ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> སེམས་ཀྱིས་བྲིས་པའི་འཕྲིན།
སེམས་ཀྱིས་བྲིས་པའི་འཕྲིན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ།] [ཟླ་ཚེས། 11-10-18] [ཀློག་གྲངས། ]

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་སྒྲིག་བཀོད་འགན་ལེན་དྲུང་ཡིག་ཚན་ཁག་བརྒྱུད་རྒྱུན་ལས་ཚོགས་ཐོག་ཏུ་འབུལ་གནང་ཡོད་པ་མཁྱེན།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པ་དེ་རིང་༧རྒྱལ་དབང་ཤར་རྫ་བ་ཆེན་པོའི་གདན་སར་གཟི་བྱིན་འབར་བའི་ངང་འཚོགས་པ་ནི་རྒྱལ་བ་གཤེན་རབ་མི་བོའི་བསྟན་དོན་གྱི་འཕྲིན་ལས་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན་པ་མ་ཟད། མདོ་དབུས་ཁམས་གསུམ་གཙོར་བྱས་པའི་འཛམ་གླིང་སྟེང་གི་བོན་བསྟན་ཞིབ་དཔྱོད་པ་དང་རྒྱ་ཆེའི་དད་ལྡན་མི་དམངས་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་རྣམ་པར་དགེ་བ་ཞིག་ཀྱང་ལགས་ན། ངས་སྙིང་ཐག་པ་ནས་རྒྱུན་ལས་ཚོགས་ཞུགས་ལྷན་རྒྱས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྦྲགས་གྲོས་ཚོགས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ཆེན་པོ་ཐོབ་པར་རེ་སྨོན་ཞུ་བཞིན་ཡོད།
ང་རང་དགོན་པ་ཞིག་གི་འགན་འཛིན་ཡིན་པའི་དབང་གིས་ཅིས་ཀྱང་གདོང་ལེན་བྱེད་དགོས་པའི་དོན་རྐྱེན་གློ་བུར་བ་ཞིག་བྱུང་ནས་ཀོང་ཤིས་ནན་ཉིན་ཞེས་པར་མི་འགྲོ་ཐབས་མེད་བྱུང་སྟབས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་རྒྱུའི་སྐལ་བ་མ་བྱུང་བས་བློ་འགྱོད་ཤིན་ཏུ་ཆེ་བ་མ་ཟད། རྒྱུན་ལས་འཐུས་ཚབ་ལྷན་བཞུགས་སྤྱི་དང་ཡང་ཁྱད་སྤྲུལ་སྐུ་ཚེ་དབང་འཇིགས་མེད་རིན་པོ་ཆེའི་སེམས་སུ་མི་འདོད་པའི་རྨ་ཁ་བཟོ་དགོས་བྱུང་། ཡིན་ན་ཡང་ཁོ་བོའི་ལ་རྒྱའི་རྣ་བ་ཐུང་ཐུང་དེ་དང་རེ་བའི་མིག་ཟུང་ཕྲ་མོ་གཉིས་ནི་གྲོས་ཚོགས་དང་མ་བྲལ་བར་གནས་པ་སྟེ། རྩེ་ཞིག་དགོན་པས་མ་དངུལ་བཏངས་པ་བརྒྱུད་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་རྒྱུའི་སེམས་ཤུགས་གསོན་པོ་ཡིན་པའི་རྟགས་སུ་ཞང་བོད་གཏམ་གླེང་ཐེངས་གསུམ་པ་ཚོགས་འདུའི་ལེགས་སྐྱེས་སུ་གྲ་སྒྲིག་བྱས་པས་ཀྱང་མཚོན་ཐུབ་མོད། བོད་ཀྱི་གཏམ་དཔེར། ལས་བསམ་སར་མ་སོང་ཟགས་སུ་སོང་། རྡོ་གཡའ་མའི་གས་ཁ་ཐུར་དུ་ཟགས། ཞེས་པའི་དཔེ་ལྟར་གྱུར་བ་ལ་རྣམ་པ་ལྷན་རྒྱས་ནས་དེ་ལུགས་བཟོད་བཞེས་གནང་མིན་ཁྱེད་རྒྱུན་ལས་ཚོགས་པའི་དབང་ཆ་ཡིན་པར་ཡོངས་སུ་མོས་མཐུན་ཡོད།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ནི་ཆོལ་གསུམ་སྤྱི་ལ་ཁ་ཕྱོགས་པའི་གཡུང་དྲུང་བོན་གྱི་བསྟན་དོན་མཉམ་གླེང་བྱེད་སའི་མཐུན་ཚོགས་ཤིག་དང་། བསྟན་དོན་འཕེལ་རྒྱས་བྱ་བཞག་ལ་དགེ་མཚན་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་སུ་འཇུག་པར་ཁྱད་འཕགས་རང་བཞིན་གྱི་ནུས་པ་ལྡན་པའི་མཐུན་ཚོགས་ཤིག་ཡིན་ཞིང་། མཐུན་ཚོགས་ཀྱི་རླུང་རྟའི་འཕེལ་ཁ་དང་ཆེས་མཐོའི་དབང་ཆ་སོགས་ནི་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཡོད་དོ་ཅོག་ལ་དབང་བའི་མཐུན་ཚོགས་ཤིག་ཀྱང་རེད། འདིར་སྨྲས་པའི་གཡུང་དྲུང་བོན་གྱི་བསྟན་དོན་ཞེས་པ་ནི་ཞང་བོད་ཁ་བ་ཅན་གྱི་ཆོས་དང་རིག་གཞུང་ཡོངས་ཀྱི་གཞི་རྩ་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་མདོ་སྔགས་རྫོགས་གསུམ་གཙོར་བྱས། ཞང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང། གནའ་བོའི་སྒྱུ་རྩལ། དམངས་སྲོལ་ཆོ་ག་སོགས་བསམ་བློའི་དཔལ་ཡོན་དང་། རིག་དངོས་གནའ་ཤུལ། གྲུབ་གནས་རྩ་ཆེན། བོན་གྱི་དགོན་སྡེ་ཕན་ཚུན་སོགས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་དེའི་མཐུན་ལམ་སོགས་ལ་ཕན་ཚུན་གཡས་གཞིག་གཡོན་འདེགས་དང་རྒྱབ་སྐྱོར་རྟིང་སྐུལ།སྲུང་སྐྱོབ་དར་སྤེལ། བརྩི་འཇོག་སེམས་འཁུར་བཅས་བྱས་པ་བརྒྱུད་སངས་རྒྱས་ཀྱི་བཀའ་སློབ་ལྟར་ཐར་བ་ཆེན་པོ་འཚོལ་སྙེགས་སམ། ཡང་ན་རང་བདེ་གཞན་སྐྱིད་འཛོམས་པའི་མི་ཡུལ་གྱི་དག་ཞིང་བསྐྲུན་པར་ཆོས་ལུགས་པ་རང་སྟེང་ནས་ཕྱག་ཟུང་ཡངས་པོར་རྐྱོང་ནས་དགོས་ངེས་ཀྱི་ནུས་པ་འདོན་རྒྱུར་དཀའ་སྤྱད་འབད་བརྩོན་དང་། འབད་འབུངས་སྟོབས་སྐྱེད། ཕྱར་བ་གྲུ་འདེགས་བྱེད་རྒྱུའི་གོ་གནས་གལ་ཆེན་བཟུང་ཡོད་པའི་ཚོགས་པ་ཞིག་ཡིན་པ་སྨྲོས་ཅི་དགོས། འདི་ནི་ངས་མཐུན་ཚོགས་ལ་ནམ་ཡང་བཅངས་ཡོད་པའི་ཟོལ་མེད་ཀྱི་རེ་བ་ཉག་གཅིག་ཡིན་ཞིང་། ངའི་སེམས་ཁོངས་ན་མི་བུ་ཁེར་རྐྱང་བ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྱད་འཕགས་སྟོབས་ཤུགས་གོ་གནས་ཀྱང་ཡིན།གཡུང་དྲུང་བོན་ནི་ཁ་བ་གངས་ཅན་པའི་ཆོས་རིག་ལོ་རྒྱུས་དང་བསམ་བློའི་ལྟ་གྲུབ་ཀྱི་འབྱུང་ཁུངས་ཐུན་མོང་མ་ཡིན་པ་དངོས་ཡིན་རུང་། ལོ་རྒྱུས་འཕེལ་འགྱུར་གྱི་རྙོག་འཛིངས་ཆེ་བའི་འགོག་རྐྱེན་འདྲ་མིན་ལ་བརྟེན་ནས་བོན་གྱི་བསྟན་པའི་གནས་བབ་དང་རང་རེའི་ཞང་བོད་མེས་པོའི་ཕུལ་དུ་བྱུང་བའི་རིག་གཞུང་འདོད་དགུའི་དབྱིག་མཛོད་དེ་དག་སྒོ་ཀུན་ནས་ཤུལ་འཛིན་དང་གོང་འཕེལ་གང་ལེགས་མ་བྱུང་ཁར། ཡ་མཚན་པ་ཞིག་ལ་ལོ་རྒྱུས་ཀྱི་དཀྱོགས་མཚམས་མང་པོ་ཞིག་ཏུ་དེ་ལས་ལྡོག་ཏེ་བོད་མིས་རང་གིས་རང་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་མི་རིགས་རང་ཞན་གྱི་བསམ་བློའི་ནད་ཡམས་འོག་མི་རིགས་རང་ཉིད་ཀྱི་ཆོས་རིག་ལོ་རྒྱུས་ཀྱི་འབྱུང་ཁུངས་དངོས་ཀྱང་རྩིས་མེད་གཏོང་རྐྱང་བྱས་ནས་གཏོར་བཤིག་ཚབས་ཆེན་ཕོག་པའི་གྱོང་གུད་ནི་ང་ཚོ་རྗེས་རབས་པ་སུས་བལྟས་ཀྱང་ཚོད་དཔག་བྱེད་ཐབས་མེད་ལ་དཔེར་མཚོན་འགོད་ཐབས་བྲལ་བ་ཞིག་ཡིན་པ་དེ་རེད། ཡིན་ནའང་གནའ་ནས་བཟུང་བོན་གྱི་མཁས་གྲུབ་དམ་པ་མང་པོས་ཞང་བོད་རང་གི་ཆོས་རིག་ལོ་རྒྱུས་རླབས་པོ་ཆེའི་རྒྱུན་བཟང་དེ་ཉིད་འཇིག་ཉེན་ལས་ཇི་ལྟར་སྐྱོབ་པ་དང་མུ་འཐུད་གོང་དུ་སྤེལ་བའི་འཕྲིན་ལས་ཀྱི་བྱ་བཞག་བསྟུད་མར་བསྐྱངས་པའི་སྲོལ་བཟང་ཆགས་པར་བརྟེན། ད་ཆར་བོད་ཕྱི་ནང་ཀུན་ཏུ་བོན་གྱི་དགོན་སྡེ་ཆེ་ཆུང་འདྲ་མིན་སུམ་བརྒྱ་ལྔ་བཅུ་ལས་བརྒལ་བ་བསྐྱར་གསོས་ལེགས་པར་མཛད་ཅིང་། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་དགོན་སྡེ་མི་ཉུང་བ་ཞིག་ཏུ་བཤད་སྒྲུབ་ཀྱི་བསྟན་པ་གང་ལ་གང་འཚམས་སུ་དར་རྒྱས་བྱུང་ཡོད་པ་དང་། དེས་མཚུངས་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པའི་གྲངས་འབོར་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་པ་མ་ཟད། དེ་སྔོན་ཀུན་གྱིས་སྤྱན་སྔར་སོན་དཀའ་བའི་རྒྱལ་བའི་བཀའ་དང་བཀའ་བརྟེན་གཙོར་བྱས་པའི་བོན་གྱི་བསྟན་བཅོས་ཚད་ལྡན་