ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> སྒྲ་ཚད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་དྲི་མེད་གསེར་གྱི་རང་མདངས།
སྒྲ་ཚད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་དྲི་མེད་གསེར་གྱི་རང་མདངས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

བོད་ཀྱི་ཚད་མ་རིག་པའི་ཚོགས་འདུ་ཐེངས་གཉིས་པ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་སྟེང་དུ་བཤད་པ།

      བོད་ཀྱི་སྒྲ་ཚད་རིག་པ་ནི། ཆོས་ལུགས་དགོན་སྡེ་ཁག་ཏུ་མ་ཟད་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཀྱིས་བོད་ཀྱི་སྒྲ་རིག་པ་ལ་སྦྱངས་ནས་ད་ལྟ་ཚད་མ་རིག་པ་ལ་ཡང་འཆད་རྩོད་སློབ་སྦྱོང་བྱེད་བཞིན་པ་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་རྗེས་སུ་ཡི་རང་གི་གནས་སོ། །འོན་ཀྱང་བོད་བརྒྱུད་ཚད་མ་རིག་པའི་ལོ་རྒྱུས་ཆེས་སྔ་བའི་ཐུན་མོང་མ་ཡིན་པའི་མཚན་སྙན་ཡོད་ཅེས་བཤད་ན་ཡང་། རྒྱ་གར་ནས་བོད་ལ་མ་དར་གོང་གི་ལོ་རྒྱུས་ཁུངས་ཡར་ལ་འདེད་ཅི་ཐུབ་བྱེད་ཀི་ཡོད་མེད་མ་ངེས། དྲང་པོར་བཤད་ན། སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་རིམ་པ་གསུམ་བསྐོར་ནས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་དུ། ཕྱི་རིག་པ། ནང་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྒྲ་རིག་པ་སོགས་རིག་གཞུང་མང་པོ་གསུངས་པའི་སྒྲ་རིག་པ་ལ། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་གསུམ་གསུངས་ནས་ཐུགས་སྲས་རྨ་ལོ་དང་གཡུ་ལོ་གཉིས་ལ་གཏད། སྒྲ་ཚད་ལ། རྩོད་སྤོང་སྨྲ་བའི་སེང་གེ་དང་མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིག་མདོ་གསུངས།
      གཞུང་སྔ་མའི་བསྟན་དོན་ནི། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་རྟོགས་པའི་ཐབས་སུ་རྟགས་དང་རྒྱུ་མཚན་སོགས་ཚད་མའི་རིག་ལམ་དང་སྦྱར་ནས་གནས་ལྷ་རི་གྱང་ཐོའི་རྩེ་མོར་འཁོར་གཡུང་དྲུང་སེམས་དཔའི་རིགས་ལ་གསུངས། གཞུང་ཕྱི་མ་གཏན་ཚིགས་ཐིག་མདོ་ནི། གཏན་ཚིགས་ཚད་མའི་ལམ་ནས་ཕྱི་རོལ་མུ་སྟེགས་པ་རྣམས་སུན་འབྱིན་བྱས་ཏེ་ཕམ་པར་མཛད། ཡང་སྟོན་པ་གཤེན་རབ་ཀྱིས་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་བསྟན། དེས་ཕྱི་ནང་གཉིས་ཀྱི་རྟོགས་པའི་ལྟ་བ། སྲུང་བའི་ཁྲིམས། སྒོམ་པའི་རིམ་པ། སྒྲུབ་པའི་ཐབས། སྤྱོད་པའི་ཕྲིན་ལས། གྲུབ་པའི་འབྲས་བུ། ཐེག་པ་འོག་མ་ལས་ཁྱད་འདོན་པ་སོགས་བདུན་བདུན་གྱིས་གཏན་ལ་ཕབས།
སེམས་ཙམ་པའི་ཐེག་པའི་སྐབས། གཏན་ཚིགས་ཆེན་པོ་སྦྱོར་བ་རྣམ་བཞིས་ཐེག་པ་དེའི་ལྟ་བ་གཏན་ཚིགས་རིག་པས་སྒྲུབ་ཚུལ་ལ་དཔྱད་ན། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་བློ་རྗེས་དཔག་ཚད་མ་སྐྱེ་ཚུལ་བསྟན་ཡོད། དབུ་མའི་ལྟ་བ་གཏན་ལ་ཕབས་པའི་སྐབས་སུ་དོན་ལྔའི་ཁྱད་པར་རྣམ་པར་བཞག་པའི་ཚད་མས། མཚན་མའི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་ནས་དོན་དམ་བདེན་པ་གཏན་ལ་འབེབས་པར་མཛད། དེ་དག་གི་བཀའ་ལུང་ལ་ཞིབ་ཏུ་གཞལ་ན། བོད་གངས་ཅན་གྱི་ཡུལ་འདིར་ཚད་མ་རིག་པ་ཧ་ཅང་དར་སྔ་བ་ཤེས་ཐུབ།
      གཞན་ཡང་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱད་ན། །ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། །ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། །འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། །ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ། ཞེས་གསུངས་པའི་ལུང་གིས་ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་དགོས་ཚུལ་སོགས་མང་དུ་ཡོད་ཀྱང་འདིར་ཡིག་ཚོགས་ལ་དོགས་ནས་མ་སྤྲོས། དེ་རྗེས་མི་ལོ་སུམ་སྟོང་བདུན་བརྒྱ་ང་བརྒྱད(༣༧༥༨)ཡར་སྔོན་དུ་པཎ་ཆེན་ལི་ཤུས་ཚད་མ་གཏན་ཚིགས་གལ་མདོ་ཞེས་ཤོག་གྲངས་ལྔ་བཅུ་ཙམ་ཡོད་པ་དེ་ཡང་བརྗོད་བྱའི་གཙོ་བོ་ཐེག་པ་གོང་འོག་གི་ལྟ་བའི་ཁྱད་པར་ཡོད་ལ། ལྟ་བ་རྟོགས་ཐབས་སུ་ཚད་མའི་རིག་ལམ་ལ་བརྟེན་ནས་ལྟ་བའི་ཁྱད་པར་གཏན་ལ་ཕབས་པ་སོགས་ད་ལྟ་དཔེ་རྙིང་མཐོང་རྒྱུ་ཡོད་པ་འདིར་གཟིགས་ནས་ཚད་མའི་རིག་ལམ་གཅིག་ཡིན་མིན་དཔྱད་དེ། བོད་ལ་ཚད་མ་རིག་པ་སོགས་རིག་གནས་ཆེ་ཆུང་གང་ཡང་དུས་ནམ་ཞིག་དར་བ་སོགས་གསལ་བོར་ཤེས་ཤིང་ཐག་ཆོད་ན་བཀའ་དྲིན་ཆེ། 
      མི་རིགས་རང་གི་རིག་གནས་ཀྱི་ཁུངས་མི་རིགས་རང་གིས་ཤེས་ན་ཤིན་ཏུ་ལེགས་ཏེ། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མི་རིགས་གཞན་པས་ཞིབ་འཇུག་བྱེད་བཞིན་པ་དང་ཤེས་བཞིན་པ་རེད་ལ། མི་རིགས་རང་གིས་མ་ཤེས་གོང་མི་རིགས་གཞན་པས་ཞིབ་འཇུག་བྱས་ནས་ཐག་ཆོད་ན། བོད་མི་རང་ཉིད་ངོ་ཚ་བའི་གནས་ཡིན་པས། མཁྱེན་སྤྱན་ཡངས་པའི་ན་གཞོན་ཡོན་ཏན་ཅན་རིག་གནས་པ་རྣམས་ཀྱིས་ཕྱོགས་ཞེན་གྱི་དབང་དུ་མ་སོང་། གུ་དོག་གི་སྒྲོག་ཏུ་མ་ཚུད་པར་བློ་གཟུ་བོར་གནས་ཤིང་། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལོ་རྒྱུས་སོགས་དྲང་བདེན་སྐྱོན་མེད་ཀྱི་ལྟ་བ་ཡང་དག་པའི་སྒོ་ནས་དར་སྤེལ་མཛད་རྒྱུ་མཁྱེན་མཁྱེན་ཞེས་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག