ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> བོན་གྱི་སྐྱབས་འགྲོ་དང་སྔོན་འགྲོ་འབུམ་དགུ།
བོན་གྱི་སྐྱབས་འགྲོ་དང་སྔོན་འགྲོ་འབུམ་དགུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྨ་རོང་དགེ་བཤེས་ཉི་མ་དབང་རྒྱལ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་ལ་སྤྱོད་པའི་རྣམ་གྲོལ་དོན་གཉེར་གྱི་བོན་པོ་སུ་ཞིག་ཡིན་རུང་ཐོག་མར་མཚན་ཉིད་དང་ལྡན་པའི་ཡོངས་འཛིན་དཔོན་གསས་མཆོག་གི་ཞབས་ལ་གཏུག་སྟེ། རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་ཐབས་ཟབ་མོ་ཨ་ཁྲིད་དང་སྙན་རྒྱུད་རྫོགས་ཆེན་སོགས་ཀྱི་སྔོན་འགྲོའི་གདམས་པ་ཞུ་བའི་སྲོལ་ཡོད།
      དེ་ཡང་ཨ་ཁྲིད་ལྟ་བུའི་སྔོན་འགྲོའི་ཁྲིད་རིམ་ནི། རྨེ་སྟོན་དམ་པ་དགོངས་མཛོད་རི་ཁྲོད་ཆེན་པོས་མཛད་པའི་མན་ངག་ཁྲིད་ཀྱི་ལག་ལེན་ཐུན་མཚམས་ལས། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོའི་གདམས་པ་ལ་བཞི་སྟེ། ཞེན་པ་ཟློག་པའི་ཐབས་སུ་མི་རྟག་སྒོམ་པ་དང་། ལམ་སྒོ་དབྱེ་བའི་ཐབས་སུ་སྐྱབས་སེམས་ལ་འཇུག་པ་དང་། ཚོགས་གཉིས་རྫོགས་པའི་ཐབས་སུ་མཎྜལ་འབུལ་བ་དང་། བྱིན་རླབས་འཇུག་པའི་ཐབས་སུ་གསོལ་བ་འདེབས་པའོ། ཞེས་གསུངས་པའི་དོན་བཞིན་བཅད་བཞི་ཡི་སྒོ་ནས་སློབ་བུའི་རྒྱུད་ཚོད་དང་བསྟུན་པའི་གདམས་པ་གནང་སྟེ་སློབ་མས་ཀྱང་བླ་མས་གསུངས་པའི་དོན་བཞིན་ཐུན་མཚམས་ཀྱི་གོ་རིམ་མ་ནོར་བར་རབ་ཀྱི་རྒྱུན་ཆད་མེད་པ་དང་། འབྲིང་གི་སྐབས་བབས་ཀྱི་སྔོན་འགྲོའི་བསགས་སྦྱོང་ལ་གཞིགས་ཏེ་ཞག་བརྒྱའམ་ལྔ་བཅུའི་རིང་ཉིན་རེར་ཐུན་དྲུག་བཅད་དེ་བླ་མའི་རྣལ་འབྱོར་སོགས་བསྒོམ་ནའང་འདིར་བསྒོམ་ཚུལ་དང་བསྒྲུབ་ཚུལ་རྒྱས་པར་མ་སྤྲོས་སོ། །
      དེའི་མུས་སུ་སྔོན་འགྲོའི་བསགས་སྦྱོང་རྣམས་མཐའ་བསྐྱང་དགོས། སྔོན་འགྲོ་བསགས་ཚུལ་ཡང་བོན་པོའི་ཁམས་སུ་ཡོངས་གྲགས་ལ་སྔོན་འགྲོའི་གཞུང་གང་རིགས་ཞུས་ནའང་། སྔོན་འགྲོ་འབུམ་དགུ་བསགས་དགོས། ཞེས་ཐ་སྙད་ཡོད། འབུམ་དགུའི་གོ་རིམ་ནི། སྐྱབས་འགྲོ་འབུམ་གཅིག ཕྱག་འབུམ་གཅིག སེམས་བསྐྱེད་འབུམ་གཅིག ཡིག་བརྒྱ་འབུམ་གཅིག སྙིང་པོ་རྣམ་གསུམ་འབུམ་ནི། མ་ཏྲི་འབུམ་གཅིག དུ་ཏྲི་སུ་འབུམ་གཅིག ས་ལེ་འོད་འབུམ་གཅིག མཎྜལ་འབུམ་གཅིག བླ་མའི་གསོལ་འདེབས་འབུམ་གཅིག བཅས་པ་འབུམ་དགུ་བརྗོད་ཀྱི་ཡོད།
      དེ་ཡི་ཐོག་མར་སྐྱབས་འགྲོའི་སྐོར་མདོ་ཙམ་བཤད་ན། སྟོན་པས་གསུངས་པའི་བྱམས་མ་འབུམ་ལྔ་ལས། གཡུང་དྲུང་གི་བོན་འཕྲུལ་ངག་བདེན་པ་རྒྱ་ཆེ་ལ་གཏིང་ཟབ་པ་དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་ལ་དབང་བསྒྱུར་བའི་གསུང་རབ་མུ་མེད་པའི་རྒྱ་མཚོ་དེ་ལ་འཇུག་པ་ལ། སྐྱབས་སུ་འགྲོ་བའི་བསྟན་པ་ལ་གཟུད་དགོས་པས་དང་པོ་སྐྱབས་གསུམ་རིན་པོ་ཆེ་ལ་གནས་པར་བྱ། ཞེས་པ་འདི་དང་འདི་ལྟ་བུ་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་གསུངས་པའི་བཀའ་དྲི་མ་མེད་པ་མདོ་སྔགས་སེམས་གསུམ་གང་ཡིན་ནང་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་གཙོ་བོ་སྐྱབས་འགྲོའི་རྣམ་གཞག་མ་བསྟན་པ་མེད་མོད། འོན་ཀྱང་སྤྱི་བརྡོལ་སྨྲ་བའི་མཁས་བླུན་སེར་སྐྱ་ཕལ་མོ་ཆེ་རང་ཕྱོགས་ཀྱི་ལྟ་བའི་དྲེགས་པས་བཅིངས་ཏེ་བོན་པོའི་རང་གཞུང་ཐུན་མིན་གང་ལའང་ཉིན་གཅིག་ཀྱང་གཟིགས་མ་མྱོང་ནའང་འོལ་ཚོད་ཙམ་དུ་བོན་པོ་རྣམས་ལ་ངན་སྨྲ་གཉའ་གནོན་ཁོ་ནའི་ཆེད་འགའ་ཞིག་གིས་བོན་པོ་ལ་སྐྱབས་འགྲོའི་རྣམ་གཞག་མེད་པར་བརྗོད་པ་དང་། འགས་དཀོན་མཆོག་མཆོད་པ་ལ་མི་བརྩོན་པ་བོན་པོ་ལྟ་བུ། འགས་མུ་སྟེགས་བོན་ཞེས་བརྗོད་པ་ལ་སོགས་པ་ནི། བོན་གྱི་བྱུང་ཁུངས་ལ་ལེགས་པར་མ་གཟིགས་པས་བྱུང་རྒྱལ་དུ་སྨྲས་པའི་རྟགས་མཚན་ཆེན་པོ་འདུག་སྟེ། བོན་གྱི་བྱམས་མ་ལས། མ་ཅིག་སྐུ་ཡི་ལམ་འབྲས་ཉིད་ནི། མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། ཞེས་དང་། རྣམ་རྒྱལ་ལས། བདུད་དང་སྲིན་པོ་མུ་སྟེགས་ལ་སོགས་པ། ལྟ་བ་ལོག་པར་ལྟ་བ་ཐམས་ཅད་ཀྱང་། ཞེས་དང་། གསང་སྔགས་ལས། ལྟ་བ་ལོག་པ་མུ་སྟེགས་ཀྱི་ལྟ་བ་ཞེས་སོགས་བོན་ཕྱི་ནང་གསང་གསུམ་གང་ལས་ཀྱང་མུ་སྟེགས་སུན་འབྱིན་པའི་རྣམ་གཞག་རྒྱས་པར་ཡོད། ད་དུང་ལོག་པར་སྨྲ་བ་ཚོས་བོན་གཞུང་འདི་རྣམས་གཟིགས་རྒྱུའི་སྐལ་པ་ཚེས་ནའང་བོན་པོའི་རང་གཞུང་མིན་པ་མི་བརྗོད་པའི་ངེས་བརྟན་མི་འདུག་པས་ཁྱེད་ཅག་ལ་གཞུང་ལུགས་འདི་རྣམས་བོན་གཞུང་མ་ཡིན་པའི་སྒྲུབ་བྱེད་ཇི་འདྲ་ཡོད་ལེགས་པར་སོམས་ཤིག