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་འགྲེམས་སྤེལ་བྱས་པ་སྦྲགས་གསུང་རབ་ཡིག་བསྒྱུར་བྱ་བ་དང་། ཟེར་སྡེར་དྲ་རྒྱ་དུས་དེབ་སོགས་བརྒྱུད་ནས་བོན་གྱི་ཤེས་བྱ་དང་དོན་དངོས་ཀྱི་ཆ་འཕྲིན་ཕོན་ཆེན་གོ་ལའི་ཕྱོགས་བཞི་མཚམས་བརྒྱད་ལ་དུས་ལྟར་མཚམས་སྦྱོར་ངེས་ཅན་ཐུབ་པ་བྱུང་བ་བཅས་ནི་བསྟན་དོན་འཕེལ་རྒྱས་བྱ་བཞག་གི་སྒུལ་ཤུགས་སྐྱ་རེངས་ལྟ་བུ་དང་ཁྱད་འཕགས་ཀྱི་དགེ་མཚན་བླ་ན་མེད་པ་དག་རེད། དེས་ན་ང་ཚོས་ད་དུང་མུ་འཐུད་ནས་སྙིང་སྟོབས་ཆེར་བསྐྱེད་དང་ལག་རྡང་དཔུང་བསྒྲིགས་ཀྱིས་བོད་མེས་པོའི་ཆོས་རིག་ལོ་རྒྱུས་ཀྱི་འབྱུང་ཁུངས་ཏེ་བོན་བསྟན་ཞིབ་འཇུག་དང་དར་སྤེལ་བྱེད་པའི་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཐུབ་པར་སྐུལ་འདེད་ནུས་པའི་མཐུན་རྐྱེན་གང་ལེགས་བསྐྲུན་པ་དང་། བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཆོས་རིག་ལོ་རྒྱུས་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུའི་ལས་དོན་ནི་འཛམ་གླིང་ཤེས་རིག་འགྲན་རྩོད་ཁྲོད་བོད་ཀྱི་མཚན་སྙན་དང་གཟི་བརྗིད་རྩོལ་ལེན་བྱེད་པའི་བྱ་བཞག་གལ་ཆེན་གྱི་གྲས་ཡིན་པ་བོད་ཀྱི་མཆོག་དམན་ཀུན་ལ་ངོས་ཟིན་ཡང་དག་འཐོབ་པ་བྱེད་རྒྱུ་དེ་རེད། འདི་ནི་ང་ཚོས་རང་ཉིད་ཆོས་བརྒྱུད་གང་ལ་དད་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྡུག་ཡས་ཀྱི་སྐད་ཅོར་བརྒྱག་པ་མ་ཡིན་ལ། རྙིང་པ་ཡོད་ཚད་གསེར་དུ་འཛིན་པའི་ཕྱོགས་གཅིག་ཁོ་ནའི་མཐོང་སྣང་ལ་གནམ་བལྟས་བྱེད་པའི་ཁྲོན་སྦལ་གྱི་ངང་ཚུལ་ལྷུ་རུ་བླངས་པ་དེ་བས་ཀྱང་ག་ལ་ཡིན། འོན་ཏེ་དངོས་ཡོད་གནས་ཚུལ་ལ་བརྩི་འཇོག་དང་ལོ་རྒྱུས་རྨ་མེད་ཀྱིས་བསྐྲུན་པའི་གངས་ཅན་བོད་པ་རང་གི་ཕ་མེས་ཀྱི་རིག་གཞུང་ངོ་མའི་ཟབ་ཚད་ལ་རང་འགན་འཁུར་བའི་དྲང་བདེན་གྱི་སྐད་ཆ་བཤད་རྒྱུ་དང་། མི་རིགས་རང་གི་ཕུལ་དུ་བྱུང་སྲོལ་རྒྱུན་རིག་གནས་ཕྱོགས་ཡོངས་ནས་རྒྱུན་འཛིན་དར་སྤེལ་གང་ལེགས་བྱེད་རྒྱུ་བཅས་ལ་སོ་སོ་རང་གིས་འགན་འཁུར་རྒྱུ་ནི་རང་ཉིད་ལ་མཚོན་ན་རང་ཉིད་བོད་མི་ཞིག་ཡིན་པས་ཆ་ནས་རང་གི་གཟི་བརྗིད་དང་ལ་རྒྱར་བརྩིས་པ་ཙམ་ཡིན། ལྷག་དོན་མཐུན་ཚོགས་ཀྱི་མི་སྣ་སྒྲིག་འཛུགས་ཐད་ལ་བླང་བྱ་ནན་མོ་བཏོན་ནས་ཡར་ཐོན་དོན་དུ་གཉེར་ཞིང་གྲུབ་འབྲས་འབུར་ཐོན་ཡོང་བ་བྱེད་པ་དང་ལས་ཕྱོད་ཆེ་བའི་བྱ་བ་གཏན་འཁེལ་བྱེད་རྒྱུ། ཚང་མས་ཐུན་མོང་ཐོག་འབྲེལ་ལམ་རྒྱ་བསྐྱེད་བཏང་ནས་སྟོབས་ཤུགས་གཅིག་སྡུད་ངང་བོད་སྤྱིའི་མཐུན་སྒྲིལ་ལ་ཕན་ཆེད་གྲུབ་མཐའི་ཕྱོགས་རིས་སེལ་བར་སྟོབས་ཤུགས་འདོན་རྒྱུ་དང་། བན་བོན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རིས་མེད་ཡིན་པའི་རྩ་དོན་ཐོག་ནས་རིག་གཞུང་དཔྱད་གླེང་གི་གོ་བསྡུར་གཏིང་ཟབ་སྤེལ་བ་དང་འབྲེལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་ཐོབ་ཐང་འདྲ་མཉམ་ཡོང་ཆེད་དུ་བོན་བསྟན་ཁེ་དབང་གི་གནས་བབ་བསྐྱར་གསོ་བྱེད་དགོས་པ་མ་ཟད། སྟོན་མཆོག་གཤེན་རབ་མི་བོའི་བྱམས་སྙིང་རྗེ་དང་ཤེས་རབ་བླ་མེད་ཀྱི་ལྟ་བ་ཆེས་ཆེར་སྤེལ་ནས་མཐའ་ཡས་ཤིང་གྲངས་ཀྱིས་མི་ཆོད་པའི་འགྲོ་བ་སེམས་ཅན་ལ་སྨན་པའི་ལས་ཀ་འགའ་ཞིག་ཅིས་ཀྱང་འགྲུབ་པ་བྱེད་དགོས་རྒྱུ་བཅས་རེད།
མཇུག་ཏུ་ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ཀྱི་ཆེད་དུ་འབད་བརྩོན་དང་ཐུགས་ཚེགས་ཚད་མེད་གནང་བའི་མཁྱེན་བརྩེ་ནུས་གསུམ་ཅན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ལོ་རྗེས་མའི་ལྷན་འཛོམས་ཚོགས་ཆེན་མ་བསྡུས་ཡར་སྔོན་དུ། ངེད་རྩེ་ཞིག་དགོན་པས་བོན་གྱི་བསྟན་པའི་སྲི་ཞུ་རུ་ཁྲིམས་མཐུན་དཔེ་རྟགས་ཡོད་པའི་༧མེ་སྟོན་ཆེན་པོའི་བཀའ་བརྟེན་སྡེ་ལྔ་ཚར་གྲངས་སུམ་སྟོང་ཐམ་པ་དེབ་གཟུགས་སུ་བསྐྲུན་ནས། རྒྱལ་ཕྱི་ནང་གི་བོན་དཔྱོད་རྣམ་པའི་ཕྱག་ཏུ་རིན་མེད་འབུལ་གནང་ཞུ་རྒྱུའི་ཆོད་སེམས་བསྟན་པ་ཡིན།

རྒྱལ་བསྟན་གཟི་བྱིན་སྲིད་པའི་གཡང་དུ་འདྲེན། །
ངེས་ལེགས་བྱང་ཆེན་དབྱིག་གི་སྒོ་འཕར་འབྱེད། །
སུ་དང་གང་ལ་ཕན་བདེ་དཔལ་སྟེར་བའི། །
བསྟན་འཛིན་སྐྱེས་བུའི་ཚོགས་ལ་བདག་འདུད་དོ། །

གྲོས་ཚོགས་དཔལ་དང་ལྡན་པའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཅས།

རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས།
༢༠༡༡ལོའི་སྤྱི་ཟླ་༡༠ཚེས་༨ལ་
གུས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག