རབ་འབྱམས་གཞུང་ལ་བལྟ་བའི་མིག་སྟོང་ལྡན། ། གྲུབ་མཐའ་ཐམས་ཅད་འགལ་མེད་གཅིག་ཏུ་མཐོང་། ། ཚུལ་ལྡན་སྐྱེས་བུའི་མགོན་པོ་ལོག་སྤྱོད་གཤེད། ། དམ་པ་གང་དེ་སྤྱི་བོའི་གཙུག་ན་རྒྱལ། ། རབ་ཡངས་རྒྱལ་བསྟན་ཟླ་བའི་མ་མ་ཡི། ། མངའ་བདག་ཀླུ་དབང་གཙུག་གི་རྒྱན་གཅིག་པོས། ། བཅུ་གཉིས་ས་བདག་ཡུལ་དུ་གཏན་ཕབ་པའི། ། དཀར་ནག་རྩིས་ཀྱི་བྱུང་བ་འདིར་བརྗོད་བྱ། ། དཀར་ནག་རྩིས་ཀྱིོ་གཞུང་ལུགས་ནམ་མཁའི་མཐའ། ། བདག་བློ་ཁུག་རྟའི་འདབ་མས་གཞལ་མིན་མོད། ། འོན་ཀྱང་བཤེས་གཉེན་དམ་པའི་ཞལ་གྱི་རྒྱུན། ། ཅུང་ཟད་ཐོབ་པས་རྩེད་འཇོ་བྱེད་ལ་སྤྲོ། ། བསླུ་མེད་རྟེན་འབྱུང་རིག་པའི་འཕྲུལ་འཁོར་ལ། ། སྦྱང་བརྩོན་མིག་སྟོང་གཡོ་བའི་ལྷ་དབང་གིས། ། རྩིས་རིག་ཕ་ལམ་རྡོ་རྗེ་འདི་འཛིན་ན། ། རྨོངས་བ་ལྷ་མིན་གཡུལ་ལས་རྣམ་པར་རྒྱལ། ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པར་འདོད་པ་རྣམས་ཀྱི་རིག་པའི་གནས་ལྔ་ལ་བསླབ་དགོས་ཏེ། ། རིག་པའི་གནས་ལྔར་མ་སྦྱང་ན། ། ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ། ཉི་མའི་དཀྱིལ་འཁོར་འོད་འབར་བ། ། སྒོ་འགག་དང་པོས་མཐོང་བ་མིན། ། ཞེས་གསུངས། དེ་ཡང་རིག་པའི་གནས་ལྔ་ནི། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་སྐུའི་རྒྱུད་ཆེན་པོ་ལྔ་ལས་སྤྲུལ་པ་གང་ཞིག། དེ་ལས་ཕྱི་རིག་པ་འདི་དང་པོ་ཡེ་དབང་ས་ཡི་རྒྱལ་པོ་ལས་བྱུང་། དེ་ནས་སྟོན་པ་གཤེན་རབ་ཀྱིས་རི་རབ་ཀྱི་རྩ་བར་གཏན་ལ་ཕབ། སྣོད་ནི་ཀོང་ཚ་འཕྲུལ་བུ་ལ་གཏད། དེ་ལ་ཕྱི་དུས་རིག་པ་འབུམ་གསུམ་ཡོད་དེ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ་གསུངས། དེ་ནས་སྟོན་པའི་དགུང་ལོ་བཅུ་གཉིས་ཐོག་ཏུ། སའི་ལྷ་མོ་བརྟན་མས་ས་བདག་གི་ཡུལ་དུ་གདན་དྲངས་ནས། ས་བདག་གི་བོན་པོ་རྣམས་ལ་བོན་གྱི་འཁོར་ལོ་བསྐོར། གསས་ཁང་བ་རབ་ཡོངས་འདུས་བཞེངས། ཆུ་ཕག་ནག་ཟླའི་ཉ་ལ་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ། དུས་འཁོར་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་དང་བཅས་པ་གཏན་ལ་ཕབ་ནས། ས་བདག་གི་བོན་པོ་གསེར་ཐུབ་འོད་སྲུང་ལ་གཉེར་དུ་གཏད། དེ་ལ་དྲི་མེད་ལས། དེ་དག་ཆབ་ནག་ཞི་བདེ་མཉམ་པས་བཅོས། ། འགྲོ་བ་གང་ལ་གང་འདུལ་ཕན་བདེ་སྟེར། ། གསོ་དཔྱད་རྩིས་དང་བཟོ་རིགས་རིག་པའི་གནས། ། འཇིག་རྟེན་ཁམས་སོགས་སྟོང་ཁམས་རེ་བ་བསྐངས། ། ཞེས་སོ། ། དེ་ནས་དུས་ཀྱི་འཁོར་ལོའི་གཞུང་སོགས་བསྡུ་བ་པོ། ས་བདག་གི་བོན་པོ་གསེར་ཐུབ་རྒྱལ་བ་དང་། གཏོད་ཀྱི་བོན་པོ་གསེར་ཐུབ། གཉན་གྱི་བོན་པོ་གསེར་ཐུབ། ཀོང་ཚ་འཕྲུལ་བུ་རྣམས་ཀྱིས་བསྡུས། དེ་ལ་མདོ་རྒྱུད་མན་ངག་གསུམ། དེ་ལས་མདོ་ལ་བསྐལ་སྲིད་བྲོས་འདེད་མདོ། རྒྱུད་ལ་ཞི་རྒྱས་དབང་དྲག་ལས་བཞི་དབྱེ། དེ་ལ་རྣམ་པ་གསུམ་་སྟེ། སྒྲུབ་མཆོད་མན་ངག་གསུམ། དང་པོ་ལ་དབང་དྲག་རྒྱས་པ་དང་གསུམ། སྐུ་གསུམ་ཐུགས་ཀྱི་རྒྱུད་གསུམ་ནི། འཁོར་ལོའི་རོལ་བ་སྐུ་ཡི་རྒྱུད་དང་། འཁོར་ལོ་དབང་ཕྱུག་གསུང་གི་རྒྱུད། འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་དང་གསུམ། མཆོད་སྦྱིན་དུས་ཀྱི་འཁོར་ལོ་ལ། རྩ་བའི་ལྷ་བདུན་ཅུ་རྩ་བཞི། རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ་དང་བཅས་སོ། ། མན་ངག་ལ་མདོ་ལས། མན་ངག་དུས་ཀྱི་འཁོར་ལོ་ནི། ། བསྐལ་སྲིད་ཆགས་གནས་འཇིག་སྟོང་དང་། ། དུས་བཞི་འབྱུང་བའི་དར་རྒུད་དང་། ཁམས་གསུམ་སེམས་ཅན་སྐྱེ་འཕེལ་དང་། ཚེ་གཅིག་དུས་དང་དབང་སྐལ་དང་། ། དཔལ་དང་བསོད་ནམས་གྲགས་བསྐྱེད་དང་། ། སྔོན་ལ་ང་མ་འོངས་ད་ལྟ་དང་། ། ལོ་ཟླ་ཞག་དང་དུས་ཚོད་དང་། ། གང་དུ་བྱ་བའི་ལས་མཐའ་དང་། ཀུན་རྗོབ་མངོན་པར་ཤེས་པ་སྟེ། ། མི་ཤེས་རྨོངས་པ་བསལ་བའི་ཕྱིར། ། ཞེས་པ་འདི་ལ། སྐར་འབྱུང་གཉིས་ནས། དེ་ལ་ཀོང་ཚ་འཕྲུལ་བུས་བསྡུས་པའི་དུས་འཁོར་གབ་ཙེ་འདི་གདུང་ཚོབ་མུ་ཆོ་སྤྱོན་ནས་ལོ་གསུམ་ལ་བཤད། དེ་ལ་གབ་ཙེ་འཕྲུལ་བུས་བསྡུས་པའི་དུས་འཁོར་གབ་ཙེ་འདི་གདུང་ཚོབ་མུ་ཆོ་སྤྱོན་ནས་ལོ་གསུམ་ལ་བཤད། དེ་ལ་གབ་ཙེ་འཕྲུལ་གྱི་མེ་ལོང་། དུས་ཀྱི་འཁོར་ལོའི་མན་ངག། ཙཀྲའི་སྐོར། བག་རྩིས། ནད་རྩིས། སྐོར་འགོ། དཔྱད་ལྡིང་། གཤིན་རྩིས། ས་དཔྱད་བརྟག་པ་སོགས་རྩིས་ཕྲན་མན་ངག་འཁོར་ལོ་དྲུག་ཅུ་རྩ་དགུ་སོགས་མང་ནའང་། བསྟན་པ་དར་བསྣུབས་སྐབས་གཏེར་དུ་གཤེགས་དགོས་བྱུང་། ཁྲི་སྲོང་གིས་བསྣུབས་སྐབས། བླ་ཆེན་དྲན་པས། རྩིས་སྨན་སོགས་མན་ངག་གི་སྐོར། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་ཕོ་བྲང་བསེ་སྒོ་ཅན་གྱི་ལྷ་ཁང་གི་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཐུགས་ཀར་སྦས། ཕྱི་ནས་ཁྱུང་པོ་གྱེར་ཟླ་མེད་དང་ལྷ་སྲས་མུ་ཏིག་བཙན་པོ་གཉིས་ཀྱིས་བཏོན་ཏེ་སྦ་གྲོའི་ཕུག་ལ་སྦས། ཕྱི་ནས་ཁུ་ཚས་ཕ་བོང་སྡིག་རུ་ཅན་ལ་བྲག་ཕུག་བཞི་ཡོད་པའི་སྒོ་གོང་མ་གཤང་རྟགས་ཅན་ལས་བོན། དྲིལ་བུ་ཅན་ལས་ཆོས། གབ་ཙེ་ཅན་ལས་རྩིས། བཙག་བུ་ཅན་ལས་སྨན་དཔྱད་རྣམས་བཏོན་ཏེ། རྩིས་ཀྱི་གཏེར་ཤོག་རྣམས་ཤིང་སྦུབ་སྟོན་ལ་བྱིན་པའི་གསས་མཁར་མར་གྲགས། ཡང་དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་གཉིས་སོགས་རིག་འཛིན་རྣམས་ཀྱིས་སྦས་པ་དང་། དཔོན་གསས་ཁྱུང་རྒོད་རྩལ་གྱིས་ཞལ་བཟང་བྲག་ལ་སྦས་པ་སོགས། གཏེར་བོན་ལ་ལ་གཏེར་བོན་ལ་ལ་གཏེར་སྟོན་རྣམས་ཀྱིས་ཐོན་ཀྱང་འགའ་ཞིག་དུས་ཀྱིས་ནུབ། འགའ་ཞིག་སེམས་ཅན་གྱི་ལས་ཀྱིས་ནུབ། འགའ་ཞིག་རྐྱེན་གྱིས་བསྣུབས་ཀྱང་། སླར་ཡང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ཤར་བ། དུས་འཁོར་ལ་རྒྱུད་ལུང་མན་ངག་གསུམ། གཡེན་ཁམས་སིལ་མདོ། གཙུག་ལག་དཔལ་འབུམ། ཤེལ་དཀར་ཟ་མ་ཏོག་དཔྱད་གསུམ་ཕྱི་ནང་གསང་བའི་རྩིས་རྒྱུད་སོགས། སྙན་རྒྱུད་དང་། གཏེར་མ་སོགས་ཕྱིས་བརྩམས་སྣང་ཡུལ་ལ་ཡོད་པ་ཕལ་ཆེར། དེང་སེང་གི་དུས་འདིར་ཡང་། བླ་མ་དང་རྒྱལ་པོའི་ཆས་དང་ཡོ་བྱད། དགོན་གྲོང་ཐམས་ཅད་ཀྱི་ཅ་ལག་ཚང་མ་དམངས་ཀྱི་ལག་ཏུ་ཤོར་ནས། བོན་དང་གོས་སོགས་ཀྱི་ཁ་བསྒྱུར། ནོར་ལ་ལོངས་སྤྱོད། བོན་དཔེ་ཕལ་ཆེར་མཐོང་རྒྱུ་མེད་པར་བྱས་པ་འདི་ལྟར་ལ། ད་རུང་ལྐོག་ཉར་བྱས་པ་རེ་མཐོང་རྒྱུ་ཡོད་ན་ཐང་སྟེ། མ་མཐོང་ཕྱིར་ན་མེད་མ་ཡིན། ཞེས་གསུངས། ཕྱིས་བརྩམས་མཐོང་ཡུལ་ལ་ཡོད་པ། གཤེན་མཁས་ཤི་ལ་དྷྭ་ས་མད་པའི་རྩིས་གསར་རྣམ་དག་སྐར་འབྱུང་གཉིས། བསིལ་ལྗོངས་གནམ་དཔྱད་ཉི་མའི་འོད་འབུམ། བསོད་ནམས་བློ་གྲོས་ཀྱི་རྩིས་གཞུང་རྟ་བདུན་དབང་པོ་སྙན་བརྒྱུད་ཤེལ་དཀར་ཟ་མ་ཏོག། ཉི་མ་བསྟན་འཛིན་གྱིས་མད་པའི་འོད་ཟེར་འབུམ་ལྡན། བྱེད་གྲུབ་ཟུང་ལྡན་སྐར་དཔྱད་ཆ་ཚང་། མཁན་པོ་ཤེས་རབ་བློ་ལྡན་གྱིས་གཤེན་རྩིས་ཆུ་ཁྱིའི་འདས་ལོ་སྤོས། གཤེན་ལུགས་རབ་རྒྱས་ཆུ་འབྲུག་འདས་ལོ་ཅན་རྩ་སྒྲུབ་ནོར་བུའི་ཁང་བཟང་། དེའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་དང་རྒྱབ་སྐྱོེར་མན་ངག་དྭངས་ཤེལ་ལྷུན་པོ་དང་། གཙང་བྱེད་རེའི་མིག་གང་གའི་རྒྱུན་བཟང་དང་། སངས་རྒྱས་བསྟན་རྩིས། བསྐལ་བཟང་མགུན་རྒྱན་དང་། དཀར་ནག་རྀ་ཐུའི་རྒྱབ་སྐྱོར། འབྲས་རྩིས་བདུད་རྩིའི་ཐིག་པ་བཅས། སྐར་རྩིས་ལེའུ་ཚན་དྲུག།
མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མད་པའི་འབྱུང་རྩིས་བདུད་རྩིའི་ཐིགས་པ་བཅས། སྐར་རྩིས་ལེའུ་ཚན་དྲུག མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མད་པའི་འབྱུང་རྩིས་སྣང་སྲིད་མེ་ལོང་། འབྲས་རྩིས་བདེན་དོན་སྙིང་བོ་བཅས། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མད་པའི་དཔྱད་གསུམ་དག་རྩིས་ལེའུ་ཚན་ཀ་རྟགས་ཅན་སུམ་ཅུའི་གྲངས་ལྡན། ཟུར་རྒྱན་འབྲས་རྩིས་རཏྣའི་བང་མཛོད། ཁྱུང་སློབ་ཚུལ་རྒྱན་གྱིས་གཤེན་ལུགས་རྩིས་ཀྱི་གསལ་བྱེད་དུ། རྩིས་གསར་དུ་རྣམམ་དག་གི་འདས་ལོ་སྤོས། གནམ་དཔྱད་སྐར་རྩིས་གཞུང་དྲུག་བརྩམས། དྲུག་ནི། རྩ་སྒྲུབ་ནོར་བུའི་ཁང་བཟང་། རྩིས་འཕྲོ་འཕྲུལ་གྱི་ལྡེ་མིགརྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ། རེའུ་སྦེལ་སྟེང་གའི་རྒྱུན་བཟང་། བསྟན་རྩིས་བསྐལ་བཟང་མགུལ་རྒྱན། འབྲས་རྩིས་བདུད་རྩིའི་ཐིགས་པ། མཁས་གྲུབ་གཡུང་དྲུང་རིན་ཆེན་གྱིས་མད་པའི་དཀའ་གནད་མ་ལུས་སྣང་བའི་གཏེར་མཛོད། སྦ་ཚང་མཁས་གྲུབ་བསྟན་པ་འབྲུག་གྲགས་ཀྱིས་མད་པའི་ཞག་གསུམ་རྩིས་གཞི། སྣང་དགོན་ཡོངས་འཛིན་ཚུལ་ཁྲིམས་བསྟན་འཛིན་གྱིས་མད་པའི་རྩིས་གཞུང་ནོར་བུའི་ཕྲེང་བར་གཞུང་གསུམ་འབྲེལ་ལྔ་བསྡུས་ཞག་གསུམ་འབྱུང་རྩིས་དང་བཅས་པ། ཁོ་བོས་བྱས་པའི་སྐར་རྩིས་རིན་ཆེན་དོ་ཤལ་མཐོང་བ་དོན་གསལ། ནག་རྩིས་སམ་འབྱུང་རྩིས་ཀྱི་རྣམ་བཞག་བཅས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་རྣམས་སོ། ། དྲི་མེད་ལས། སྲིད་པ་རྒྱུད་ཀྱི་བོན་པོ་ཡིས། ། ཐོག་མར་རྩིས་ཀྱིས་གཏན་ལ་ཕབ། ། རྩིས་ཀྱིས་གཏན་ལ་མ་ཕབ་ན། ། གང་ལ་གང་དགོས་ཤན་མི་འབྱེད། ། དེ་ཕྱིར་སྐྱེ་བ་སྔ་ཕྱི་དང་། ། ད་ལྟའི་ཚེ་ཚད་རིང་ཐུང་དང་། ། རྒྱུ་རྐྱེན་ཤི་རབས་ཡིན་ཚུལ་དང་། ། རྗེས་ཤུལ་བཀྲ་དང་མི་བཀྲ་དང་། ། དེ་ལ་ཕན་དང་མི་ཕན་སོགས། ། དོན་རྟགས་གཏན་ལ་ཕབས་པར་བྱའོ། །
༼བོན་སྒོ༽སྤྱི་དེབ་བཅུ་གསུམ་པ་ལས་བཤུས།