ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་གསུང་འབུམ།
རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་གསུང་འབུམ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། tibetmonk] [ཟླ་ཚེས། 10-07-06] [ཀློག་གྲངས། ]


     མཁས་པའི་ཁྱུ་མཆོག་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་དཔལ་བཟང་བོའི་སྐུ་ཚེའི་རིན་ཐང་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་ཕྱི་རབས་དོན་གཉེར་ཅན་ལ་རྗེས་བཞག སྙིགས་དུས་བསྟན་པའི་གསལ་བྱེད། རྨོངས་པའི་བློ་མུན་སེལ་བའི་ཉིན་བྱེད་དང་འདྲ་བའི་ལྗགས་རྩོམ་རྣམས་ཕྱོགས་བསྒྲིགས་བྱས་པར་པོ་ཏི་རྟགས་བརྒྱད་ཀྱི་གྲངས་ལྡན་ཞིག་ལོང་ཡོད་པ། ཁོང་གི་གསུང་སྐྱེས་བླ་སྤྲུལ་འགའ་དང་དད་ལྡན་སྦྱིན་བདག་དུ་མའི་མཐུན་རྐྱེན་ལ་བརྟེན་ནས་ད་ལམ་པར་བསྐྲུན་བྱེད་རྒྱུའི་སྐལ་བ་བྱུང་ལགས། དེ་ཡང་གསུང་འབུམ་སོ་སོའི་ནང་གང་འཁོད་ཀྱི་མཚན་ཐོ་གཤམ་གསལ།

དེབ་དང་བོའི་ནང་།

   བོན་གྱི་དབུ་འཆད་དྭངས་འདྲེན་སྤོས་ཀྱི་སྤྲིན་ཕུང་དང་། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཉེར་མཁོ་མདོར་བསདྭས་རིན་ཆེན་ཐེམ་སྐས་བཅས།

དེབ་གཉིས་པའི་ནང་།

  སྙན་ངག་རྒྱན་གྱི་ལེགས་བཤད་མཁས་པ་དགའ་བྱེད་ཀྱི་འགྲེལ་བ་ཨུཏྤལ་ཆུན་པོ།

དེབ་གསུམ་པའི་ནང་།

   བརྡ་སྦྱོར་བློ་གསལ་མགུལ་རྒྱན་གྱི་འགྲེལ་བ་ཡང་གསལ་འཕྲུལ་གྱི་སྒྲོན་མེ། བོད་ཀྱི་བརྡ་དག་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག དག་ཡིག་སྐལ་བཟང་བྱིས་པའི་འཇུག་ངོགས། སྣང་དགོན་ལ་བསྔགས་པའི་དཔེ་རྒྱན་སོ་ལྔའི་རྣམ་བཤད་རིན་ཆེན་དོ་ཤལ། འཕྲིན་ཡིག་དཔྱིད་ཀྱི་ཕོ་ཉ། སྙན་རྩོམ་རྣ་བའི་བཅུད་འཕྲོག །སྣང་སྟོན་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་གསོལ་འདེབས་དུང་གི་སྒྲ་དབྱངས། གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྣམ་སྤྲུལ། སྣང་སྟོན་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་ཨུཏྤལ་ཕྲེང་མཛེས། ཀུན་མཁྱེན་རྒྱལ་བ་གཉིས་པའི་རྣམ་སྤྲུལ། སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། ཁྱུང་མོ་སྤྲུལ་བའི་སྐུ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་གྱི་རྣམ་ཐར་གསོལ་འདེབས་རྨ་བྱའི་ཟློས་གར། རང་རྣམ་ཚིགས་སུ་བཅད་པ་དུང་ཀའི་མེ་ཏོག །རང་རྣམ་ཚིགས་སུ་བཅད་པ་དུང་ཀའི་མེ་ཏོག་བཅས་བཞུགས་ཡོད།

དེབ་བཞི་བའི་ནང་།

   རྟགས་རིགས་ཀྱི་རྣམ་བཤད་གསལ་བའི་སྒྲོན་མེ། རྟགས་རིགས་ཀྱི་ཟུར་རྒྱན། སྡུད་གྲྭའི་རིག་ལམ་མཚོན་ཆའི་འཕྲུལ་འཁོར། སྡུད་གྲྭའི་ཟུར་རྒྱན་ངག་གི་སྒྲོན་མེ་བཅས་བཞུགས་ཡོད།

དེབ་ལྔ་བའི་ནང་།

   ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་ལུའུ་གཉིས་པ་བློ་རིག་གི་མཐའ་དཔྱོད་ལེགས་བཤད་གསེར་གྱི་ཕྲེང་བ། སྣང་དགོན་དཀར་ཆག་བྱིས་པའི་མགུལ་རྒྱན། སྣང་དགོན་དཀར་ཆག་གསལ་བའི་མེ་ལོང་། བཅའ་ཡིག་ཀུན་གསལ་མེ་ལོང་བཅས་བཞུགས།

དེབ་དྲུག་པའི་ནང་།

   མཚོན་བྱེད་ཞེ་ལྔའི་རྣམ་བཞག་ལེགས་བཤད་གསེར་གྱི་ཕྲེང་བ། གྲུབ་མཐའི་བརྒལ་ལེན་རལ་གྲིའི་འཕྲུལ་འཁོར། གསང་བ་སྔགས་ཀྱི་འཇུག་སྒོའི་བཅའ་གཞིའི་ལས་རིམ་མདོར་བསྡུས་བཅས།

བདུན་པའི་ནང་།

  བསམ་གཟུགས་བརྒྱད་ཀྱི་རྣམ་བཤད་རིན་ཆེན་ཕྲེང་བ། དགའ་སྟོན་གཡང་འབོད་ཚངས་པའི་དབྱངས་སྙན་གྱི་འགྲེལ་བ་རྨ་བྱའི་ཟློས་གར། ཐེག་པ་ཆེན་པོའི་ས་དང་ལམ་གྱི་རང་ལུགས་འཕྲུལ་གྱི་ལྡེ་མིག་དང་། འབྱུང་རྩིས་རྡེལ་བཞག་བཅུ་གསུམ་གྱི་འབྲས་བཤད་སྣང་བའི་དགའ་སྟོན་གྱི་སྔོན་འགྲོ་དང་བཅས་པ། གཤིན་རྩིས་ཐར་བའི་སྐས་བཟང་གི་འབྲས་བཤད་གསལ་བའི་མེ་ལོང་གི་སྔོན་འགྲོ་བཅས།

དེབ་བརྒྱད་པའི་ནང་།

  ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་སྤྱི་དོན་བློ་གསལ་མགུལ་རྒྱན་བཅས་བཞུགས་ཡོད།
   དེ་ལྟར་ཀློག་མཁན་རྣམས་ལ་བལྟ་བདེའི་ཕྱིར་དུ་གསུང་འབུམ་སོ་སོའི་མཚན་ཐོ་ཙམ་བཀོད་པ་ལས་རྒྱས་པ་དེབ་སོ་སོའི་དཀར་ཆག་ཏུ་གསལ་བས་དེ་ཙམ་མོ། །མཇུག་མཐར་གང་གི་གསུང་རབ་སྣང་བའི་བདག་པོ་སྐལ་བཟང་ཡིད་ཀྱི་མཁའ་ལ་རྩེན་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ཕྱོགས་ཀུན་ནས་མངོན་པར་རྒྱས་པའི་སྨོན་འདུན་དང་བཅས།མགོན་པོ་གང་གི་གསུང་གི་བདུད་རྩིས་ཡུན་རིང་དུ་བསྐྱངས་པ་དཔོན་སློབ་ཀྱི་མིང་ཐོབ་བློན་ཚང་ལུང་རྟོགས་རྒྱ་མཚོས་སྒོ་གསུམ་གུས་པས་སྦྱར་བ་དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག