་གི་ལྷ་ལ་དབྱེ་མི་བསྣོལ། ལས་ཀྱི་ལྷ་ལ་ར་ཆོད་མི་བྱའོ། གཉིས་པ་གསང་བར་བྱ་བ་ནི་དགུ་སྟེ། གནས་ནི་གསར་རྙིང་ཕྱོགས་མཚམས་མ་ལོག་པ། མཚན་དང་ལྡན་པ་ཨ་དཀར་ལོངས་སྤྱོད་རྒྱན་གྱི་གནས་ལྟ་བུ་དེ་གསང་ངོ༌། དུས་གསང་བ་ནི། ལོ་དུས་སྟག་སྤྲེལ་ཕག་སྦྲུལ་བཞི་ལ་འཇུག་ཅིང་ཐོན་པ་དེ་གསང༌། ཟླ་བའི་དུས་ར་བ་བཞི་ལ། ཞག་དུས་རབ་ལོ། འབྲིང་ཟླ་བ། ཐ་མ་ཞག་དུ་སྒྲུབ་པ་དང༌། ཟ་མའི་དུས། སྔ་གྲོ། དགོང་མོ། ཉིན་གུང་མཚན་གུང་བཞི་ལ་འཇུག་ཅིང་ཐོན་པ་དང༌། གཟའ་སྐར་གྱི་དུས་བཟང་ཞིང་དར་བ་ལ་འཇུག་ཅིང་ཐོན་པ་རྣམས་གསང་བའོ། ལྷ་གསང་བ་ནི་ཡི་དམ་གྱི་ལྷ་དང༌། ལས་ཀྱི་ལྷ་ལས་སོགས་འདི་ལྟ་བུ་ཡིན་ཞེས་གསང་ངོ༌། རྫས་གསང་བ་ནི་མཆོད་རྫས་དང་རྟེན་རྫས་བསྐང་རྫས་ལས་སོགས་པ་དོན་ཆེད་འདི་ལྟ་བུ་དགོས་ཞེས་གསང་བ་དང༌། རྟེན་གསང་བ་ནི་ཕྱི་རྟེན་གྱི་སྐོས་ལྔ་དང༌། ནང་རྟེན་གྱི་བཅུད་དགུ་དང༌། གསང་བའི་རྟེན་དྲུག་ལ་སོགས་འདི་ལྟ་བུའི་རྟེན་ཡིན་ཞེས་པ་གསང་བའོ། ལས་གསང་བ་ནི། ཞི་རྒྱས་དབང་དྲག་བཞིའི་ལས་གསང་བ་དང༌། རྒྱུ་རྐྱེན་གསང་བ་ནི་གདུང་བ་སྟོང་གི་སྙིང་ཁྲག་དང༌། རྔམ་པ་དགུའི་ལྟག་ཤ་དང༌། འབྲུ་སྣ་དགུའི་ངར་ཕྱེ་ལ་སོགས་གསང་ངོ༌། རྐྱེན་ནི་འཚོ་བ་ཟས་ཀྱི་རྐྱེན་དང༌། དུག་འཇོམས་སྨན་དང༌། དགྲ་ཟློག་མཚོན་དང༌། རྐྱེན་ཟློག་ཟང་ཟིང་ཡས་སྟེགས་ཀྱི་རྐྱེན་ལས་སོགས་པ་གསང་བའོ། འབྲས་བུ་གསང་བ་ནི། དུས་འདིེར་ཐོབ་པའི་འབྲས་བུ་ཚེ་རིང་ནད་མེད། བཙན་ཕྱུག་བཀྲ་ཤིས་ཡིད་འོང་མཐུ་བྱིན་ལྡན་པ་རྣམས་ཐོབ་པས་དབང་མ་ཐོབ་པ་ལ་གསང་བ་དང༌། ཕྱི་མར་ཐོབ་པ་མཐར་མཐུག་གི་འབྲས་བུ་ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་ས་ཐོབ་པ་དང༌། སར་ཆུད་པ་དང༌། སར་གྲོལ་བ་དང༌། སྨིན་པ་ཕྱིར་མི་ལྡོག་པའི་ས་ནོན་པ་ལ་སོགས་པ་གསང་བའོ། རྟགས་གསང་བ་ནི། དངོས་དང་ཉམས་དང༌། རྨི་ལམ་ལ་སོགས་པ་མཆོག་དང་ཐུན་མོང་ལ་སོགས་ཀྱི་རྟགས་རབ་འབྲིང་གང་ཡང་གསང་བ་དང་དགུའོ།།

      གསུམ་པ་བསྒྱུར་བར་བྱ་བ་ལ་ལྔ་སྟེ། སྟོང་གསུམ་ལྷའི་གཞལ་ཡས་ཁང་དུ་བསྒྱུར་བ་དང༌། ཁམས་གསུམ་ལྷ་དང་ལྷ་མོར་བསྒྱུར་བ་དང༌། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྱུར་བ་དང༌། དུག་གསུམ་སྐུ་གསུང་ཐུགས་དང་མཁའ་ཀློང་དབྱིངས་གསུམ་དུ་བསྒྱུར་བ་དང༌། ཕུང་པོ་བཅིང་གྲོལ་ལྷའི་ཕྱག་རྒྱར་བསྒྱུར་བའོ། བཞི་པ་སྤྱད་པར་བྱ་བ་ལ་ལྔ་སྟེ། མཚན་ལྡན་གྱི་རྒོད་ལྕམ་ལ་ཐབས་ཤེས་རབ་ཀྱི་རོལ་པར་སྤྱད་པ་དང༌། བདུད་རྩི་རྣམ་པ་ལྔ་ལ་ལྟ་བ་ཡེ་ཤེས་ཀྱི་རོལ་པར་སྤྱད་པ་དང༌། མཆོད་པ་དང་གཏོར་མ་ལ་སོགས་དབྱིངས་སུ་མཆོད་ཅིང་དངོས་གྲུབ་ཀྱི་ཞལ་ཟས་ཟད་མེད་གཡུང་དྲུང་གི་ལང་ཚོར་སྤྱད་པ་དང་ལྔའོ། ལྔ་པ་མི་འདའ་བའི་དམ་ཚིག་ནི། ཐུགས་རྗེ་དྲང་རྒན༼མཁན༽་གྱི་བཀའ་མི་འདའ་ཞེས་བྱ་སྟེ། བསྙེན་སྒྲུབ་ཡི་དམ་གྱི་ལྷ་ཡིས་མ་ཁྲེལ་བ་དང༌། ཁྱུང་མཆོག་རླབས་པོ་ཆེའི་དཔུང་ལས་མི་འདའ་ཞེས་བྱ་སྟེ། སྤྱོད་པ་ལྷ་སྲིན་དྲེགས་པས་མ་ཁྲེལ་བ་དང༌། སྤུ་གྲི་ནགས་ཚལ་གྱི་སོ་མི་འདའ་ཞེས་བྱ་སྟེ། སེམས་བསྐྱེད༼ཅན༽་སོ་སོ་སྐྱེ་བོས་མ་ཁྲེལ་བ་དང༌། ཐུགས་རྗེ་ཉག་ཐག་གི་རྒྱང་ལས་མི་འདའ་ཞེས་བྱ་སྟེ། བརྩེ་གདུང་ལྷ་དང་མཆེད་ལྕམ་གྱིས་མ་ཁྲེལ་བ་དང༌། ཡེ་སྲིད་རྒྱལ་པོའི་བཀའ་མི་འདའ་ཞེས་བྱ་སྟེ། རྩ་བ་རང་སེམས་ཀྱིས་མ་ཁྲེལ་བར་བསྲུང་བ་དང་ལྔའོ། དམ་ཚིག་དེ་དག་ཐམས་ཅད་ཀྱང་བསྡུས་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ལ་འདུས་ཏེ། སྐུའི་དམ་ཚིག་མི་སྤང་ཞིང༌། གསུང་གི་དམ་ཚིག་རྒྱུན་མི་བཅད། ཐུགས་ཀྱི་དམ་ཚིག་མ་ཡེངས་པའི། ཞེས་གསུངས་པ་དང༌། རྩ་རྒྱུད་ཉིད་ལས་ཀྱང༌། རྩ་བ་ཡན་ལག་དུ་མར་གསུངས་ཀྱངརྩ་བའི་ནང་འདི་ལྟར་གསལ༌།རྩ་བ་ཡན་ལག་ཅི་སྨྲོས་ཀྱང༌། ལུས་ངག་ཡིད་དང་གསུམ་པོ་ནི། ཉེས་པ་ཀུན་གྱི་རྩ་བ་ཡིན་ཞེས་གསུངས་པའོ། ལྔ་པ་བསྲུང་ཐུབ་ཀྱི་སྐྱོན་ཡོན་ལ་གཉིས་ལས། དང་པོ་ཉམས་པའི་སྐྱོན་ནི། ལུས་ཀྱི་དམ་ཚིག་མ་ཐུབ་སྟེ་ཉམས་ན། འདིར་ཡང་ཚེ་ཐུང་ནད་མང་དབུལ་ཞིང་འཕོངས་པར་འགྱུར་ལས༼ལ༽། དེས་བྱས་ནས་ཕྱི་མར་མི་ཁོམ་པའི་གནས་བརྒྱད་ལྟ་བུར་ལྷུང་ཞིང༌། མཐར་ངན་སོང་གསུམ་པོ་ཉམས་སུ་མྱོང་བར་འགྱུར་རོ། ངག་གི་དམ་ཚིག་མ་ཐུབ་སྟེ་ཉམས་ན། འདིར་ཡང་ངག་གི་ནུས་པ་ཟད་ཅིང༌། སྨྲས་ཚད་ལོག་པར་འགྱུར་པ་དང༌། དེས་བྱས་ནས་ཕྱི་མར་ཡང་ངག་གིས་མི་དགེ་བ་སྤྱོད་པ་དང། ལྐུགས་དང་མི་བདེན་པ་སྨྲ་བའི་རྟེན་དུ་གྱུར་ཏེ། མཐར་དམྱལ་བ་ནས་ལྕེ་ལ་ཞིང་རྨོ་བའི་གནས་སུ་སྐྱེས་ནས་སྦྱོང་བར་འགྱུར་རོ། ཡིད་ཀྱི་དམ་ཚིག་མ་ཐུབ་སྟེ་ཉམས་ན། འདིར་ཡང་བསམ་པ་མི་འགྲུབ་ཅིང་དབང་པོ་མི་གསལ་བ་དང༌། སྙིང་རླུང་ཅན་ལ་སོགས་སུ་འགྱུར་ལ། དེས་བྱས་ནས་ཕྱི་མར་ཡང་བསམ་པ་མི་འགྲུབ་ཅིང༌། སྟབས་བསྣོལ་ལ་སོགས་པ་ཁོ་ནར་འགྱུར་ལ། མཐར་བྱོལ་སོང་དང༌། དམྱལ་བ་ལ་སོགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། དམ་ཚིག་ཉམས་པའི་སྔ་ལྟས་ནི། འདི་རུ་མི་བདེ་སྣ་ཚོགས་འབྱུང། ཕྱི་མར་མནར་མེད་དམྱལ་བར་སྐྱེ། ཞེས་གསུངས་པས་སོ། གཉིས་པ་བསྲུང་པའི་ཡོན་ཏན་ལ། ལུས་ཀྱིས་མ་ཉམས་པ་ཐུབ་ན། འདིར་ཡང་ཚེ་རིང་ནད་མེད་དཔལ་དང་འབྱོར་པ་ཕུན་གསུམ་ཚོགས། དེས་བྱས་ནས་ཕྱི་མར་དལ་འབྱོར་ཁྱད་པར་ཅན་གྱི་རྟེན་ཐོབ་ནས། མཐར་ཡང་འགྱུར་བ་མེད་པ་གཡུང་དྲུང་གི་སྐུ་ཐོབ་པར་འགྱུར་རོ། ངག་གི་མ་ཉམས་ཏེ་ཐུབ་ན་འདིར་ཡང་ཅི་སྨྲས་བདེན་པ་དང༌། གཞན་ལ་བཀའ་གཉན་པ་ལ་སོགས་ངག་གི་ནུས་པ་དང་ལྡན་ཅིང༌། དེས་བྱས་ནས་ཕྱི་མར་ཡང་ངག་གི་ཡོན་ཏན་དུ་མ་དང་ལྡན་ནས། མཐར་རང་བཞིན་མེད་པའི་གསུང་ཐོབ་པར་འགྱུར་རོ། ཡིད་ཀྱི་མ་ཉམས་ཏེ་ཐུབ་ན། འདིར་ཡང་ཅི་བསམ་འགྲུབ་ཅིང་རྟོགས་པའི་མཆོག་ཏུ་འགྱུར་ལ། དེ་བྱས་ནས་ཕྱི་མ་ལ་ཡང༌། ཡིད་ཀྱི་ཡོན་ཏན་དུ་མ་དང་ལྡན་ཅིང༌། མཐར་འཁྲུལ་པ་མེད་པའི་ཐུགས་ཐོབ་པར་འགྱུར་རོ། དྲུག་པ་དམ་ཚིག་གི་རང་བཞིན་ནི། སེམས་ཡེ་ནས་ཀུན་ཏུ་བཟང་པོའི་དོན་རྟོགས་ན། ཡེ་བསྲུང་ཆེན་པོར་འགྱུར་བས། བསྲུང་མཚམས་ཀྱི་སྐྱོན་ཡོན་དང་བྲལ་བ་སྟེ། སེམས་གཡུང་དྲུང་འཆི་མེད་སྐྱེས་ན་བརྩན་ལ། སྲོག་ཅེས་བྱ་བ་ཡང་མེད་ལ། དེ་མེད་པས་སྲོག་བཅད་དུ་ཡང་མེད་པས། བསད་གསོ་གཉིས་མེད་ཀྱི་དམ་ཚིག་ཅེས་བྱའོ། འདོད་དགུ་རང་ལ་བྱུང་ཙམ་ན། དེ་ཡིས་གཞན་ལ་བྱིན་པ་ཡང་མེད་ལ། ཐམས་ཅད་རང་ལ་བྱུང་བས་བླངས་པ་མེད་པས་སྦྱིན་བླང་གཉིས་མེད་ཀྱི་དམ་ཚིག་ཅེས་བྱའོ། བོན་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟ་བུ་མིང་དང་ཚིག་དུ་བཏགས་པ་ཐམས་ཅད་མ་ངེས་ཏེ་ཀུན་རྫོབ། དོན་དམ་པར་ཀུན་རྫོབ་ལ་རང་བཞིན་མེད་པ་བདེན་རྫུན་གཉིས་མེད་ཀྱི་དམ་ཚིག་ཅེས་བྱའོ། ཀུན་ཏུ་བཟང་པོ་ཐུགས་ཆགས༼པ༽་མེད་པའི་དོན་ལ་གནས་ཏེ། ཐབས་ཆེན་རོལ་པས་ཆགས་སྡང་གཉིས་མེད་ཀྱི་དམ་ཚིག་ཅེས་བྱའོ། དམ་ཚིག་གི་ངེས་ཚིག་ནི། དམ་ནི་གསས་མཁར་གྱི་སྤྱི་དམ་ལས་མི་འདའ་བས་དམ། ཚིག་ནི་བསྲུང་ན་ལས་དང་སྒྲིབ་པ་ཚིག་ལ། མ་བསྲུང་ན་རང་གི་རྒྱུད་ཚིག་པའོ། དེ་ལྟར་རྩ་བཞི་རང་སར་གྲོལ་ནས་ཁྱད་པར་ཆེན་པོ་ངོ་མཚར་ཆེ་བས་ན་མཆོག་ཅེས་བྱའོ། གསུམ་པ་གསང་མཚན་ནི་རྒྱས་པར་གོང་དུ་བསྟན་པ་ལྟར་རོ། གསུམ་པ་རྙིང་པ་བསྣན་པ་ནི། དམ་ཚིག་རྙིང་པ་ལ་ཡི་དམ་བསྲེ་བ་དང༌། གསང་མཚན་བཏགས་པས༼པ༽་གཉིས་མི་དགོས་ཀྱིས་གཞན་རྣམས་སྔར་དང་འདྲ་བས་གསེར་ལ་བརྩི་བསྣན་པ་དང་འདྲ་བས་ཡོན་ཏན་གོང་ནས་གོང་འཕེལ་དུ་འགྱུར་རོ། གལ་ཏེ་ཉམས་པ་ཅན་ཡོད་ན་ཚོགས་དང་བཤགས་པ་བྱས་ལ་བསྐྱར་རོ། དེ་ལྟར་གསང་སྔགས་དབང་ཆེན་ངོ་མཚར་རྒྱས་པའི་འཇུག་ཆོག་བསྲེ་བསྣན་རྒྱས་མིན་བསྡུས་པ་ཡི་གེར་བཀོད། དགེ་དེས་འགྲོ་བ་གསང་སྔགས་མཆོག ལམ་བགྲོད་རྫོགས་སངས་རྒྱས་པར་ཤོག གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ་ཞེས་བྱ་བ། འ་ཞྭ་བློ་གྲོས་རྒྱལ་མཚན་ལ་མེ་ཉག་བསོད་རྒྱལ་གྱི་སྐུལ་ཏེ་སྦྱར་ལ་འདུས་པར་བཀོད་པ་རྫོགས་སོ། འདི་ལ་བློ་གྲོས་ཀྱིས་བཀོད་པ་ལས། སེམས་བསྐྱེད་རྗེས་སུ་འདུག་པ། གོ་རྗེས་ཤིང་སྐྱབས་འགྲོ་རྗེས་སུ་བྱས་ཤིང༌། ཕྱི་ནང་གི་ཁྲུས་གཉིས་དང་གསང་མཚན་དང་མིང་གི་དབང་བསྐུར་སྒོ་དབྱེ་སོགས་ལོགས་སུ་བླང་མི་དགོས་པར། ཡང་སྟོན་དཔལ་བཟང་བདག་གི་རྒྱུད་ལུང་དང་མི་འགལ་བར་བཅུག་ནས་ཁྲིགས་ཅན་བྱས་ཡོད། དགེའོ། བཀྲ་ཤིས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག