ནང་དོན་མདོར་བསྡུས།
བོད་ཀྱི་སྐར་རྩིས་རིག་པ་ལས(Astrology)ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེད་བྱེད་འབྱུང་བ་བཞི་སྟེ། ས་རྡུལ་དང་། ཆུ་རྡུལ། མེ་རྡུལ། རླུང་རྡུལ་བཅས་ཚོགས་པ་ལས་བྱུང་ཡོད་པར་ངོས་འཛིན་བྱས་ཡོད། དེར་བརྟེན་འབྱུང་བ་བཞིའི་རིག་པ་འདི་ནི་གནའ་རབས་བོད་ཀྱི་ཚན་རིག་གི་རིག་པ་དང་། དེང་དུས་ཚན་རིག་གི་རྨང་གཞི་ཡང་ཡིན། རྩོམ་ཡིག་འདིའི་ནང་དོན་མདོར་བསྡུས་ནི།
༡.སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ཡས་མས་ཀྱི་སྐབས་སུ། བོད་ཡུལ་ནུབ་ཕྱོགས་ཀྱི་གངས་ཏི་སེའི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་རྒྱལ་ཕྲན་སིལ་མ་བཞི་བཅུའི་ཡ་གྱལ། རྒྱ་ལག་འོད་མའི་གླིང་ཞེས་པ་དེར་འཁྲུངས་པའི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས། ཕྱི་རང་བྱུང་ཁམས་ཀྱི་འབྱུང་བ་བཞིའི་ཁམས་འཁྲུགས་པ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་གནོད་འཚེར་མི་འདྲ་བ་སྣ་ཚོགས་པ་སྟེ་བཙའ། སད། སེར་བ། གངས་ཐན། ས་ཡོམ། ཤྭ་འོད་སོགས་ཡོང་ཞིང་ཡོད་པར་ངོས་འཛིན་བྱས་ནས། དེ་དག་ཞི་བར་བྱེད་པའི་ཐབས་འབྱུང་བ་བཞིའི་རིག་པ་ལ་བརྟེན་ནས་རྩིས་གཏོ་སྣ་ཚོགས་དང་། གཏོ་མདོས་ཡས་གླུད་བཅས་ཀྱི་ཆོ་ག་མང་པོ་བཟོས་པའི་སྐོར་ཡིན།
༢.གནའ་བོའི་བོན་གྱི་རིག་གཞུང་དག་ན་འབྱུང་བ་བཞིས་སྣོད་བཅུད་ཀྱི་དངོས་པོ་རྣམས་ཆགས་ཚུལ་གང་འདྲ་བསྟན་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་པོ་རི་བོ་དང་། ཆུ་ཀླུང་། ནགས་ཚལ། དེ་བཞིན་དུ་ཉི་ཟླ་རྒྱུ་སྐར་ལ་སོགས་པའི་དངོས་པོ་སོ་སོའི་ཁམས་ཀྱི་འབྱུང་བ་དང་། ནང་སེམས་ཅན་སོ་སོའི་ལུས་ཁམས་ཀྱི་འབྱུང་བའི་ཁམས་འཕྲད་ཚུལ་ལ་བརྟེན་ནས་ལུས་ལ་བདེ་སྡུག་གི་ཚོར་བ་མི་འདྲ་བ་སྣ་ཚོགས་པ་འདི་དག་ཡོང་གི་ཡོད་ཚུལ་དང་། དེ་ལ་བརྟེན་ནས་ཕྱི་རོལ་འབྱུང་ཁམས་ཀྱི་གནོད་པ་?Jལ་བ་དང་། ནང་གི་འབྱུང་ཁམས་སྙོམས་་པར་བྱེད་པའི་ཐབས་སུ་རྩ་ཐིག་རླུང་གསུམ་སྒོམ་པའི་ཐབས་བསྟན་པ་བཅས་བྱུང་བའི་ཚུལ་ཡིན།
༣.བོད་ཀྱི་གསོ་རིག་གི་གཞུང་སྔ་ཤོས་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་ཙམ་དུ་བྱུང་བའི་བོན་གྱི་གསོ་རིག་འབུམ་བཞིའི་ནང་དུ། ཕྱི་རོལ་ཡུལ་གྱི་དངོས་པོ་མི་འདྲ་བ་རྣམས་ཀྱི་འབྱུང་བའི་ཁམས་མི་འདྲ་བ་ལ་བརྟེན་ནས། ནང་སེམས་ཅན་གྱི་ལུས་ཁམས་ལ་གནས་པའི་འབྱུང་བའི་ཁམས་འཁྲུགས་པའི་རྐྱེན་བྱེད་ཅིང་ཡོད་པ་དེ་ནི་ནད་ཀྱི་རྒྱུའི་འབྱུང་བ་ཡིན་པ་དང་། དེ་ལྟར་ལུས་ཁམས་ལ་གནས་པའི་འབྱུང་བའི་ཁམས་འཁྲུགས་ནས་ཟུག་རྔུ་སྐྱེད་པ་ནི་ནད་ཀྱི་ངོ་བོའི་འབྱུང་བ་ཡིན་པ་དང་། ལུས་ཀྱི་འབྱུང་བའི་ཁམས་འཁྲུགས་པའི་ཟུག་རྔུ་དེ་དག་ཞི་བར་བྱེད་པའི་ཐབས་ལ་ཡང་དངོས་པོ་གཞན་རྩི་ཤིང་དང་། མེ་ཏོག་སོགས་ཀྱི་འབྱུང་བའི་ནུས་པ་བེད་སྤྱོད་བྱེད་ནས་ལུས་ཁམས་སྙོམས་པར་བྱེད་པ་ནི་སྨན་གྱི་འབྱུང་བ་ཡིན་པ་སྟེ། དེ་ལྟར་ལུས་དང་། ནད་དང་། སྨན་གསུམ་པོ་ངོ་བོ་བདག་གཅིག་གི་འབྲེལ་བ་གྲུབ་ཚུལ་སྐོར་བསྟན་ཡོད་པ་བཅས་ཀྱི་སྐོར་ཡིན།
གཅིག འབྱུང་བ་བཞིས་དངོས་པོ་ཐམས་ཅད་ཀྱི་རྒྱུ་བྱ་ཚུལ་གྱི་སྐོར།
གནའ་བོའི་བོད་ཀྱི་ཤེས་རིག་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སོགས་དངོས་པོ་ཐམས་ཅད་ཐོག་མར་འབྱུང་བ་བཞི་ལས་གྲུབ་ཅིང་། མཐར་འབྱུང་བ་བཞིའི་ཀློང་དུ་ཐིམ་དགོས་པར་ངོས་འཛིན་བྱེད་ཅིང་ཡོད་པ་རེད། འབྱུང་བ་བཞི་ཞེས་པ་ས་ཆུ་མེ་རླུང་བཞི་ལ་ཟེར། དེའི་མཚན་གཞི་ནི་གཟུགས་ཀྱི་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་རིགས་མི་འདྲ་བ་བཞི་སྟེ། ས་རྡུལ་དང་། ཆུ་རྡུལ། མེ་རྡུལ། རླུང་རྡུལ་བཅས་སོ། ། དེ་ཡང་ས་མཁྲེགས་ཀྱི་རྣམ་པ་ཅན་གྱི་རྡུལ་ལ་ས་དང་བརླན་གཤེར་གྱི་རྣམ་པ་ཅན་གྱི་རྡུལ་ལ་ཆུ། དྲོད་ཀྱི་ངོ་བོ་དང་ལྡན་ཞིང་སྨིན་བྱེད་ཀྱི་ནུས་པ་ཅན་དེ་མེ། བསིལ་བའི་ངོ་བོ་དང་ལྡན་ཞིང་གཡོ་བའི་བདག་ཉིད་ཅན་གྱི་རྡུལ་ལ་རླུང་རྡུལ་ཞེས་ཟེར། འབྱུང་བ་དེ་དག་ཆ་སྙོམས་ཤིང་ལུགས་བྱུང་གི་ལས་བྱེད་པའི་དུས་སུ་དངོས་པོ་སྐྱེ་བའི་དུས་སྐབས་ཟེར། སྐབས་དེར་མི་རྣམས་ན་ཚོད་གཞོན་ཞིང་ལུས་སྟོབས་རྒྱས་པའི་དུས་སྐབས་ཡིན། འབྱུང་བ་དེ་དག་ཆ་མི་སྙོམས་ཤིང་ལུགས་ལྡོག་གི་ལས་བྱེད་པའི་དུས་སུ་དངོས་པོ་རྒུད་པའི་སྐབས་ཟེར། སྐབས་དེར་མི་རྣམས་རྒས་ཤིང་འཆི་བའི་ལམ་ལ་ཇེ་ཉེ་རུ་འགྲོ་བའི་དུས་སྐབས་རེད།
རྡུལ་ཕྲན་དེ་དག་ལས་འཇིག་རྟེན་གྲུབ་ཚུལ་བེེར་དཀར་དུ་བཀོད་པའི་བོན་རྩིས་རྙིང་པ་(p.219)ལས། འོག་གི་ཕྱོགས་ལ་ཤངས་བུག་ནས། ། རླུང་བུས་སྲིད་པ་ཡེ་ཡོད་ཀྱི། ། ཤིང་ཁམས་མཐུན་པའི་དཀྱིལ་འཁོར་རྣམས། ། ཆགས་ལ་རླུང་ལས་རྒྱ་གྲམ་བྱུང་། ། ལྗགས་ཀྱི་མཆིལ་མ་འཕྲོས་པ་ལས། ། རླངས་པ་ངད་རླངས་རིམ་བཞིན་དུ། ། ཟིལ་པ་གྱུར་པ་དེ་ཉིད་ལས། ། ཆུ་ཡི་རྒྱ་མཚོའི་ཇེ་ཆེར་འཕེལ། ། དེ་ལ་སྤྱན་གྱིས་གཟིགས་པ་ཡིས། ། འབྱུང་བ་ས་ཡི་དཀྱིལ་འཁོར་ བྱུང་། ། དེ་སྟེང་སོ་མོའི་འདུ་འཕྲད་ལས། ། འབྱུང་བ་མེ་ཡི་དཀྱིལ་འཁོར་ཆགས། ། ཞེས་འཇིག་རྟེན་ཆགས་པའི་རྒྱུ་འབྱུང་བ་བཞི་པོ་བྱུང་ཚུལ་བཤད་ཡོད་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་རིམ་བཞིན་ཆགས་ཚུལ། ཡང་དེ་ཉིད་ལས། དེ་ལས་ཆགས་པའི་རུས་སྦལ་ཞེས། ། གནས་པའི་རུས་སྦལ་ཁ་རླངས་ལས། ། འབྱུང་བ་རླུང་གི་དཀྱིལ་འཁོར་བདུན། ། དལ་བུའི་དཀྱིལ་འཁོར་ལྗང་གུ་ཆགས། ། དེ་ལ་དེ་ཙམ་སེར་ཙམ་ཆགས། ། དེ་ལས་ཧར་ཙམ་ཧུར་ཙམ་ཆགས། ། དེ་ལས་རྡོ་རྗེ་རྒྱ་གྲམ་ཆགས། ། དེ་ཡི་རུས་སྦལ་ཁ་ཆུ་ལས། ། ཟལ་ཙམ་ཟིལ་ཙམ་ཆགས་པ་ཡི། ། རིམ་བཞིན་གཤེར་ཙམ་བརླན་ཙམ་ཆགས། ། སྦྲ་ཙམ་ཤྭ་ཙམ་ཆགས་པ་ཡི། ། ཆུ་ཡི་དཀྱིལ་འཁོར་གྲུབ་པར་བཤད། ། དེ་སྟེང་རུས་སྦལ་ཤ་ལས་ནི། ། ལྷུན་པོ་རི་མཚོ་གླིང་ཕྲན་དང་། ། གསེར་གྱི་ས་གཞི་བཅས་པ་དང་། ། བ་སྤུ་རྩི་ཤིང་ཚུལ་དུ་ཆགས། ། དེ་ལ་ཆགས་པའི་རུས་སྦལ་བརྗོད། ། ཅེས་སོགས་གསུངས་ཡོད་པ་རེད།
ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ་བཤད་པའི་སྐོར་ལ་དེ་ལས་ཀྱང་རིག་པ་ཞིབ་ཏུ་སོང་ཡོད་པ་སྟེ། བོན་གྱི་དཔྱད་འབུམ་ཁྲ་བོ་(p.5)ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་འདོན། ། མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། ། ནམ་མཁའ་མེད་པར་འཕེལ་བའི་གོ་མི་འབྱེད། ། ཅེས་དང་། ཡང་དེ་ཉིད་ལས། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། ། ཆུ་ལས་ཁྲག་དང་ལྕེ་རོ་རླན་པར་བསྐྱེད། ། མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། ། རླུང་ལས་དབུགས་དང་ལྤགས་པ་རེག་བྱ་སྐྱེད། ། མཁའ་ལས་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། ། ཞེས་སོགས་འབྱུང་བ་བཞི་པོ་སོ་སོ་རང་རང་གི་ཐུན་མོང་མ་ཡིན་པའི་བྱེད་ལས་དང་། ལུས་ཀྱི་ཆ་ཤས་གང་དང་གང་གི་རྒྱུ་བྱེད་ཅིང་ཡོད་པའི་སྐོར་གསལ་པོ་གསུངས་ཡོད་འདུག
སེམས་ཅན་རྣམས་ཀྱི་ལུས་ལ་ན་ཚའི་སྡུག་བསྡལ་འདི་དག་ཀྱང་འབྱུང་བ་ཁམས་མ་སྙོམས་ལ་ལས་ཡོང་ཞིང་ཡོད་པ་སྟེ། ཕྱི་རོལ་ཡུལ་གྱི་ངོས་ནས་གནམ་གཤིས་ཀྱི་འབྱུང་བ་དང་། དུས་བཞིའི་འབྱུང་བ་ལ་སོགས་པ་རྣམས་དམན་ལྷག་ལོག་པའི་དབང་གིས་ནང་ལུས་ཁམས་ཀྱི་འབྱུང་བའི་ཁམས་འཁྲུགས་པར་བྱེད་ཅིང་ཡོད་པ་རེད། དེ་གར་ནང་བཞིན་ནང་རྐྱེན་འཚོ་བའི་འབྱུང་བ་སྟེ། ཟས་སྐོམ་གྱི་འབྱུང་བའི་ཁམས་དང་། སྤྱོད་ལམ་གྱི་འབྱུང་བའི་ཁམས་ལ་སོགས་པ་རྣམས་ཀྱིས་ལུས་ཀྱི་འབྱུང་ཁམས་དཀྲུག་ནས་ན་ཚ་སློང་གི་ཡོད་པ་རེད། ན་ཚ་དེ་དག་བར་བྱེད་པའི་ཐབས་སུ་གཙོ་བོ་གསོ་བ་རིག་པ་ཡོད་པ་གཞིར་བཅས། གཞན་ཡང་གནའ་བོའི་དུས་སུ་གཏོ་གདོས་ཡས་གླུད་སོགས་ཀྱི་ཆོ་ག་མང་པོ་བྱེད་སྲོལ་བྱུང་ཡོད་འདུག
གཉིས། འབྱུང་བའི་ཁམས་སྙོམས་པར་བྱེད་པའི་གཏོ་ཆོག
གནའ་བོའི་བོད་ཀྱི་རིག་གཞུང་དུ་འབྱུང་བའི་ཁམས་སྙོམས་པར་བྱེད་པའི་གཏོ་མདོས་སོགས་ཆོ་ག་མང་པོ་ཞིག་ཡོད་པ་དེ་དག་འགའ་ཞིག་དེང་དུས་ཀྱང་བེད་སྤྱོད་བྱས་དང་བྱེད་བཞིན་པ་འདི་རེད། གཏོ་མདོས་ཀྱི་ཆོ་ག་འདི་དག་མཛད་པ་པོ་གཙོ་བོ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡིན་པར་བན་བོན་ཀུན་ལ་ཡོངས་གྲགས་ཡིན་ཀྱང་། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། སོག་པོའི་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་འདི་ནི་རྒྱ་ནག་གི་ཁུང་ཧྥུ་ཙི་ཡིན་པར་གསུངས་པ་ནི་ནོར་འཁྲུལ་ཡིན་པའི་སྐོར། ཀོང་རྩེ་འཕྲུལ་རྒྱལ་དང་འབྲེལ་བའི་གནད་དོན་འགའ་ཞིག་གླེང་བ། ཞེས་པ་བོད་ལྗོངས་ཞིབ་འཇུག སྤྱི་ལོའི་༡༩༩༨ལོའི་དེབ་༣པ་ལས་གསལ་བ་ལྟར་རོ། ། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ནི་སྤྱི་ལོ་སྔོན་གྱི་ལོ་ངོ་གཅིག་སྟོང་ལྔ་བརྒྱ་ལྷག་ཙམ་གྱི་གོང་དུ་འཁྲུངས་པ་བེེར་དཀར་ལས་གསུངས། འཁྲུངས་པའི་ཡུལ་ནི་བོན་གྱི་མདོ་གཟེར་མིག་ལས། རྒྱ་ལག་འོད་མའི་གླིང་ཞེས་དང་། ཐུགས་འབུམ་མཁའ་སྔོན་ལས། གངས་ཏི་སེའི་ནུབ་ཕྱོགས་རྒོད་རྗེ་ཀོང་ཙེ་རྒྱ་ཡི་ཡུལ་ཞེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པར་བཤད། ཁོང་ནི་བོད་ཀྱི་རྩིས་གཏོ་མང་ཆེ་བ་མཛད་མཁན་ཡིན་ཞིང་། དེའང་འབྱུང་བ་སོ་སོ་ལ་ཁ་དོག་གི་ནུས་པ་དང་དབྱིབས་ཀྱི་ནུས་པ་སོགས་མང་པོ་ཞིག་ཡོད་པར་ངོས་འཛིན་གནང་གི་ཡོད་པ་སྟེ། ལྗང་ཁུ་ཤིང་གི་ཁ་དོག དམར་པོ་མེའི་ཁ་དོག སེར་པོ་སའི་ཁ་དོག དཀར་པོ་ལྕགས་ཀྱི་ཁ་དོག སྔོན་པོ་ཆུའི་ཁ་དོག་བཅས་འབྱུང་བའི་ཁ་དོག་དང་། ། ནར་མོ་ཤིང་གི་དབྱིབས། ཟུར་གསུམ་མེའི་དབྱིབས། གྲུ་བཞི་སའི་དབྱིབས། ཟླ་གམ་ལྕགས་ཀྱི་དབྱིབས། ཟླུམ་པོ་ཆུའི་དབྱིབས་བཅས་འབྱུང་བ་སོ་སོའི་དབྱིབས་སོགས་བསྟན་ཅིང་། དེ་དག་ལ་ཕྱི་ནང་གཉིས་ཀྱི་འབྱུང་བའི་ཁམས་སྙོམས་པར་བྱེད་པའི་ནུས་པ་ཡོད་པར་དགོངས་ནས། སྐུད་པ་ཁ་དོག་སྣ་ཚོགས་ཀྱིས་ནམ་མཁའ་དང་། སྐུ་རྟེན། རྒྱང་བུ། མདའ་བཀྲ། འཕང་བཀྲ་སོགས་གཏོ་རྫས་རིགས་མི་འདྲ་བ་འདི་དག་བེད་སྤྱོད་བྱེད་སྲོལ་བྱུང་པ་རེད། སྤྱིར་བཏང་གཏོ་མདོས་མང་ཆེ་བའི་ནང་འབྱུང་བ་ལྔའི་གྲོགས་འཕྲད་ལྟར་སྐུད་པ་ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་རྣམས་ཀྱིས་ནམ་མཁའ་བྲན་ནས་འབྱུང་བ་མཐུན་སྦྱོར་གྱི་ཆོ་ག་བྱེད་ཅིང་ཡོད་པ་རེད།
དམིགས་བསལ་གྱི་ཆོ་ག་ལ། ཕ་མེས་ཀྱི་དུར་སྲི་དང་ཤི་སྒབ་གཅོད་པའི་ཆོ་ག ཀོང་ཙེའི་གཏོ་བསྒྱུར། ཞེས་པ་ཀོང་ཙེ་འཕྲུལ་རྒྱལ་སྐུ་ཉིད་མཛད་པའི་ཆོ་ག་དེ་ལས། ནམ་མཁའ་ཤར་ལྗང་། བྱང་སྔོ། ནུབ་དཀར། ལྷོ་དམར། བྱང་ཤར་སེར་པོ། ནུབ་བྱང་སྔོ་སྐྱ། ལྷོ་ནུབ་སེར། ཤར་ལྷོ་དཀར་པོ་ནམ་རྒྱང་མདའ་འཕང་བཅས། ཞེས་ཕྱོགས་སོ་སོར་ནམ་མཁའ་ཁ་དོག་མི་འདྲ་བྱེད་ཚུལ་སོགས་བཅའ་ཆོག་དང་། ཆོ་ག་དེ་ཉིད་གྱེར་འདོན་སྐབས་སུ། བཀའི་གཏོ་མཁན་བདག་གིས་གཏོ་བགྱིས་ན། ། འབྱུང་བ་ནམ་མཁའི་གདན་སྟིང་ནས། ། ཁེན་པ་རྒན་པོ་གཏོ་ལ་བྱོན། ། འབྱུང་བ་ས་ཡི་གདན་སྟིང་ནས། ། ཁོན་མ་རྒན་མོ་གཏོ་ལ་བྱོན། ། ཞེས་སོགས་སྤར་ཁ་དང་སྨེ་བའི་འབྱུང་བའི་ལྷ་རྣམས་གདན་དྲངས་ནས་འབྱུང་ཁམས་འཁྲུགས་པའི་གནོད་པ་རྣམས་ཞི་བའི་ཐབས་ཀྱི་ཆོ་ག་སྣ་ཚོགས་གསུངས་ཡོད་པ་ལྟར་རོ། །
གསུམ། འབྱུང་བ་འཕྲད་སྦྱོར་དང་དེང་རབས་རྫས་འགྱུར་རིག་པ་འདྲ་མཚུངས་བསྟན་པ།
ང་ཚོ་བོད་ཀྱི་རིག་གཞུང་དག་ན་འབྱུང་བ་ཕན་ཚུན་འཕྲད་པ་ལས་སྤྱི་དངོས་པོ་ཐམས་ཅད་སྐྱེས་པའི་རྒྱུ་བྱེད་ཅིང་ཡོད་པ་དང་། བྱེ་བྲག་དུ་རོ་དྲུག་གི་དངོས་པོ་རྣམས་བསྐྱེད་ཅིང་ཡོད་པ་སྟེ། དཔེར་ན། འབྱུང་བ་ས་ཆུ་གཉིས་འཕྲད་པ་ལས་རོ་མངར་བའི་རིགས་ཀྱི་དངོས་པོ་སྐྱེད་ཅིང་ཡོད་པ་དང་། མེ་ས་གཉིས་ལས་སྐྱུར་བ། ཆུ་མེ་གཉིས་ལས་ལན་ཚྭ། ཆུ་རླུང་གཉིས་ལས་ཁ་བ། མེ་རླུང་གཉིས་ལས་ཚ་བ། ས་རླུང་གཉིས་ལས་བསྐ་བ་བཅས་ཀྱི་དངོས་པོའི་རྫས་རིགས་རྣམས་སྐྱེད་པར་ངོས་འཛིན་བྱེད་ཅིང་ཡོད་པ་རེད།
དེང་རབས་ཚན་རིག་གི་ལུགས་ལ། རྫས་འགྱུར་རིག་པའི་འབྱུང་བའི་རྟེན་འབྲེལ་འཁོར་ལོ་ལས། (元素 周期表)1.H ཧེ་སྒྲོ་ལྗི། དབུགས་རྫས་ཡང་ཤོས་ཞིག་མཚོན་བྱེད་ཡིན། 6.C ཁར་བྷན། སྲ་བའི་དངོས་རྫས་ཞིག་ཡིན། 7.N ན་ཁྲོབ་ལྗིན། དབུགས་རྫས་ཞིག་མཚོན་བྱེད་ཡིན། 8.O ཨག་གི་སི་ལྗན། དབུགས་རྫས་ཞིག་ཡིན། རྫས་རིགས་འདི་བཞི་ལ་ཆུའི་གྲུབ་ཆ་ཡོད་པས་སྐྱེ་དངོས་འཚོ་བའི་ནུས་པ་ཡོད་པར་བཤད། H+O=ཆུ་ཡིན།
11.Na ལྕགས་དུག་དང་ལྡན་པའི་སྲེག་རྫས་ཞིག་སྟེ་ཆུ་དང་འཕྲད་ཚེ་འབར་ཏེ་འཕྱུར་བའི་རྫས་ཞིག་ཡིན། 17.C1 མུ་ཟིའི་དུག་རྫས་ཞིག་ཡིན། འོན་ཀྱང་འདི་ཉིད་འཕྲད་ན་ཚྭ་འགྱུར་འགྲོ་ཞིང་ཡོད་པར་བཤད། Na+C1=ཚྭ་ཡིན།
རིག་པ་འདི་བཞིན་དུ་བོད་ཀྱི་གསོ་རིག་གི་གཞུང་དུ་འབྱུང་བ།
ཆུ + མེ = ཚྭ། རོ་ལན་ཚྭ།
ས + ཆུ = ཀ་ར། རོ་མངར་བ།
མེ + ས = ཚུར། རོ་སྐྱུར་བ།
གོང་གསལ་གནའ་དེང་གི་ཤེས་རིག་ཁག་གཉིས་བསྡུར་ན་དངོས་པོའི་འབྱུང་བའི་རྫས་ངོས་འཛིན་ཚུལ་མི་འདྲ་བ་ཙམ་ལས། རྩ་བའི་རིག་པ་འགྲོ་ཚུལ་གཅིག་མཐུན་ཡིན་པ་མ་ཟད་ངོས་འཛིན་བྱས་པའི་རྫས་དེ་དག་ཀྱང་བྱེད་ལས་ཕལ་ཆེར་འདྲ་པོར་རེད་འདུག
གཞན་ཡང་དེང་རབས་རྫས་འགྱུར་ནང་གི་ Solid Liquid Gas རྒྱ་སྐད་དུ་ 固态,液态,气体,ཟེར་བ་འདི་དག་བོད་སྨན་གཞུང་དུ། སྲ་བ། སླ་བ། གཡོ་བ་བཅས་སེར་བའི་རྫས་ཀྱི་ནུས་པ་འདི་དག་དང་དོན་གཅིག་ཏུ་སྣང་། འདི་ལ་ནང་གསེས་ཀྱི་དབྱེ་བའི་སྐབས་སུ། 固态,高温液体,低温液体,气体,རིགས་བཞིར་ཕྱེས་ཡོད་པ་འདི་དང་ང་ཚོའི་འབྱུང་བ་བཞིའི་ངོ་བོ་དང་བྱེད་ལས་ཐམས་ཅད་ཆ་མཚུངས་པོ་འདུག་སྟེ། དཔེར་ན། 固态 ཞེས་པ་འབྱུང་བ་ས་དང་། 低温液体 ཞེས་པ་འབྱུང་བ་ཆུ།高温液体 ཞེས་པ་འབྱུང་བ་མེ། 气体 ཞེས་པ་འབྱུང་བ་རླུང་དང་ཆ་མཚུངས་བྱུང་འདུག དེ་དང་དེ་ལྟ་བུའི་གནའ་བོའི་བོད་མིའི་འབྱུང་རྩིས་ཀྱི་གཞུང་དང་དེང་རབས་ཚན་རིག་གི་རྫས་འགྱུར་གཞུང་གཉིས་མཐུན་ཕྱོགས་ཧ་ཅང་མང་པོ་ཞིག་མཐོང་།
བཞི། ནང་ཆོས་ལུགས་ལ་འབྱུང་བས་དངོས་པོ་སྐྱེད་ཚུལ།
དུས་ཀྱི་འཁོར་ལོ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་ཕྱི་ནང་གི་དངོས་པོ་ཐམས་ཅད་འབྱུང་བ་བཞི་ལས་གྲུབ་པར་བཤད། དེའང་དཔེར་ན། དུས་འཁོར་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་སྦྱར་ནས་བཤད་ན། གཟུགས་སྔགས་རྣམ་བཅུ་དབང་ལྡན་གྱི་ཡི་གེ་རྣམ་པ་བཅུ་པོ་དེ་དག་ལས་འོག་མ་ཡ་ཡིག་ནི། འོག་བཞི་རླུང་གི་དཀྱིལ་འཁོར་མཚོན་བྱེད། དེའི་སྟེང་གི་ར་ཡིག་ནི། འབྱུང་བ་མེའི་ཁམས་མཚོན་བྱེད། དེའི་སྟེང་གི་ཝ་ཡིག་ནི་ཆུའི་དཀྱིལ་འཁོར་མཚོན་བྱེད། དེའི་སྟེང་གི་ལ་ཡིག་ནི། འབྱུང་བ་སའི་ཁམས་མཚོན་བྱེད་བཅས་ཏེ། དེ་ལྟར་འོག་གི་ཡི་གེ་བཞི་པོ་དེ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་རྣམ་པ་ཅན་མཚོན་བྱེད་ཡིན།
ནང་རྡོ་རྗེའི་ལུས་ཀྱི་གྲོང་ཁྱེར་དང་སྦྱར་ན། འོག་གི་ཡ་ཡིག་ནི། ཕ་མའི་ཀུན་རྟོག་གི་རླུང་སྟེ་འབྱུང་བ་རླུང་གི་ཁམས་མཚོན་བྱེད། དེའི་སྟེང་གི་ར་ཡིག་ནི། ཕ་མའི་ཆགས་པའི་དྲོད་དེ་འབྱུང་བ་མེའི་ཁམས་མཚོན་བྱེད། དེའི་སྟེང་གི་ཝ་ཡིག་ནི། ཕ་མའི་ས་བོན་སྟེ་འབྱུང་བ་ཆུའི་ཁམས་མཚོན་བྱེད། དེའི་སྟེང་གི་ལ་ཡིག་ནི། ཕ་མའི་ས་བོན་གཉིས་ལྷན་གཅིག་ཏུ་འདྲེས་པའི་ལུས་ཀྱི་འབྱུང་བ་སའི་ཁམས་མཚོན་བྱེད་དེ། ནང་རྡོ་རྗེའི་ལུས་ཀྱི་གྲོང་ཁྱེར་འབྱུང་བ་རིམ་བརྩེགས་ཀྱི་རྣམ་གཞག་དང་སྦྱར་ཚུལ་ཡིན།
གཞན་དཀྱིལ་འཁོར་དང་སྦྱར་ན། འོག་གི་ཡ་ཡིག་ནི། ཐོག་མར་རྩ་སྦྱོང་བ་ལ་རླུང་སྒོམ་དགོས་པ་འབྱུང་བ་རླུང་གི་ཁམས་མཚོན་བྱེད། དེའི་སྟེང་གི་ར་ཡིག་ནི། རླུང་བསྒོམས་པའི་གཏུམ་མོའི་མེ་སྐྱེད་པ་འབྱུང་བ་མེའི་ཁམས་མཚོན་བྱེད། དེའི་སྟེང་གི་ཝ་ཡིག་ནི། གཏུམ་མོའི་མེས་ཐིག་ལེའི་ཁམས་བཞུ་བ་འབྱུང་བ་ཆུའི་ཁམས་མཚོན་བྱེད། དེའི་སྟེང་གི་ལ་ཡིག་ནི་བདེ་གསལ་རྟོག་པའི་ཉམས་ཀྱིས་ཁེངས་པའི་རྡོ་རྗེའི་ལུས་སྟེ་འབྱུང་བ་སའི་ཁམས་མཚོན་བྱེད་བཅས་བཤད་ཡོད་དོ། ། དེ་ལྟར་ཕྱི་ནང་གཞན་གསུམ་གྱི་དངོས་པོ་ཐམས་ཅད་འབྱུང་བ་རིམ་བརྩེགས་ཀྱི་རྒྱུ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་བཤད་ཡོད་པ་རེད། དེས་ན་བོད་ཀྱི་ཚན་རིག་གི་རྨང་གཞི་ནི་འབྱུང་བའི་རྣམ་བཤད་འདི་ཉིད་ཡིན།
༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱི་དེབ་ལྔ་བ་ལས་བཤུས།