འོལ་མོ་ལུང་རིངས་བྱ་བ་དེང་དུས་ཀྱི་དབང་བྱས་ན་གནས་གང་དུ་ཡོད་པའི་སྐོར་ལ་དཔྱད་པ།
སྤྱིར་ཞིང་མདོ་སོགས་ལས་འོལ་མོ་ལུང་རིངས་ལའང་འདུས་བྱས་ཀྱི་འོལ་མོ་ལུང་རིངས་དང་འདུས་མ་བྱས་ཀྱི་འོལ་མོ་ལུང་རིངས་གཉིས་ཡོད་པར་བཤད་པས་འདི་ལའང་མཁའ་སྤྱོད་དང་ས་སྤྱོད་གཉིས་ཡོད་པར་གྲུབ། དེ་ན་མཁའ་སྤྱོད་ནི་རང་སྣང་དག་པའི་ངོར་སྣང་བ་ཙམ་ལས་གདོས་བཅས་སུ་གྲུབ་པ་མེད། ཡང་ན་སངས་རྒྱས་འཁྲུངས་ཡུལ་སོགས་ལ་སྣང་བ་དག་པས་བཏགས་པས་བཏགས་པ་ཙམ་མོ། །ས་སྤྱོད་ནི་ས་གཞི་དང་འབྲེལ་ནས་ཡོད་པ་རྒྱ་གར་རྡོ་རྗེ་གདན་ལྟ་བུ་ཡིན་དགོས། དེ་ལྟར་ན་སྔོན་གྱི་ལོ་རྒྱུས་དང་དེང་དུས་ཀྱི་ས་པྲ་སོགས་སུ་བརྟགས་གཞིར་བཟུང་ནས་བཤད་ན་འོལ་མོ་ལུང་རིངས་ཀྱང་བོད་ཀྱི་ཡུལ་སྐོར་ཅིག་ཏུ་ཡོད་པར་སེམས་ཏེ། བོན་གྱི་ལོ་རྒྱུས་རྣམས་སུ་ཡུལ་དེ་ན་བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་དང༌། རྒྱལ་ཕྲན་བརྒྱད་ཅུ་རེ་ཡོད་པར་བཤད། དེའང་བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་ནི། 《ལེགས་བཤད་མཛོད》སོགས་ལས། འཛམ་གླིང་སྐྱོབ་པའི་ལྷ་ཁྲི་ཤེས་དཀར་པོའི་སྤྲུལ་པ། གསས་ཆེན་རིགས་ལྔ་མཁའ་འགྱིང་དང་དྲུག་གིས་བྱིན་གྱིས་རླབས་པའི་གདུང་རྒྱུད་བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་བྱུང་ཏེ། དེའང་ཤག་རིགས་གར་གསས་ཀྱི་གདུང་རྒྱུད(རྒྱ་གར་རྒྱལ་པོ)། དམུ་རིགས་གཤེན་ལྷའི་གདུང་རྒྱུད(ཞང་ཞུང་རྒྱལ་པོ)དང་རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད(རྒྱ་ནག་རྒྱལ་པོ)སོགས་རྒྱལ་པོ་དྲུག་གི་གདུང་རབས་གསལ་བོ་བསྟན་མོད། འོན་ཀྱང་རྒྱ་དཀར་ནག་ཞང་ཞུང་སོགས་ཀྱི་རྒྱལ་རབས་བརྗོད་སྐབས་ཀྱང་དེ་རྣམས་འདྲེན་ཡོད་པས་འོལ་མོ་ལུང་རིངས་ཅེས་པ་དེའང་ཕལ་ཆེར་འཛམ་གླིང་གི་ཆགས་ཚད་ལྟ་བུ་བསྟན་པར་སྣང་ངོ༌། །བོན་གྱི་བསྟན་འབྱུང་གང་མང་ལས་བོད་ཀྱི་གངས་རི་མཚོ་གསུམ་འདི་འཛམ་གླིང་གི་དབུས་སམ་ལྟེ་བ་བྱས་ཡོད་པ་དང༌། ཡང་རྒྱ་གར་བས་ཤམ་བྷ་ལ་བྱང་ཕྱོགས་སུ་ཡོད་པའང་བོད་ཀྱི་གངས་རི་མཚོ་གསུམ་འདི་ཡིན་པར་གྲུབ། ཕྲན་རང་གི་ལྟ་ཚུལ་ལ། འོལ་ལུང་ཉིད་ཀྱང་བོད་ཡུལ་དུ་ཡོད་ངེས་ཏེ། དཔེ་ཆ་ལ་ལར་དེ་ལ་ཞང་ཞུང་འོལ་མོ་ལུང་རིངས་ཅེས་བཀོད་ཡོད། སྤྱིར་ཞང་ཞུང་ལའང་སྒོ་ཕུགས་བར་གསུམ་དུ་ཕྱེས་སྲོལ་ཡོད་པ་ལས་ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིངས་ཅེས་འབོད་པས། ཞང་ཞུང་འོལ་མོ་ལུང་རིང་ཡང་དེ་འདྲའི་ཆ་ནས་བཏགས་པར་སེམས་སོ། །འོན་ཀྱང་ཞང་ཞུང་ཕུགས་པ་ཞེས་པ་དེ་སྐབས་འགར་ཞང་བོད་ནུབ་ཕྱོགས་སུ་ངོས་འཛིན་ཡོད་པ་དང༌། ཡང་སྐབས་འགར་ཆོས་དང་རིག་གནས་རྒྱལ་ས་སོགས་ཀྱི་ལྟེ་གནས་ལའང་ངོས་བཟུང་ཡོད། དེ་ན་ཞང་ཞུང་གི་རྒྱལ་ས་ནི་རྒྱལ་རབས་བྱུང་ཚུལ་དབང་གིས་ཡུལ་གཅིག་ཏུ་མ་ངེས་མོད། འོན་ཀྱང་ཕལ་ཆེར་གངས་ཏི་སེའི་ནུབ་དང་མདུན་དུ་ཆབ་སྲིད་ཀྱི་ལྟེ་གནས་བྱས་པར་གསལ་ལོ། དེ་ལྟར་ན་ཞང་ཞུང་ཕུགས་པའང་དེ་ཕྱོགས་སུ་ཡོད་པར་ངེས་སོ། 《མདོ་འདུས》ལས། “གནས་མཆོག་འོལ་མོ་ལུང་རིངས་དེ། །འཛམ་བུའི་གླིང་གི་ནུབ་བྱང་ན། །མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། །འཛམ་བུ་བྲི་ཀྵ་ཤིང་གི་རྩར། །རི་བོ་གངས་ཅན་ཏི་སེའི་དྲུང༌། །མཚོ་ནི་མ་ཕམ་གཡུ་མཚོའི་འགྲམ། །ཆུ་བོ་ཆེན་པོ་བཞི་འདུས་མགོ། །སྤོས་རི་ངད་ལྡན་ཉེ་བའི་ས། །རི་ནག་དགུ་འདུས་རྭ་བ་སྟེ། །ཆུ་བོ་པཀྴི་སི་དྡྷུས་བཅད། །”ཅེས་ད་ལྟ་བོད་ཀྱི་ཆགས་དབྱིབས་དང་ཆེ་འདྲ་བར་མ་ཟད་རྒྱ་གར་བ་རྣམས་ཀྱི་རི་བོ་དེ་ཉིད་བྱིན་རླབས་ཅན་ཞིག་ཏུ་རྩི་ནས་དེ་ལས་བྱུང་བའི་ཆུ་སོགས་ཀྱིས་སྡིག་སྒྲིབ་དག་པའི་ཡིད་ཆེ་བྱེད་སྲོལ་ཡོད། འོན་ཀྱང་ས་པཎ་གྱི《སྡོམ་གསུམ་རབ་དབྱེ》 《རྒྱལ་རབས་བོན་གྱི་འབྱུང་གནས》 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》སོགས་ལས་གངས་རི་མཚོ་གསུམ་དང༌། རི་ནག་དགུ་འདུས་དང་ཆུ་བོ་བཞི་སོགས་བོད་དང་འདྲ་བར་སྟག་གཟིག་ནའང་ཡོད་པར་བཤད་དོ། །དེ་ན་ཐོག་མར་སྟག་གཟིག་བྱ་བའི་གནས་དེ་ཕྱོགས་གང་ཏུ་ཡོད་པར་རྩལ་གཅོད་དགོས་ཏེ། སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི《འཛམ་གླིང་ཡུལ་བཤད》དུ། “ སྟག་གཟིག་ནི་བོད་ནུབ་ཕྱོགས་ཀྱི་ས་ཆ་ཡོངས་ལ་ངོས་བཟུང་ཡོད།” ཡང་《ཞི་ཁྲོ་རྩ་འགྲེལ》ལས། “ནུབ་སྟག་སྡེ་དང་གཟིག་འཕེན་ཞེས་བོད་ནུབ་ཕྱོགས་ཀྱི་ཚོ་བ་ཆེན་པོ་གཉིས་ལ་ངོས་བཟུང་ཡོད་མོད། འོ་ན་དེ་གཉིས་དེང་དུས་ཀྱི་དབང་དུ་བྱས་ན་གང་ལ་ངོས་འཛིན་དགོས་སམ་ཞེ་ན། མཁས་དབང་ནམ་མཁའི་ནོར་བུའི《ཞང་བོད་ལོ་རྒྱུས་ནོར་བུ་མེ་ལོང་》ལས། “ སྟག་གཟིག་ནི་དེང་དུས་ཀྱི་བར་སིག(波斯国)དང་ཕེ་རིང་(配戎)ཞེས་པ་གཉིས་ལ་ངོས་བཟུང་ཡོད། 《ཞང་བོད་ལོ་རྒྱུས་ཏི་སེ་འོད》ལས། “དབྲ་སྟོན་པའི་འཛམ་གླིང་ཡུལ་བཤད་ལ་དཔྱད་གཞིར་བཟུང་ནས་འདི་ལྟར་གསུངས་སྟེ། “སྐབས་འདིའི་གདགས་གཞིའི་སྟག་གཟིག་ཅེས་པ་དེ་པར་སིག་གི་འཚམས་དང༌། ཀ་ར་ཀོ་རུམ་རི་རྒྱུད་ཀྱི་ནང་ཁོངས་སུ་ཡོད་པའི་ཡུལ་སྡེ་སུམ་ཅུ་རྩ་གཉིས་པོ་དེ་དག་ངོས་འཛིན་འོས་པ་འདྲ་ཞིག་འདུག”ཅེས་སོ། །དེ་ལ་ཚེ་རིང་ཐར་གྱི《ཞང་ཞུང་གི་ཤེས་རིག》ཅེས་པ་ལས།” དེང་དུས་ཡིན་ལང་(伊郎)དང་ཨ་ལ་པོ(阿拉伯)གཉིས་ལ་ངོས་འཛིན་མཛད་འདུག འདི་ལ་རྒྱ་སྐད་དུ་ཏཱ་ཧྲི་གོ(大食国)ཞེས་བྲིས་འདུག སྤྱིར་སྟག་གཟིག་ཅེས་མིང་གི་དག་ཆའི་འབྲི་སྟངས་ལའང་མི་འདྲ་བ་གསུམ་ཡོད་དེ། བོན་འབྱུང་རྣམས་སུ་འབྲི་སྲོལ་མང་ལ་གཞན་མའི་ལོ་རྒྱུས་སུ་འབྲི་སྲོལ་ཉུང་བ་རྟག་གཟིགས་སྟེ། དེ་ལ་འགྲེལ་བཤད་གནང་སྐབས་ཀྱང་སངས་རྒྱས་རྣམས་ཀྱིས་འགྲོ་བའི་དོན་ལ་རྟག་ཏུ་གཟིགས་པའི་གནས་ཡིན་པས་སོགས་ཟེར། ཡང་བོན་འབྱུང་རྣམས་སུ་ཉུང་ལ་གཞན་པའི་དེབ་ཐེར་རྣམས་སུ་འབྲི་སྲོལ་མང་བའི་ཏ་ཟིག་ཅེས་དང༌། བན་བོན་གཉིས་སུ་གྲགས་ཆེ་བའི་སྟག་གཟིག་ཅེས་པ་སོགས་བྱུང་ངོ༌། །དེ་ན་བོན་ལུགས《མདོ་འདུས》ལས། “དེའི་ནུབ་ཕྱོགས(གངས་ཏི་སེའི་ནུབ་ཕྱོགས་ལ་གོ)ན་གཤེན་ཡུལ་འོལ་མོ་གླིང༌། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པག་ཤུས་བར་བཅད་དེ། །རི་ནག་དགུ་འདུས་བཅད་པའོ། །ནུབ་ཕྱོགས་སུ་དམུ་ཡི་རྒྱལ་ཁབ་ཡོད། །ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་སུ་ས་ལེ་དལ་ཕྲན་དང༌། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། མི་རིགས་སུམ་བརྒྱ་དུག་ཅུ། ཡུལ་ཆེན་བཅུ་དྲུག ཡུལ་ཕྲན་སྟོང་དང་བཅས་པ་དེ་དག་འཛམ་བུའི་གླིང་ངོ༌། །”ཞེས་འཛམ་གླིང་གི་ས་དང་འབྲེལ་བར་མ་ཟད་འཛམ་བུའི་གླིང་གི་ཆགས་དབྱིབས་ལྟ་བུར་བཤད་ཡོད་མོད། དེའང་འོལ་ལུང་གི་ནུབ་ཕྱོགས་སུ་དམུ་ཡི་རྒྱལ་ཁབ་ཏེ་ཞང་ཞུང་རྒྱལ་པོ་དང༌། ཤར་ལྷོ་འཇང་གི་ཡུལ་ཏེ་ནན་ཀྲོའོ(难诏)དང་ནཱ་ཞིས་མི་རིགས(纳西族)སོགས་ལ་གོ། བྱང་ཕྱོགས་སུ་ལེ་དལ་ཕྲན་ཏེ་ཡུལ་གུར(裕国)དང་ཐུའུ་གུ(突厥)མང་གོལ(蒙古)རྣམས་ཡིན་དགོས། ཧོར་གྱི་ཡུལ་ཞེས་སྐབས་དོན་མི་འདྲ་བའི་སྒོ་ནས་གོ་བ་ལེན་ལུགས་ཡོད་པ་ཧོར་གྱི་ལོ་རྒྱུས་སུ་གཟིགས་པར་འཚལ། བོད་ཀྱི་ཡུལ་དེའང་འོལ་མོ་ལུང་རིངས་བྱང་ཤར་ཕྱོགས་སུ་ཡོད་པར་མངོན། བོད་ཀྱི་ལོ་རྒྱུས་ལྟར་ན་བོད་ཅེས་པ་དེའང་ཐོག་མར་ཡུལ་ཡར་ལུང་ཕྱོགས་ཀྱི་ཚོ་ཁག་ཞིག་གི་མིང་དེ་རིམ་གྱེས་དར་ཁྱབ་ལ་སོང་ཏེ་ཞང་བོད་སྤྱིའི་མཚན་དུ་འཇགས་པར་བཤད། དེ་བཞིན་དུ་《རྩ་རྒྱུད་ཉི་སྒྲོན》ལས་ཀྱང༌། “དེའི་བྱང་ནུབ་གཤེན་ཡུལ་འོལ་མོ་ལུང་ཞེང་(ཞིང་)ཁམས་ཆེ་བ་འདི་ལྟར་རོ། །ཆུ་ཞིང་(ཞེང་)དཔག་ཚད་སྟོང་ཕྲག་གསུམ་དང་ཉིས་བརྒྱ་ལ། དབྱིབས་ནི་གྲུབ་བཞི་ཆུ་ཞེང་མཉམ། འཛམ་བུའི་གླིང་གི་ཕྱེད་གྲངས་ཡིན།” ཞེས་དང་ཡང་དེར“འོལ་མོ་ལུང་རིངས་ལྷོ་ཕྱོགས་ན་རྒྱ་གར་ཤམ་བྷ་ལ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེར་ཨོ་རྒྱན་གྱི་ཡུལ་ཡོད། ཤར་ལྷོ་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་ཙ་རི་ཙ་ཀོང་ཡོད། ལྷོ་ནུབ་ཏུ་སྲིན་པོ་མུ་སྟེགས་གླིང་ཡོད། བྱང་ནུབ་ན་སྟག་གཟིག་བོན་གྱི་ཡུལ་ཡོད། བྱག་ཕྱོགས་ན་མཁའ་འགྲོ་མའི་གླིང་ཡོད། བྱག་ཤར་ན་ཁ་ཆེའི་ཡུལ།” ཞེས་བྱང་ནུབ་ཅེས་གངས་ཏི་སེའི་བྱང་ནུབ་ལ་གོ། དེའང་འོལ་མོ་ལུང་གི་ལྷོ་ཕྱོགས་རྒྱ་གར་གྱི་བྱང་ཕྱོགས་བར་འཚམས་སུ་ཤམ་བྷ་ལ་ཟེར་བ་དེ་ཡོད་པ་ཡིན་ནམ་སྙམ་མོ། །གང་ལྟར་འདིའི་ལུང་དོན་ལྷོ་རྒྱ་གར་དང༌། ནུབ་ཨོ་རྒྱན་ཏེ(巴基斯坦或阿富汗)ཨ་ཧོས་ཧན་ཟེར་བ་དེ་ཡིན་ཚུལ་དེབ་དམན་མཆན་འགྲེལ་ལར་གསུངས་སོ། །ཡང་ལོ་རྒྱུས་ལ་ལར་པ་ཅིས་སི་ཐན་ཡིན་སོགས་ཟེར། ཤར་ལྷོ་རྒྱ་ནག་དང༌། ལྷོ་མོན་གྱི་རྒྱལ་ཁབ། ཤར་ཕྱོགས་སུ་གནས་ཙ་རི་དང༌། བྱང་ནུབ་ཏུ་སྟག་གཟིག་རྒྱལ་ཁབ་སོགས་ཀྱི་དབུས་ན་འོལ་མོ་ལུང་རིང་ཉིད་ཡོད་པར་བཤད་པ་དེ་ལྟར་ན། བོད་ཀྱི་ས་སྐོར་ཞིག་ཡིན་པར་ཤིན་ཏུ་གསལ། འདིའི་ནང་དུ་སྲིན་པོ་མུ་སྟེགས་གླིང་དང་མཁའ་འགྲོ་མའི་གླིང་ཞེས་པ་སོགས་ནི་མིང་གི་ཐ་སྙད་འགྱུར་བའམ་ཡུལ་གྱི་ས་དབྱིབས་འགྱུར་བ་སོགས་གང་ཡིན་མི་ཤེས་དེང་དུས་སུ་འདི་འོ་ཞེས་ངོས་འཛིན་མི་ནུས་པས་ཤེས་ལྡན་རྣམས་ཀྱི་དཔྱད་པར་ཞུ། འོན་ཀྱང་འོལ་མོ་ལུང་རིངས་སྟག་གཟིག་ན་ཡོད་ཟེར་བའི་རྒྱུ་མཚན་ནི《རྒྱལ་རབས་དེབ་ཐེར་དཀར་པོ》ལས། “དེང་དུས་ཕྱི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་པ། ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་བའི་བསྟན་པ་ཆེས་དར་ཆེ་བར་མ་ཟད། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ལ་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང༌། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ།”ཞེས་པདང་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུ་མེ་ལོང》ལས་པར་སིག་གི་ཡུལ་དུ་གངས་ཏི་སེ་དང་ཆུ་བོ་བཞིའི་མགོ་བོ་མཚོ་མ་ཕམ་རྣམས་མེད་པ་མངོན་སུམ་ཚད་མས་གྲུབ་པས། དེ་ལས་ལྷག་པའི་ཤེས་བྱེད་གཞན་ཅི་ཞིག་ཀྱང་མི་དགོས། དེ་ལྟར་ནའང་ཕྱིས་འབྱུང་གི་བོན་པོ་རྣམས་ཀྱི་གཤེན་ཡུལ་འོལ་ལོ་ལུང་རིངས་ཞེས་པ་དེ་སྟག་གཟིག་གི་ཡུལ་དུ་ཡོད་པའི་སྲོལ་གསར་དུ་བཏོད་པ་དེའང༌། རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། ཚུལ་དེ་འབྱུང་ཁུངས་སམ་ལུགས་དེ་བཞིན་བྱུང་ཡོད་པའི་རྒྱུ་མཚན་ནི། དུས་ཕྱིས་བོད་རྒྱལ་སྲོང་བཙན་སྒམ་པོ་བྱོན་པའི་དུས་ནས་བཟུང་བོད་དུ་དམ་པའི་ཆོས་ཀྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་བ་ཞིག་བྱུང་བའི་རྐྱེན་གྱིས་བོད་མི་ཚོས་རྒྱ་གར་ནས་བྱུང་བའི་དམ་ཆོས་ཙམ་དུ་མ་ཟད། རྒྱ་གར་ལ་གནའ་རབས་ནས་གྲགས་ཆེ་བའི་ཤེས་རིག་རྙིང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་བོད་ཀྱི་མཁས་པ་ཚོའི་བློ་གྲོས་ཀྱི་ཆ་རྐྱེན་དུ་ཆགས་ཤིང་དམ་པའི་ཆོས་ལ་དད་མོས་དང༌། དེ་དག་དང་འབྲེལ་བའི་རྒྱ་གར་གྱི་ཤེས་རིག་སྣ་ཚོགས་པ་ལ་དོ་སྣང་གལ་ཆེན་གྱུར་སྟབས། བོད་ནས་བྱུང་བའི་ཤེས་རིག་དང་བོད་མིས་བྱས་པའི་བསྟན་བཅོས་སོགས་ལ“བོད་མ”ཞེས་མཐོང་ཆུང་བྱེད་པའི་སྲོལ་ཞིག་དར། བོད་མིས་རྒྱ་ཆོས་ཀྱི་དཔེ་ཟླ་ནམ་ཡང་མི་འོས་པ་དེ་འདྲ་བའི་ལྟ་སྟངས་དེ་ལོ་གྲངས་བརྒྱ་ཕྲག་མང་པོའི་རིང་འཕེལ་རྒྱས་ཤུགས་ཆེ་བ་ཞིག་ཆགས་ཡོད་པ་དེའི་ཤུགས་རྐྱེན་བོན་པོ་རྣམས་ལའང་ཐེབས་ནས། འོལ་མོ་ལུང་རིང་གི་ཁུངས་སྟག་གཟིག་ན་བཅོལ་བ་ཙམ་ལས་གཞན་པའི་རྒྱུ་མཚན་འགའ་ཡང་མེད”ཅེས་གསུངས་པས་ཤེས་ཐུབ་མོད། དེ་ན《ཞི་ཁྲོ་རྩ་འགྲེལ》ལས། འཛམ་བུའི་གླིང་གི་ཆགས་ཚད་འདི་ལྟར་བཤད་ཡོད་དེ། “འཛམ་བུའི་གླིང་ལ་ཡུལ་ཆེན་བཅོ་བརྒྱད་ཡོད། །ཡུལ་ཕྲན་དགུ་བཅུ་རྩ་དགུ་ཡོད། །མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད། །ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་གར་དང་གྲི་བདག །ལྷོ་ན་རྒྱ་གར་དང་ཁ་ཆེ། །ནུབ་ན་སྟག་སྡེ་དང་གཟིག་འཕེན། །བྱང་ན་གེ་སེར་དང་ཧོར་ཡུལ། །དབུས་གངས་ཀྱི་ར་བ་དང་དགུའོ། །ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་དང་ཐོད་དཀར། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན། ནུབ་སྟག་གཟིག་གི་མཐའ་ན་གི་ལེ་དང་ཕུ་ན། བྱང་གེ་སེར་གྱི་མཐའ་ན་སོག་པོ་དང་སྦལ་ཁ”ཞེས་པ་སོགས་ནི་གོང་དུ་དྲངས་བའི་རྩ་རྒྱུད་ཀྱི་ལུང་དང་མཐུན་པར་མ་ཟད། སྟོན་པའི་སྐབས་སུ་སྟོབས་དང་མངའ་ཐང་བླ་ན་ལྷག་ཅིང་ཆེས་སྔ་བའི་རྒྱལ་ཁབ་ཁོ་ན་ཡིན་པ་ནི་མ་སྦས་རང་རྡོལ་དུ་གྱུར་པ་ལྟ་བུའོ། །དེའང་གོང་གི《རྩ་རྒྱུད》ལས་ཁ་ཆེ་བྱང་ཕྱོགས་(克什米尔国)སུ་ཡོད་པར་བསྟན་པ་དང༌། འདིའི་ནང་དུ་ལྷོ་ཕྱོགས་སུ་ཡོད་པར་བསྟན་པ་སོགས་དཔེ་རྙིང་འདི་རྣམས་དུས་ཡུན་རིང་མོའི་ནང་དུ་དཔེ་ནས་དཔེ་རུ་བཤུས་སྐབས་ཡིག་ནོར་དུ་འགྲོ་ཡང་སྲིད་པ་དང༌། དེ་རྣམས་སུ་བསྟན་པའི་རྒྱལ་ཁབ་འགའ་རེ་ནི་དེང་དུས་སུ་མིང་གི་ལྷག་མར་གྱུར་སོང་པ་དང༌། ཡང་འགའ་རེ་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་པ་སོགས་མ་ངེས་སོ། །དེ་བཞིན་དུ《བསྒྲགས་གླིང་》ལས“ནུབ་སྟག་གཟིག་དང་དབུས་གངས་ཀྱི་ར་བའི་བར་ན་དག་ཤ་དུང་གི་མགོ་བོ་འདྲ་བས་བཅད། བྱང་གེ་སེར་དང་སྟག་གཟིག་བར་མོན་མཚོན་ནག་པོ་གཏིང་རིང་གིས་བཅད། ”ཅེས་དང་《གཡུང་དྲུང་བོན་གྱི་བསྟན་འབྱུང་》ལས། “ཤར་ཕྱོགས་རྒྱ་དང་དབུས་གངས་ཀྱི་རྭ་བའི་བར། །ལ་ཤན་གངས་རྒྱུད་དར་དཀར་ཡོལ་འདྲས་བཅད། །ལྷོ་ཕྱོགས་རྒྱ་གར་དབུས་ཕྱོགས་གངས་ཅན་བར། །ཧིམ་ལའི་རི་རྒྱུད་དུག་སྦྲུལ་དཀྱུས་འདྲས་བཅད། །བྱང་ཕྱོགས་ཕྲོམ་དང་དབུས་ཀྱི་གངས་རིའི་བར། །བྱེ་མ་སྒང་རིང་ཉ་ཡི་སྒལ་འདྲས་བཅད། །ནུབ་ཕྱོགས་སྟག་གཟིག་དབུས་ཀྱི་གངས་ཅན་བར། །ལ་མཐོན་དག་ཤ་དུང་གི་མགོ་འདྲས་བཅད། །”ཅེས་དང་《དར་རྒྱས་གསལ་སྒྲོན》ལས། “ནུབ་ཕྱོགས་ཨོ་རྒྱན་དང་བོད་ཀྱི་འཚམས་ཞང་ཞུང་ཀྲི་སྡེ་ཁྱུང་ལུང་(བླ་ཆེན་དྲན་པའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་རོ)ལ་བྱའོ། །ཤར་ཕྱོགས་རྒྱ་དང་བོད་ཀྱི་མཚམས་སུམ་པ་གླིང་གི་གྱིམ་ཤོད་ལ་བྱའོ། །ལྷོ་ཕྱོགས་བལ་བོ་དང་བོད་ཀྱི་འཚམས་བྲག་སྙིགས་མ་བུ་ཁུར་ཅན། བྱང་ཕྱོགས་ཧོར་དང་བོད་ཀྱི་འཚམས་ལི་ཝང་སྒང་རིང་ཞེས་བྱའོ། །” ཞེས་པ་སོགས་སུ་ཞིབ་ཏུ་དཔྱད་ན་འོལ་མོ་ལུང་རིང་དང་བོད་ཀྱི་ཡུལ་གཉིས་ཆགས་དབྱིབས་དང་ཕྱོགས་རྣམས་ཤིན་ཏུ་མཚུངས་སོ། །དེ་བཞིན་དུ་སྟོན་པའི་གདུང་ཚོབ་དམ་པ་མུ་ཆོ་ལྡེམ་དྲུག་སྐབས་ཁོང་གི་སློབ་མ། སྟག་གཟིག་གི་མཁས་པ་དམུ་ཙ་དྲེ་ཧེ། ཞང་ཞུང་གི་མཁས་པ་འགུ་ཧུ་ལུ་སྤར་ལག སྟོང་རྒྱུང་མཐུ་ཆེན། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། གེ་སེར་གྱི་མཁས་པ་རྔམ་པ་ལྕེ་རིང༌། མེ་ཉག་གི་མཁས་པ་ལྕེ་ཙ་མཁར་བུ། བོད་ཀྱི་མཁས་པ་ཤ་རི་ཨུ་ཆེན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དེ་རྣམས་བོད་ཀྱི་ཉེ་གནས་རྒྱལ་ཁབ་ཁོ་ན་ནས་ཡིན་ཞིང༌། ཐམས་ཅད་འོལ་མོ་ལུང་རིངས་སུ་འདུས་ཏེ་བོན་བསྟན་སྤེལ་བར་མ་ཟད་ཁོང་རྣམ་པའི་གསུང་རྩོམ་ཀྱང་མང་དུ་བཞུགས་པ་རེད། དེ་བཞིན་དུ་བོན་གྱི་ལོ་རྒྱུས་ནང་དུ་སྙན་གྲགས་ཤིན་ཏུ་ཆེ་བ་བླ་ཆེན་དྲན་པ་ནམ་མཁའ་ཞེས་བྱ་བའང་སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད་འཁྲུལ་མེད་ཡིན་པར་གཞིར་བཞག དེ་གང་དུ་འཁྲུངས་བའི་ཡུལ་ནི་རི་བོ་གངས་ཅན་ཏི་སེའི་དྲུང༌། ཞང་ཞུང་ཁ་ཡུག་གི་ཡུལ་འཚམས། གྲོང་ཁྱེར་རྒྱལ་བ་མཉེས་པའི་ཚལ་ཞེས་བྱ་བ། གནས་ཁྱུང་ལུང་དངུལ་མཁར་རམ་འོལ་མོ་སྒོ་བཞི་ཞེས་པའི་ནང་དུ་ཡབ་བླ་ཆེན་རྒྱང་ཡར་མུ་ཁོད་རྒྱལ་པོའམ། ཞང་ཞུང་སྲིད་པའི་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གྱི་སྲས་སུ་འཁྲུངས་པ་ལྟར་ན་བོད་མི་འཁྲུལ་མེད་ཡིན་པ་དང༌། དེ་བཞིན་དུ་སྟོན་པའི་གདུང་འཛིན་དམ་པ་རྒྱལ་སྲས་ཀོང་ཚ་དབང་ལྡན་ཡང་ཡུལ་རྐོང་པོ་རོང་ནས་ཡིན་དགོས། དེས་ན་སྟོན་པ་གཤེན་རབ་ནི་བོད་མི་འཁྲུལ་མེད་ཞིག་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ན་སྨྲས་སོ། །འོ་ན་མི་འཐད་དེ། གཤེན་བསྟན་ལ་དད་པ་བྱེད་མཁན་གྱི་མཁས་པ་གང་མང་ཞིག་གི་གཤེན་ཡུལ་འོལ་མོ་ལུང་རིངས་ཀྱང་མ་དག་ས་རྡོའི་རྣམ་པས་མ་གྲུབ་ཅིང་དག་པའི་ཞིང་ཁམས་འདྲ་ཞིག་ངོས་བཟུང་ཡོད་མོད། སྤྱིར་དག་ཞིང་ཟེར་བ་དེ་ནི་རང་རང་གི་སྒྲིབ་གཉིས་བྱང༌། ཚོགས་གཉིས་རྫོགས་ཏེ་རང་སྣང་དག་པའི་ངོར་ཡོད་པ་ཞིག་ལ་བཞག་པར་སྣང༌། དེར་སྐྱེས་དགོས་ན་བདེ་བ་ཅན་དུ་སྐྱེས་བའི་རྒྱུ་བཞི་སོགས་ལ་བརྩོན་དགོས་ཚུལ་གསུང་མོད། དེའང་ཞིང་མདོ་སོགས་ལས་མཁའ་སྤྱོད་དང་ས་སྤྱོད་གཉིས་གསུངས་པ་རྣམས་ཀྱང་ཀུན་རྫོབ་དང་དོན་དམ་ལྟ་བུ་རྟེན་འབྲེལ་བསླུ་མེད་ཡིན་པས་དོན་ལ་འགལ་བ་མེད་དོ་སྙམ་མོ། །དེ་ལྟར་སྟོན་པ་ཉིད་ཀྱིས་གསུང་བའི་བོན་ལ་མདོ་སྔགས་རྫོགས་གསུམ་ཚང་ཚུལ་དང༌། མཛད་པའི་འཕྲིན་ལས་ལ་སྐུ་གསུང་ཐུགས་ཀྱི་སྟོན་པ་གསུམ་དུ་སྤྲུལ་ཚུལ་སོགས་རྒྱས་པར་ཤེས་འདོད་ན་མཛད་མདོ་རྒྱས་འབྲིང་བསྡུད་གསུམ་སོགས་སུ་གཟིགས་ན་ཕྲ་ཞིབ་བསྟན་ཡོད་པ་རེད།