ཐོག་མར་གངས་ཅན་བོད་ཀྱི་ཕ་ནོར་གཡུང་དྲུང་གི་བོན་ཞེས་པའི་གོ་དོན་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་རྟེན་ནས་ལུས་ཅན་སྡུག་བསྔལ་ལས་སྐྱོབས་པའི་ཐབས་སུ་གྱུར་པའི་རྣམ་དཀར་ཀྱི་ཡོན་ཏན་ཞིག་ལ་ཟེར། ད་དུང་བོན་གཞུང་ཁག་ན་དེ་དང་སངས་རྒྱས་ཀྱི་བསྟན་པ་དོན་གཅིག་གསུངས་ཡོད་༡པ་ལྟར།
གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ལོ་༡༨༠༠༠ལྷག་གི་སྔོན་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོས་སྲོལ་འབྱེད་པ་ནས་རིམ་བཞིན་དར་ཁྱབ་རྒྱ་ཆེན་དུ་ཕྱིན་ཡོད་པ་རེད།
དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ནི་གནས་མཆོག་དམ་པ་རྟག་གཟིགས་འོལ་མོ་གླིང་ཆེན་དུ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་སྔོན་གྱི་ལོ་༡༦༠༡༧ལ་སྐུ་མཆོག་མངོན་པར་བལྟམས་ནས། ད་ལྟའི་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཐོག་མར་སྲོལ་འབྱེད་གནང་བ་ཡིན།
དེའང་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་དཀྲི་དྲངས་ཀྱི་ཚུལ་དུ་མཛད་པ་བཅུ་གཉིས་དང་མཛད་ཆེན་དྲུག་བཅུའི་ཁོངས་སུ་བཀའ་འཁོར་ཐོག་མཐའ་བར་གསུམ་དང༌། བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ་སོགས། བཅུ་ཕྲག་རིག་པའི་བོན་སྡེ་མང་པོ་གཏན་ལ་ཕབས་ཤིང༌། འཛམ་གླིང་མཐའ་གྲུ་ཀུན་ཏུ་དར་སྤེལ་རྒྱ་ཆེན་མཛད། དེ་ནས་གདུལ་བྱ་རྟག་འཛིན་ཅན་སུན་དབྱུང་ཕྱིར་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པ་རྫོགས་ནས་སྤྱི་ལོའི་སྔོན་གྱི་ལོ་༡༨༡༧ལ་མི་རྟག་མྱ་ངན་ལས་འདས་ཚུལ་༢བསྟན་པ་ནི་སངས་རྒྱས་དངོས་ཀྱི་མཛད་པའོ།
དེའི་རྗེས་ཕྱི་ལོ་སྔོན་གྱི་ལོ་༦༠༡༦ལ་རྨད་དུ་བྱུང་བའི་གསུང་གི་འདུལ་དཔོན་གདུང་སོབ་མུ་ཆོ་ལྡེམ་དྲུག་བྱོན་ནས་རྒྱལ་བའི་གསུང་གི་བསྟན་པའི་དབུ་བརྙེས་པ་རེད། དེ་ནས་རིམ་བཞིན་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བའི་འཛམ་གླིང་བསྟན་པའི་རྒྱན་དྲུག་བྱོན། དེ་དག་ལ་སློབ་མ་ཞང་བོད་རིག་འཛིན་གྲུབ་ཆེན་བརྒྱད་ཅུ། དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་པའི་སློབ་མ་སྒྲ་བསྒྱུར་མཁས་པ་མི་བཞི་སོགས་བྱོན་པ་རེད། མཁས་ཆེན་ལོ་ཙཱ་པ་དེ་དག་གི་རིང་ལ་གཡུང་དྲུང་བོན་གྱི་བསྟན་པ་རྒྱུ་འབྲས་གཉིས་ཀའི་བོན་རྟགས་གཟིགས་དང༌། ཞང་ཞུང༌། བོད། འབྲུག འབྲས་ལྗོངས། བལ་པོ། རྒྱ་དཀར་ནག སོགས་མཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཕྱིན་ཡོད་པ་རེད།
དེའི་ཕྱིས་སུ་སྟོན་པ་སངས་རྒྱས་ཀྱི་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁས་རྟག་གཟིགས་ཀྱི་མཁས་པ་དམུ་ཙ་ཏྲ་ཧེ་དང༌། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ། སུམ་པའི་མཁས་པ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་སོགས་འཛམ་གླིང་མཁས་པའི་རྒྱན་དྲུག་དང༌། ཟ་རང་མེ་འབར་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དུ་མའི་ཞལ་སྔ་འགྲིམས་ཏེ། བོན་ཕྱི་ནང་གསང་གསུམ་གྱི་བསྟན་པའི་བ་དན་གངས་ཅན་ལྗོངས་སུ་དར་བའི་བརྡ་རྟགས་རྟེན་འབྲེལ་གྱི་རི་མོ་ཐུགས་ལ་འཁྲུངས་པ་བཞིན། བཀའ་ཡི་དགོངས་འགྲེལ་རྣམ་འབྱེད་འཕྲུལ་ལྡེ་དང༌། བདེན་པ་བོན་གྱི་མཛོད་འགྲེལ། དྲང་དོན་མུན་སེལ་སྒྲོན་མ། ངེས་དོན་ནམ་མཁའ་འཕྲུལ་མཛོད་སོགས་གསུང་རྟེན་མང་པོ་བསྟན་པའི་གསལ་བྱེད་དུ་བསྩལ། དུས་མཚུངས་སུ་སྟངས་ཆེན་དམུ་ཚ་གྱེར་མེད།༣ ལྡེ་བོན་གྱིམ་ཚ་རྨ་ཆུང༌། བླ་མ་ལི་ཤུ་སྟག་རིང་སོགས་ཀྱིས་བོན་སྡེ་མང་པོ་རྟག་གཟིགས་ནས་ཞང་ཞུང་དུ་གདན་དྲངས། བླ་མ་ལི་ཤུ་སྟག་རིང་གིས་གལ་མདོ་རིག་པའི་ཚད་མ་དང༌། མན་ངག་ལུང་གི་ཚད་མ་སོགས་མཛད་ཅིང༌། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་སོགས་མཁས་པ་མི་བཞིས་ཁྲོ་བོའི་སྟོད་འགྲེལ་དང་སྨད་འགྲེལ། མཛོད་འགྲེལ་སོགས་མཛད་དེ་ཞང་ཞུང་ཡུལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བ་དན་མཁའ་ལ་བསྒྲེངས་ཤིང༌། རྗེས་འཇུག་བུ་སློབ་རྣམས་ཀྱིས་ཐོས་བརྩོན་འདབ་མའི་འཛུམ་འཕྲེང་ས་སྟེང་དུ་ཁྱབ་པའི་དཔལ་ཡོན་ལ་ཅོ་འདྲི་བར་བྱས།
ཡང་ཕྱི་ལོ་སྔོན་གྱི་ལོ་༡༡༣༦ནང་དུ་བོད་གངས་ཅན་གྱི་ཡུལ་དུ་གསང་བ་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་བྱོན་པ་༤ནས་བཟུང་ཞང་བོད་གྲུབ་པའི་དབང་ཕྱུག་གཤེན་ནམ་མཁའ་སྣང་བ་མདོག་ཅན་ཞང་ཞུང་ནས་བོད་དུ་གདན་དྲངས་ཤིང་བོད་རྒྱལ་ཆེན་པོའི་སྐུའི་མཆོད་གནས་སུ་བཀུར་ཞིང༌། ཡོངས་གྲགས་སུ་བོད་ཀྱི་ལོ་རྒྱུས་འཆད་སྐབས་རྒྱལ་པོ་རེ་རེར་སྐུ་གཤེན་རེ་ཞེས་པའི་རྒྱལ་པོའི་སྐུ་གཤེན་ཐོག་མའང་དེ་ཡིན་ཞིང༌། གཉའ་ཁྲི་དང་མུ་ཁྲི་༥ཡབ་སྲས་ཀྱིས་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་ཉམས་སུ་བླངས་ཏེ་ཚེ་གཅིག་ལུས་གཅིག་ལ་མཁའ་སྤྱོད་འགྲིམས་པའི་གདམ་པ་བཞེས་ཤིང༌། སྐབས་དེར་མཐུ་ཆེན་མི་དགུས་ལོག་ལྟའི་རྒོལ་བ་བཅོམ། བོན་ཆེན་ཞེ་གཉིས་ཀྱིས་གསོན་གཤིན་བདེ་ལ་བཀོད། སྒོམ་ཆེན་རྣམས་ཀྱིས་རྒལ་ཚིགས་བྲག་ལ་བསྙེས་ཏེ་ཏིང་འཛིན་ཡེངས་མེད་དུ་སྒོམ། རང་བྱུང་བ་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་མིག་འབྲས་བཞིན་བསྲུངས་ཏེ། འདུལ་བའི་བཅས་ཁྲིམས་ལ་ཕོག་ཐུག་མ་བཏང་བར་སྟོན་པ་ཁྲི་གཙུག་རྒྱལ་བའི་འདུལ་རྒྱུད་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་དུས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བྱས། སེ་བོན་ཤ་རི་དབུ་ཆེན་གྱིས་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་གྱི་དྲུང་ནས་གསང་སྔགས་ཀྱི་བོན་སྡེ་མང་པོར་གསན་ཏེ་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་སྐད་དུ་བསྒྱུར་ཅིང༌། བོན་གཞུང་ཁག་ཅིག་གི་ཐོག་མའི་གླེང་གཞིའི་སྐབས་ཞང་ཞུང་སྐད་དུ་ཞེས་པའི་སྒྲ་དོན་ཡང༌། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྟག་གཟིགས་ནས་ཞང་ཞུང་དང༌། ཞང་ཞུང་ནས་བོད་དུ་བསྒྱུར་བ་སོགས་ས་གནས་ཀྱི་དབང་གིས་དེ་སྐད་དུ་བརྗོད་པ་ཡིན།༦
དེ་རྗེས་སུ་བོད་རྒྱལ་གསུམ་པ་དེང་ཁྲི་བཙད་པོའི་སྐབས་ལ། འདུལ་བའི་བསྟན་པ་ནུབ་ཙམ་བྱས་པ་རེད། ཡིན་ན་ཡང་བསྟན་པའི་མདོ་འཛིན་མུ་ཟི་གསལ་བཟང་མདོ་སྨད་རྨ་རི་དེའུ་གསུམ་ཟེར་པ། ཨ་མདོ་ཁྲི་ཀའི་ཡུལ་ནས་མི་ལོ་༡༨༠༠ལ་འགོག་པའི་ཏིང་ངེ་འཛིན་ལ་བཞུགས་པ་རེད།༧ ཕྱིས་སུ་ཕྱི་ལོ་༨༨༨ལ་འགོག་པ་བཞེངས་ཏེ་སློབ་མ་སོག་འདན་གྲུམ་གསུམ་དང༌། དེའི་སློབ་མ་བླ་ཆེན་མུ་ཐུར་ཟེར་པ། འདུལ་བའི་མཚན་ལ་ཤེས་རབ་ཚུལ་ཁྲིམས། ཡོངས་གྲགས་སུ་བླ་ཆེན་དགོངས་པ་རབ་གསལ། ཞེས་པ་དེ་རེད། དེ་ལྔ་ལ་མདོ་སྨད་ཀྱི་མཁན་རྒྱུད་ལྔ་ཟེར་བ་རེད། དེ་སྐབས་ནས་འདུལ་བའི་བསྟན་པ་བོད་སྟོད་སྨད་བར་གསུམ་དུ་དར་ཁྱབ་ཕྱིན་པ་རེད། དེ་ཡང་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས་ཟེར་བའི་རྒྱུ་མཚན་ཡང་དེ་རེད།
དེའི་ཕྱིས་སུ་བོད་ཀྱི་རྒྱལ་པོ་སོ་བརྒྱད་པ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་སློབ་ཆོས་གསུམ་གྱིས་ཕྱི་ལོ་༧༤༩ལོ་ལ་བོད་རང་གི་ཕ་ཆོས་གཡུང་དྲུང་གི་བོན་དང་བོད་ཀྱི་ཆབ་སྲིད་ལ་གྱོང་གུད་ཤུགས་ཆེར་བཏང་ཡོད་པ་རེད། དེ་ནས་དུས་རབས་བཅུ་པའི་ནང་དུ་རིག་འཛིན་གཏེར་སྟོན་རྣམས་ཀྱིས་རིམ་བཞིན་དར་སྤེལ་མཛད་དེ། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་སྐབས་ཨ་ཙ་ར་མི་གསུམ་ནས་བཟུང༌། གཤེན་གྱེར་རྨ་དབྱིལ་སོགས་གཏེར་སྟོན་བརྒྱ་རྩ་བརྒྱད། སྟོད་དུ་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ༌། བར་དུ་ཁྱུང་པོ་དཀར་ནག་སེར་གསུམ། སྨད་དུ་འཕགས་པ་གསུམ་དང་ཞིག་ཆེན་བཅོ་བརྒྱད། ཡང་ན་ཨ་མདོའི་མཁས་གྲུབ་བཅོ་བརྒྱད་སོགས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་འཛམ་གླིང་གི་ཡུལ་གྲུ། དབུས་ཞང་ཞུང་གི་ཡུལ། ཤར་ཕྱོགས་རྒྱ་ནག་གི་ཡུལ། བྱང་ཕྱོགས་གེ་སར་ཁྲོམ་གྱི་ཡུལ། ནུབ་ཕྱོགས་རྟག་གཟིགས་ཀྱི་ཡུལ། ལྷོ་ཕྱོགས་རྒྱ་གར་གྱི་ཡུལ། ད་དུང་མཐའ་མཚམས་ཀྱི་ཡུལ་ཀུན་ཏུ་དར་སྤེལ་རྒྱ་ཆེན་མཛད་ཡོག་རེད།
དེ་ནས་ཕྱི་ལོ༡༩༦༡་ལོར་དུས་ཀྱི་འཕོ་འགྱུར་དྲག་པོའི་ཁྲོད་རིག་གནས་གསར་བརྗེ་ཆེན་པོ་བྱུང་བའི་སྐབས་སུ། བོད་སྤྱི་ལ་བྱུང་བའི་གྱོང་གུད་ཡ་ང་བ་དེས། བོད་ཀྱི་ཆོས་དང་རིག་གཞུང་ཡོད་ཚད་ལ་གུས་མེད་ཚབས་ཆེན་བཟོས་པ་རེད། དེ་དུས་གཡུང་དྲུང་བོན་ལ་ཡང་གོད་ཆགས་ཡ་ང་བ་བྱུང་སྟེ། ཕལ་ཆེར་མི་ལོ་ཉི་ཤུ་ལྷག་གི་རིང་ལ་བསྟན་པ་མི་མངོན་པར་གནས་པ་རེད།
དེ་ནས་ཕྱི་ལོ་༡༩༨༠ལོ་ནས་སླར་ཡང་བོད་ཡུལ་ཀུན་ཏུ་བསྟན་པ་རིན་པོ་ཆེ་བསྐྱར་གསོ་ཆོག་པའི་རྟེན་འབྲེལ་ཤར་བ་ནས། གཡུང་དྲུང་བོན་གྱི་བསྟན་པ་འདི་ཡང་༧སྐྱབས་རྗེ་རྩ་བའི་བླ་མ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། ཡོངས་འཛིན་སྨྲ་བའི་སེང་ཆེན་དཔོན་སློབ་བསྟན་འཛིན་རྣམ་དག་རྣམ་གཉིས་ཀྱི་གཙོས། བོད་ཡུལ་སྟོད་སྨད་བར་གསུམ་ནང་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཚང་མས་རང་རང་གི་ཡུལ་གྲུ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མཉམ་པ་སླར་གསོ་དང་མ་མཉམ་གོང་འཕེལ་གནང་བ་རེད།
ཁྱད་པར་དུྋསྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་སངས་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་དར་ཁྱབ་བློ་ཡུལ་ལས་འདས་པ་ཞིག་ཕྱིན་ཡོད་པ་ནི་ཚང་མས་མིག་ཟྀན་དངོས་ཡོད་རེད། དེ་བཞིན་དེང་སང་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་གི་ལས་སྐལ་ལ་ཐུགས་ཕྲེལ་གནང་མཁན་དང༌། དོ་སྣང་གནང་མཁན་འཛམ་གླིང་གི་ཤར་ནུབ་ཀུན་ལ་མང་པོ་ཞིག་ཡོང་བཞིན་ཡོད་པ་ནི་ཕར་ཆེར་ཞིག་གིས་མཁྱེན་གྱི་ཡོད་རེད། གལ་ཏེ་རང་གི་རིག་གཞུང་ལ་དོན་གྱི་ལ་རྒྱ་འཛིན་མཁན་ཚོས། ཐབས་བརྒྱ་ཇུས་སྟོང་གིས་འཕྲལ་ཕུག་གཉིས་ཀར་ཁེ་ཕན་ཆེ་བའི་རང་གི་རིག་གནས་དག་སྲུང་སྐྱོབ་དང༌། འཕེལ་རྒྱས་ལ་སེམས་ཀྱི་གཏིང་ནས་ཐུགས་འཁུར་དང་འབད་བརྩོན་གནང་བ་འདི་ལ། ངེས་པར་དུ་གཞུང་སྒེར་ཚང་མས། མཐུན་རྐྱེན་དང་རྒྱབ་སྐྱོར། གཅིག་ཕན་གཅིག་གྲོགས་སོགས་གནང་འོས་པ་ཞིག་ཡིན་པ་ང་ཚོ་ཤ་རུས་གཅིག་པའི་མི་རིགས་ཚང་མས་ཤེས་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་གི་ཡོད། དེ་འདྲ་ཡིན་དུས་ཚང་མས་དེ་ལ་ཐུགས་བསམ་རྒྱ་ཆེན་གནང་སྟེ་རང་གི་ཕ་ཆོས་སྟེ་གཡུང་དྲུང་བོན་གྱི་རིག་གཞུང་འདི་ལ་དོ་སྣང་དང་ཞིབ་འཇུག་ཕྲ་ཞིབ་གནང་ཏེ་བདེན་མཐའ་གསལ་ཐག་གཅོད་རྒྱུ་ཤེས་ཡཽན་པའི་སྡེ་ལ་རགས་ལས་ཡོད་ཕྱིར། རྒྱ་ཆེ་མཁས་དབང་དང་མཐོ་རིམ་མི་སྣ་ཡོངས་ཀྱིས་ཆོས་དང་ཆབ་སྲིད་འཽ་ཆུ་ལྟར་མ་བསྲེ་པར་ཕྱོགས་རིས་ཀྱི་དྲི་མ་ཡོངས་སུ་དོར་དེ་བོད་རང་གི་རིག་གཞུང་དྭངས་མ་འདི་ལ་ལྷག་བསམ་རྣམ་དག་གིས་འཇུག་རྒྱུར་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུས་པ་ཡིན། ཐ་ཚན་མུ་ཙུག་སྨར་རོ།།
མཆན་འགྲེལ་ཐོར་བུ།
༡༽ ༼ཤེར་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ།༽ ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། ཝར་ཎ་གཡུང་དྲུང་བོན་དགེ་སློབ་ཁང་གི་པར་མའི་ཤོག་ངོས།༦ལས། གཡུང་དྲུང་གི་བོན་དང་སངས་རྒྱས་ཀྱི་བསྟན་པ་དོན་གཅིག་མིང་གི་རྣམ་གྲངས་ཞེས་གསལ་བ་ལྟར་བཀོད་པ་ཡིན།
༢༽ སངས་རྒྱས་མྱ་ངན་ལ་འདས་ལོར་འདིར་མི་མཐུན་པ་མང་མོད་ཁོ་བོས་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ལ་གཞི་ཁུངས་བཅོལ་ཏེ་བཀོད་པ་ཡིན།
༣༽ སྟངས་ཆེན་དམུ་ཚ་གྱེར་མེད་ནི་ཁྲི་ཀ་སྟོང་ཆེའི་མི་རྒྱུད་ཐོག་མ་མཆེད་ཁུངས་ཡིན་ཞེས་གྲགས་པ་ལྟར་ཁོ་བོས་བྲིས་པའི་༼ཁྱུང་མོ་དགོན་པའི་གདན་རབས་༽ནང་དུ་འདི་ཡི་སྐོར་ཅུང་སྤྲོས་ཡོད་པ་ལྟར་རོ།
༤༽ རྒྱལ་པོ་གཉའ་ཁྲི་བཙད་པོ་ཁྲི་ལ་བཀོད་པའི་ལོ་ལ་ཡང་མི་མཐུན་པ་མང་མོད་རང་ལུགས་ལ་ཐུན་མོང་མ་ཡིན་གཅིག་ལས་མེད་པ་ཀུན་མཁྱེན་དང་བོན་བརྒྱ་རིན་པོ་ཆེ་སོགས་ཀྱི་དགོངས་དོན་ལྟར་འདིར་བཀོད་ཡོད་པ་བཅས་ཀྱང་ཞུའོ།
༥༽ རྒྱལ་པོ་གཉའ་ཁྲི་དང་མུ་ཁྲི་སོགས་ཀྱི་མཚན་གྱི་སྐོར་ལ་ཡང་མཁས་པ་སྐལ་བཟང་དོན་འགྲུབ་ཀྱིས་བརྩམས་པའི་༼གནའ་རབས་བོད་ཀྱི་བཙན་པོར་ཞང་ཞུང་སྐད་ཀྱི་མཚན་གསོལ་ཚུལ་སྐོར་བཤད་པ་༽ཅེས་སུ་ཁྲི་བདུན་སོགས་ཀྱི་མཚན་དེ་ཞང་སྐད་ཡིན་ཞེས་བཀོད་ཡོད་མོད། རྒྱུ་མཚན་གྱི་ཁུངས་ལུང་ཅི་ཡང་དྲངས་མི་འདུག་ན་ཡང་ང་ཚོས་འདི་ལ་ནན་ཏན་གྱིས་ཞིབ་འཇུག་བྱ་དགོས་པ་གལ་གནད་ཞིག་གོ་ཞེས་ཁོ་བོས་ཞར་མཆན་ཙམ་དུ་ཞུས་པ་ཡིན།
༦༽ བོན་གཞུང་རྙིང་གྲས་མང་ཤོས་ཀྱི་དབུ་ལ་ཞང་ཞུང་སྐད་དུ་ཞེས་བཀོད་ཡོད་པ་ཡང་རྒྱུ་མཚན་དེ་སོགས་ཀྱིས་རེད་ལ་གཞན་ཐེག་འགྲེལ་མེ་ལོང་དགུ་སྐོར་སོགས་ཀྱི་དབུ་ལ་ཐོག་མར་ཞང་སྐད་དེ་ནས་རྒྱ་གར་སྐད་རིམ་བཞིན་བྲུ་ཤ་དང་དེ་ནས་བོད་ལ་དར་བའི་རྒྱུ་མཚན་གྱིས་དེ་བཞིན་དུ་བཀོད་པ་རེད། དེ་འདྲ་བོ་ལ་རྒྱ་གར་བོན་སྐོར་ཞེས་ཀྱང་ཟེར་བ་ལྟར་རོ།
༧༽ འགོག་པ་ལ་བཞུགས་གནས་མདོ་སྨད་ཁྲི་ཀའི་ཡུལ་ཡིན་པ་ཡོངས་གྲགས་རྩོད་མེད་ཡིན་མོད། རྒྱས་པར་གཟིགས་འདོད་ཡོད་ན་༼ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་༽དུ་ཞིབ་རྒྱས་སུ་མཛད་འདུག་པ་དེར་གཟིགས་འཚལ།