༧ སྤྱིར་འཁོར་ལོ་འདི་དབྱིབས་ཟླུམ་པོར་བྱེད་དགོས་ཚུལ་དང༌། གསེར་གྱི་རུས་སྦལ་གྱིས་བཟུང་ཚུལ་དབུས་ཀྱི་བ་ལ་ཁ་གསུམ་བྱུང་བའི་དགོས་པ་ཇི་ལྟར་ཞེས་འདྲི་ན། འདི་ལྟར་བཤད་པར་བྱ་སྟེ། ༧ འཁོར་ལོ་འདིའི་དབྱིབས་ཟླུམ་པོར་བྱེད་པ་ནི། སྤྱིར་ཚངས་རྒྱུང་གི་འཇིག་རྟེན་ཆགས་པའི་བརྟན་གཞི་སའི་གོ་ལ་ཟླུམ་པོ་ཡིན་པའི་རྟགས་དང༌། དེ་ཡང་གསེར་གྱི་རུས་སྦལ་གྱིས་བཏེགས་པའམ་བཟུང་བའི་ཚུལ་མཛད་པ་ནི་གཙུག་ལག་གི་གླེང་གཞི་བསྟན་པའི་ཆེད་ཡིན་ཏེ། སྣང་སྲིད་མེ་ལོང་ལས། གཙུག་ལག་གླེང་གཞི་བསྟན་པའི་ཆེད། སྲིད་པ་སྨྲ་སེང་སེར་པོ་ཡིས། འཇིག་རྟེན་སྙིང་རྗེས་གཞི་བཟུང་ནས། བརྟན་གཞི་གསེར་གྱི་རུས་སྦལ་སྤྲུལ། དེ་ཡང་གན་རྐྱལ་ཉིད་དུ་གནས། མགོ་བོ་ལྟོར་བསྟན་མཇུག་མ་བྱང༌། ཡན་ལག་བཞི་བོ་མཚམས་བཞིར་བརྐྱང༌། ཚངས་རྒྱུང་ཆགས་པའི་གཞི་ཡིན་སྐད། ཅེས་སོ།། ༧ ཡང་དབུས་ཀྱི་བ་མོ་འདི་ནི་སྤྱིར་འཁོར་བ་མཚོན་བྱེད་ཡིན་ཏེ། མཛོད་ལས། སྲིད་པ་ཕྱིན་ཁ་ལོག་ནས་ཀྱང༌། འཁོར་བ་དུག་གི་བ་མོ་འབྱུང༌། ཞེས་པས། སྲིད་པ་ནི་གཞི་ཡེ་གནས་ཀྱི་སྲིད་པ་སྟེ། ཡེ་སྲིད་མཁའ་ལ་བདེ་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ།། ཡང་ན་ཡེ་སྲིད་བྱང་ཆུབ་ཀྱི་སེམས་སོ།། ཕྱིན་ཁ་ལོག་ནི་ལྷན་སྐྱེས་ཀྱི་མ་རིག་པ་སྟེ། དེ་ནི་གཞི་བྱང་ཆུབ་ཀྱི་སེམས་དང་དོན་མི་མཐུན་པས་ཕྱིན་ཁ་ལོག་ཅེས་སོ།། ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་འཁོར་བ་བྱུང་བའམ་གྲུབ་ཅེས་པའོ།། བ་མོ་ལ་ཁ་གསུམ་གྱེས་པ་ནི། དུག་གསུམ་གྱི་ཁ་སྟེ་འདོད་ཆགས་བྱ་དང༌། གཏི་མུག་ཕག་དང་ཞེ་སྡང་སྦྲུལ་གྱི་ཁ་གསུམ་མོ།། དེ་ཡང་འདོད་ཆགས་བྱ་ཡི་ཁས་སྟེང་ལྷ་ཡི་སྲིད་པ་ལ་ཡར་བལྟས། གཏི་མུག་ཕག་གི་ཁས་བར་མི་ཡི་སྲིད་པ་ལ་ཐད་དུ་བལྟས། ཞེ་སྡང་སྦྲུལ་གྱི་ཁས་འོག་ཀླུ་ཡི་སྲིད་པ་ལ་ཐུར་དུ་བལྟས་ཏེ། མཛོད་ལས། བ་ལ་ཁ་གསུམ་གྱིས་པ་ནི། ཁམས་སུམ་སྲིད་པ་གསུམ་ལ་བལྟས། ཞེས་སོ།། དེ་འདྲའི་དུག་གསུམ་གྱི་མགོའམ་ཁ་ནི། ཡེ་ཤེས་དང་བདེ་བ་ལ་སོགས་ནི་གསོད་པའི་ཚུལ་དང༌། རིགས་མཐུན་གྱི་ཉོན་མོངས་པ་ལ་སོགས་ནི་གསོ་བར་བྱེད་པ་དང༌། འཇིགས་ཚོགས་ཀྱི་ཕུང་པོ་ལས་ཀྱི་དབང་གིས་བརྟེན་ཅིང་ཆགས་པར་བྱེད་པ་དང༌། མི་དགེ་བ་ལ་སོགས་ཀྱི་བྱ་བ་བྱེད་པའི་བདག་ཉིད་ཡིན་པ་དང༌། འཁོར་བའི་གནས་སུ་བརྒྱུད་པའི་ལམ་མཁན་དང༌། ངན་སོང་དུ་འགྲོ་བའི་དེད་དཔོན་ཡིན་ཏེ། མཛོད་ལས། སྲིད་གསུམ་དུག་གིས་ཀུན་ཀྱང་བསྐྱེད། གསོད་པའི་ཚུལ་དང་གསོ་བར་བྱེད། འཇིགས་ཚོགས་ལས་ཀྱིས་བརྟན་པ་དང༌། བྱ་བ་བྱེད་པའི་བདག་ཉིད་དང༌། འཁོར་བར་བརྒྱུད་པའི་ལམ་མཁན་དང༌། ངན་སོང་འགྲོ་བའི་དེད་དཔོན་ནོ།། ཞེས་སོ།། ཡང་མཛོད་ལས། འདོད་ཆགས་བྱ་ཡི་ཁ་གསུམ་ལས། ལྷ་དང་མི་དང་མིའམ་ཅི། གཏི་མུག་ཕག་གི་ཁ་གསུམ་ལས། ཀླུ་དང་བྱོལ་སོང་ཉི་འཁོར་གསུམ། ཞེ་སྡང་སྦྲུལ་གྱི་ཁ་གསུམ་ལས། དམྱལ་བ་ཡི་དྭགས་གཤིན་རྗེ་གསུམ། ཞེས་པས། འདོད་ཆགས་རགས་པའི་རྒྱུ་མཚན་གྱིས་བྱ་ནི་འདོད་ཆགས་ཀྱི་དཔེ་རུ་བྱས་པའོ།། གཏི་མུག་ཕག་དང༌། ཞེ་སྡང་སྦྲུལ་ཡང་དེ་བཞིན་ནོ།།
༧ འདོད་ཆགས་བྱའི་ཁ་གསུམ་ལས། ལྷ་དང་མི་དང་མིའམ་ཅི་གྱེས་པའི་ཚུལ་ནི། རབ་འབྲིང་ཐ་མ་གསུམ་མམ། ཆགས་སྡང་རྨོངས་པ་གསུམ་སྟེ། འདོད་ཆགས་ཀྱི་འདོད་ཆགས་ལས་ལྷ་དང༌། གཏི་མུག་ལས་མི་དང༌། ཞེ་སྡང་ལས་མིའམ་ཅིའོ།།
༧ གཏི་མུག་ཕག་གི་ཁ་གསུམ་ལས་ཀླུ་དང་བྱོལ་སོང་ཉེ་འཁོར་གསུམ་གྲུབ་ཚུལ་ནི། གཏི་མུག་གི་ཞེ་སྡང་ལས་ཀླུ་དང༌། གཏི་མུག་ལས་བྱོལ་སོང༌། འདོད་ཆགས་ལས་ཉེ་འཁོར་རོ།། ཞེ་སྡང་སྦྲུལ་གྱི་ཁ་གསུམ་ལས་དམྱལ་བ་ཡི་དྭགས་གཤིན་རྗེ་གསུམ་གྲུབ་ཚུལ་ནི། ཞེ་སྡང་གི་ཞེ་སྡང་ལས་དམྱལ་བ། འདོད་ཆགས་ལས་ཡི་དྭགས་དང༌། གཏི་མུག་ལས་གཤིན་རྗེ་གྲུབ་པའོ།།
༧ ཡང་དེ་ལས་རྒྱས་པར་གྱེས་ཚུལ་ནི། ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་མམ། ཆགས་སྡང་རྨོངས་གསུམ་གྱི་ཆ་གསུམ་སྟེ་དགུ། དགུ་བོ་དེ་ལས་འཕྲོ་བའི་ཆ་དང་འདུ་བའི་ཆ་དགུ་དགུ་སྟེ་བཅོ་བརྒྱད་དང༌། དེ་ལ་དུག་གསུམ་གྱི་ཆ་བསྣན་པས་ཉེར་གཅིག་སྟེ། མཛོད་ལས། དེ་དག་གསུམ་གསུམ་དགུ་བོ་ལས། འཕྲོ་འདུ་དགུ་གཉིས་བཅོ་བརྒྱད་བྱུང༌། དེ་དག་ཉི་ཤུ་རྩ་གཅིག་ནི། ཞེས་སོ།། དེ་ལྟར་ཉི་ཤུ་རྩ་གཅིག་པོ་དེ། གང་ལས་བསྐྱེད་ན་འཁོར་བ་དུག་གི་བ་མོ་ལས་བསྐྱེད་དེ། མཛོད་ལས། དེ་དག་ཉི་ཤུ་རྩ་གཅིག་ནི། འཁོར་བ་དུག་གི་ཁ་ལས་བསྐྱེད། ཅེས་སོ།། དེ་ཐམས་ཅད་སྤྱིར་ངོ་བོ་གཅིག་ཙམ་སྟེ་ཉོན་མོངས་ཀྱི་རིགས་སུ་གཅིག་པའོ།། ནང་མི་མཐུན་ཏེ་འཛིན་སྟངས་ཐ་དད་དུགནས་པའི་ཕྱིར། མཛོད་ལས། ཕྱི་རུ་གཅིག་ལ་ནང་མི་མཐུན། ཞེས་དོན་དེའོ།། བྱེད་ལས་ནི། སྣང་ཞིང་སྲིད་པའི་ཡུལ་ཀུན་ཏུ་ཕྲ་ལ་རྒྱས་པར་འཕྲོ་ཞིང་འདུ་བར་བྱེད་དེ། དེ་ཉིད་ལས། སྣང་སྲིད་ཀུན་ལ་ཕྲ་ཞིང་རྒྱས། ཞེས་སྲིད་པའི་མཛོད་ཕུག་ལས་གསུངས་པ་ཞལ་བཤུས་པ་དགེའོ།། བཀྲ་ཤིས་སོ།།