      དེས་ན་ཕྱིས་འབྱུང་གི་སྐྱེ་བོ་སུ་ཞིག་ཡིན་རུང་སྤྱན་དཀྱུས་ཡངས་པོར་ཕྱེས་ཏེ། འཁྱལ་གཏམ་དེ་རིགས་ལ་མགོ་བོ་མ་འཁོར་བར་བོན་པོའི་རང་གཞུང་གི་བརྗོད་དོན་ལ་ལེགས་པར་གཟིགས་ནས་བོན་པོ་ཟེར་བ་དེ་ཇི་འདྲ་ཡིན་མིན་ཤེས་རྟོགས་བྱེད་དགོས་རྒྱུ་ལས་འཁྱལ་བརྗོད་སྔ་ན་སྐྱོན་འབྱུང་བ་ནི་གདོན་མི་ཟའོ། །ཞེས་ཞར་བྱུང་དུ་ བཤད་པའོ། །  
       སྐབས་འདིར་བཤད་པར་བྱ་བ་གོང་དུ་བྱམས་མ་འབུམ་ལྔ་ལས་ལུང་དྲངས་པའི་ནང་པ་གཤེན་རབ་པའི་སྐྱབས་འགྲོ་ལ་འདིར་ས་བཅད་དྲུག་གི་སྒོ་ནས་འཆད་དེ། སྐྱབས་སུ་འགྲོ་བའི་ཡུལ་བསྟན་པ། སྐྱབས་འགྲོའི་ངོ་བོ་བསྟན་པ། སྐྱབས་འགྲོའི་བསླབ་བྱ་བསྟན་པ། སྐྱབས་སུ་མ་སོང་བའི་སྐྱོན། སྐྱབས་སུ་སོང་བའི་ཕན་ཡོན་བསྟན་པ། སྐྱབས་འགྲོའི་དབྱེ་བ་མདོ་ཙམ་བསྟན་པ་དང་དྲུག་གོ །

       དང་པོ་སྐྱབས་སུ་འགྲོ་སའི་ཡུལ་ལ། དཀོན་མཆོག་གསུམ་མམ་གཡུང་དྲུང་གནས་བཞིར་གྲངས་ངེས་ཏེ། སངས་རྒྱས་བོན་དང་གཤེན་རབས་གསུམ་ལ་དཀོན་མཆོག་གསུམ་བརྗོད་ཅིང་། དེའི་སྟེང་དུ་བླ་མ་བསྣན་པས་སྐྱབས་གནས་གཡུང་དྲུང་གནས་བཞིར་བརྗོད། དེ་ཡང་ལོ་པན་ཤ་རི་དབུ་ཆེན་གྱིས་མཛད་པའི་གཏན་ཚིགས་ངེས་པའི་གལ་མདོ་ལས། གཡུང་དྲུང་གནས་བཞིར་མོར་འདུན་སྐྱབས་ཡུལ་མཆོག འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། ཞེས་གསུངས་སོ། །
       གཉིས་པ་སྐྱབས་འགྲོའི་ངོ་བོ་བསྟན་པ་ནི། རང་ངམ་གཞན་གྱི་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལ་སྐྲག་པའི་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་དང་། དེ་ལ་སྐྱོབས་འདོད་ཀྱི་བརྩེ་བ། སྐྱབས་གནས་ལ་ཡིད་ཆེས་པའི་དད་པ་གསུམ་གྱིས་ཀུན་ནས་བསླངས་པའི་སྐྱབས་གནས་དེ་རྣམས་ལ་ཁྱེད་ཤེས་སྙམ་པའི་བློ་ངེས་པར་གཏད་པའི་རིག་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན་ནོ། །
       གསུམ་པ་སྐྱབས་འགྲོའི་བསླབ་བྱ་བསྟན་པ་ནི། བླ་མ་ལ་སྐྱབས་སུ་སོང་ན། སྐྱེ་བོ་དྲེགས་ཅན་ལ་སྨོན་པ་མི་འབུལ་བ་དང་། སངས་རྒྱས་ལ་སྐྱབས་སུ་སོང་ན། དབང་ཕྱུག་ཆེན་པོ་ལ་སོགས་འཇིག་རྟེན་པའི་ལྷ་ལ་སྐྱབས་གནས་མཐར་ཐུག་ཏུ་ཁས་མི་ལེན་པ་དང་། བོན་ལ་སྐྱབས་སུ་སོང་ན། སེམས་ཅན་ལ་གནོད་འཚེའི་བསམ་པ་སྤང་ཞིང་ཞལ་སྐྱིན་རྟེན་གསུམ་ལ་སྨད་པ་དང་འགོམ་ཡུག་མི་བྱ། གཤེན་རབ་ལ་སྐྱབས་སུ་སོང་ན། མུ་སྟེགས་ཅན་སོགས་ལྟ་བ་ལོག་པ་དང་སྡིག་པ་ཅན་གྱི་གྲོགས་མི་བསྟེན་པ་ལ་སོགས་བསླབ་དགོས་པ་ནི་བོན་པོའི་རང་གཞུང་རྣམ་དག་ནས་གསུངས་པའི་སྐྱབས་འགྲོའི་བསླབ་བྱ་བསྟན་པ་ཡིན་ནོ། །
       བཞི་པ་སྐྱབས་སུ་མ་སོང་བའི་སྐྱོན། ཕྱི་ནང་གསང་བའི་བདུད་རྣམས་ཀྱིས་དང་པོ་བསམ་པ་ལ་བར་དུ་གཅོད་པ་དང་། བར་དུ་དགེ་བ་ལ་བར་དུ་གཅོད་པ། ཐ་མ་ཚེ་ལ་བར་དུ་གཅོད་པ་དང་། མཐར་ཐུག་ངན་སོང་གསུམ་གྱི་གནས་སུ་འཕུལ་བར་འགྱུར་ཏེ། སེམས་ལུང་གསལ་བའི་སྒྲོན་མེ་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང་། ཞེས་སོ། །
      ལྔ་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། སྡོམ་པའི་རྟེན་དུ་རུང་ཞིང་བསམ་དོན་འགྲུབ་པ་ལས་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ནོ། །
      དྲུག་པ་སྐྱབས་འགྲོའི་ཡུལ་གྱི་དབྱེ་བ་མདོ་ཙམ་བསྟན་པ་ནི། ཕྱི་ནི་སངས་རྒྱས་བོན་དང་གཤེན་རབ་ལ། ནང་གི་བླ་མ་ཡི་དམ་མཁའ་འགྲོ་དང་། གསང་བ་རྩ་དང་རླུང་དང་ཐིག་ལེ་སོགས་ལ་སྐྱབས་སུ་འགྲོ་བ་བཅས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་དབྱེ་ཚུལ་ཡང་རྒྱས་པར་ཡོད།
      མདོར་ན་སྐྱབས་འགྲོའི་དོན་ཐམས་ཅད་བསྡུས་ཚུལ་གྱི་སྒོ་ནས་སྟོན་པ་ནི། བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་བྱམས་མ་འབུམ་ལྔ་ལས། སྐྱབས་སུ་འགྲོ་བའི་རྟེན་དལ་འབྱོར་གྱི་ལུས་ཅན་རྣམས། ཡུལ་ཁྱད་པར་ཅན་སངས་རྒྱས་བོན་དང་སེམས་དཔའ་ལ། གནས་ངོ་མཚར་ཅན་རྟེན་གསུམ་བླ་མའི་དྲུང་དུ། ཐབས་འདུན་པ་དང་བཅས་པའི་ཆོག་ཚུལ་ནི་ཁས་ཉན་སྐྱབས་ཚོལ་བ་ལྟར་དུ། དོན་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་ཏེ། བསླབ་བྱ་རྣམ་པར་དག་པ་སྤྱི་དང་བྱེ་བྲག་ཏུ་བཅས་པ། ཕན་ཡོན་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་འཐོབ་བོ། །ཞེས་གསུངས་སོ། འདི་ལྟར་སྐྱབས་སུ་སོང་བའི་སྒོ་ནས་ངག་ཏུ་སྐྱབས་ཚིག་ཀྱང་འབུམ་ཕྲག་གཅིག་བསག་དགོས། དེ་བཞིན་ལུས་ངག་ཡིད་གསུམ་གྱི་བག་སྒྲིབ་སྦྱང་བའི་ཕྱིར་བཤགས་སྦྱང་དང་འབྲེལ་ཏེ་སྒོ་གསུམ་གུས་པའི་སྒོ་ནས་བདེ་བར་གཤེགས་པ་རྣམས་ལ་ཕྱག་འབུམ་གཅིག་འཚལ་དགོས། དེ་བཞིན་གཞན་དོན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་ཡང་ཡང་བློ་སྦྱང་བར་བྱས་ནས་ངག་ཏུ་སེམས་བསྐྱེད་ཀྱི་གཞུང་འབུམ་གཅིག་བསག་དགོས། དེ་བཞིན་དུ་རང་རྒྱུད་ཀྱི་རིགས་དྲུག་གི་ལས་ངན་སྦྱང་བའི་ཕྱིར་ཡིག་བརྒྱ་དང་སྙིང་པོ་རྣམ་གསུམ་འབུམ་རེར་བསག་དགོས། དེ་བཞིན་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་བདེ་བར་གཤེགས་པ་རྣམས་ལ་མཎྡལ་འབུམ་གཅིག་འབུལ་དགོས། དེ་བཞིན་རང་གི་རྩ་བའི་བླ་མ་ལ་བྱིན་རླབས་ཞུ་བའི་ཕྱིར་བླ་མའི་གསོལ་འདེབས་འབུམ་གཅུག་བཅས་བསག་དགོས་པ་རྣམས་ཞག་བརྒྱ་འམ་ལྔ་བཅུའི་རིང་མཐའ་བསྐྱང་ན་གཞུང་རང་རང་གི་སྔོན་འགྲོའི་བསག་སྦྱོང་མཐའ་འཁྱོང་བ་ཡིན།
       དེ་ནས་སྨིན་པ་གྲོལ་བའི་གདམས་པ་དངོས་གཞི་ངོ་སྤྲོད་དང་འཕོ་བ་སོགས་ཀྱི་ལག་ལེན་ལ་བརྩོན་དགོས་པ་ནི་ཐེག་པ་ཆེན་པོ་གཡུང་དྲུང་བོན་ལ་སྤྱོད་པའི་བོན་པོ་ཡོངས་ཀྱི་ཐུན་མོང་དུ་སྤྱོད་པའི་ལུགས་སྲོལ་ནི་མདོ་སྟོད་སྨད་གང་ལ་ཡང་སྔོན་མ་ནས་ཆུ་ལ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ད་ལྟའི་བར་གནས་ཡོད། དེས་ན་འདིར་སྨྲས་པ་རྣམས་རང་བཟོ་དང་སྒྲོ་བཏགས་ཀྱིས་མ་བསླད་པ་བོན་པོ་རྣམས་ཀྱིས་ཐུན་མོང་དུ་དགེ་བ་བསྒྲུབ་ཚུལ་ལམ་ཙམ་བསྟན་པ་ཡིན་ནོ། །

༼བོན་སྒོ༽སྤྱི་དེབ་དང་པོ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག