སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་བོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་བཞུགས་སོ། །
རྩོམ་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས།
གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་རྟོག་དཔྱོད་གཟིགས་གནང་མཛད་པའི་སྐལ་མཉམ་སྐྱེ་བོ་ཡོངས་ཀྱིས་གསན་དགོངས་ཞུ་རྒྱུ་ལ། བསྟན་བྱུང་ལེགས་བཤད་འདི་ཉིད་འབྲི་རྩོམ་དཀའ་ངལ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་དང་། འདི་ཉིད་འབྲི་ཚུལ་ཇི་ལྟ་བུའི་སྒོ་ནས་བྲིས་པ་དང་། བསྟན་བཅོས་འདིའི་ནང་བརྗོད་དོན་གང་དང་གང་ཡོད་བཅས་འདི་རུ་མདོར་བསྡུས་ཤིག་ཞུ་ན།
དང་པོ་འབྲི་དགོས་པའི་རྒྱུ་མཚན་ནི། དུས་དེང་སང་འཛམ་གླིང་མི་མང་གི་ནང་དུ་བོན་ཞེས་བྱ་བའི་གྲུབ་མཐའ་འདིའི་མིང་ཙམ་ཐོས་མ་མྱོང་བའང་མང་པོ་ཡོད་པ་རེད། མིང་ཐོས་ཀྱང་གྲུབ་མཐའི་རིང་ལུགས་བཟང་ངན་ལེགས་ཉེས་ཇི་ཡིན་མི་ཤེས་པའང་མང་པོ་ཡོད་པ་དང་། ལ་ལ་ཞིག་གིས་བོན་ཞེས་བྱ་བ་ནང་པ་སངས་རྒྱས་པའི་བསྟན་པའི་བྱེ་བྲག་ཅིག་ཡིན་རྩིས་ཀྱིས་ལོག་རྟོག་མི་བྱེད་མཁན་ཡང་མང་པོ་ཡོད་པ་རེད། ཁ་ཅིག་བོན་གྱི་གཞུང་དོན་སྣེ་གཅིག་མ་མཐོང་ཡང་ལོག་རྟོག་ཕྱོགས་རིས་བློས་མི་ཤེས་ཤེས་མདོག་བྱས་ནས་བོན་ལུགས་ལྟ་སྤྱོད་མ་དག་པར་ཁྱད་གསོད་ཁ་ཁྲལ་སྨྲ་ཞིང་གཞན་དག་ལ་དེ་ལྟའི་ལུང་སྟོན་གླེན་གཏམ་བྱེད་མཁན་ཡང་དུ་མ་ཞིག་ཡོད་པ་རེད། ཁ་ཅིག་ནི་དེ་འདྲའི་ལོག་སྨྲ་ལ་ཉན་ནས་བོན་ལ་དད་མོས་ལྟ་ཅི་ཁ་ལག་འབྲེལ་མི་ཉན་པར་བསམ་བློ་འཛིན་མཁན་ཡང་ཡོད་པ་དང་། ལ་ལ་ཞིག་བོན་ལ་སྤྱོད་པའི་གང་ཟག་གི་ཡོན་ཏན་དང་བོན་གྱི་བྱིན་མཐུ་རྣམས་མཐོང་ཐོས་ཚེ་ན་བོན་ཞེས་པའང་ཤྭཀྱ་ཐུང་པ་དང་གུ་རུ་པད་མའི་ཕྲིན་ལས་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་ལྐུག་རྩིས་བྱེད་མིའང་ཡོད། ཕལ་ཆེར་གྱིས་བོན་འདི་དེང་སང་འཛམ་གླིང་དུ་དར་ཁྱབ་ཆེ་བ་ཞིག་མ་ཡིན་ཡང་བྱུང་སྔ་བའི་ལུགས་རྙིང་ཡུན་དུ་བརྟན་པ་ཞིག་རེད་པས་འདིའི་ཕུགས་ཆོད་པ་བྱེད་དགོས་བསམས་ནས་བལྟ་རྟོག་དཔྱོད་མཁན་ཡང་དུ་མ་ཡོད་པ་རེད་ལ། བོན་གྱི་བསྟན་སྒོར་ཞུགས་ཅིང་དད་གུས་ངེས་ཤེས་ལྡན་ཀྱང་རང་ལུགས་ལྟ་སྤྱོད་ཁུངས་ལུང་སོགས་ཞིབ་པར་མི་ཤེས་པའང་མང་དུ་ཡོད་པ་རེད། དེ་དག་རྣམས་ལ་ཡིན་ལུགས་གོ་བ་སྤྲད་པ་དང་། ཇི་བཞིན་ཤེས་འདོད་པ་རྣམས་ལ་འབྱུང་ཁུངས་ལོ་རྒྱུས་ཁ་གསལ་བཀོད། བློ་གསར་པ་དག་གིས་འདི་ཉིད་ལ་རྟོག་དཔྱོད་ཞིབ་བློས་གཟིགས་ན་རིག་པའི་བློ་སྒོ་ཕྱེ་སྟེ་རིམ་བཞིན་གཞུང་ལུགས་མཐའ་ཡས་ལ་དཔྱོད་པའི་ཤེས་རབ་རྒྱས་ཤིང་བོན་གྱི་སྤྱན་ལྡན་དུ་འགྱུར་བྱེད་ཀྱི་རྒྱུར་དམིགས་ཏེ་བྲིས་པ་ལགས།
གཉིས་པ་འབྲི་ཚུལ་ནི་རང་ན་གཞོན་ལོ་བཅུ་ཕྲག་ཕྱེད་གཉིས་ཙམ་གྱི་དུས་ནས་ད་ལྟ་ལོ་རྒས་བདུན་ཅུ་ཕྱིན་བར་དུ། མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་བཀའ་རྒྱུད་བསྟན་བཅོས་མཐོང་ཐོས་མཇལ་ཚད་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་བླ་མས་བསྟན་ཅིང་རང་བློས་ངེས་རྟོགས་ཇི་ཡོད་ལ་གཞི་བཅོལ། སྐབས་སུ་གསུང་རབ་དཔེ་རྒྱུན་མཐུན་རྐྱེན་གང་འཛོམ་གྱི་དོན་ལ་བློ་གྲོས་ཞིབ་མོས་དཔྱད། དེ་དག་གི་མཐད་ལྡན་ཚད་མའི་བཞེད་པ་རྣམས་གོ་མ་འཛོལ་བར་རིམ་པ་དང་ལྡན་པར་བསྒྲིགས། ལོ་རྒྱུས་ཁུངས་ལྡན་ཇི་སྙེད་ཀྱིས་ཁ་བསྐངས་ཏེ་བོད་ལུགས་རབ་བྱུང་བཅུ་ཕྲག་དྲུག་པའི་ཡོས་ལོར་སྦྲང་ལྡན་ཟླ་བའི་ཡར་ཚེས་ལ་དབུ་བརྩམས། ལོ་ངོ་བཅུ་ཕྲག་དུ་མའི་རིང་ཞར་ཞོར་ནམ་ཁོམ་དུས་མ་བཞག་པར་དཀའ་ཚེགས་སྤངས་ཏེ་བྲིས། སྐབས་སྐབས་ཟླ་ཤས་རེར་ཁྱད་བསྡད་ཀྱིས་བྲིས། བྲིས་ཟིན་པ་རྣམས་ལ་ལེགས་བཅོས་ཞུས་དག་གསལ་འདོན་ཁ་སྐོང་སོགས་ཐེངས་མང་བགྱིས་པས་མཇུག་གྲུབ་སྟེ་དཔར་དུ་བསྐྲུན་པའི་དཔེ་ནི་ད་ལྟ་རབ་རྒྱལ་ཆུ་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་པའི་སྤྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་བྲིས་ཟིན་པ་ལགས།
གསུམ་པ་བསྟན་འབྱུང་འདི་ལ་བརྗོད་དོན་ཇི་དང་ཇི་ཡོད་ཅེ་ན། ལེའུ་དང་པོར། འཇིག་རྟེན་ཕྱི་སྣོད་ཀྱི་ཆགས་ཚུལ་ལ་མུ་མེད་ནམ་མཁའི་ཁམས་སུ་རབ་འབྱམས་ཞིང་གི་བཀོད་པ་མཐའ་ཡས་པར་བརྡལ་པའི་ཚུལ། དེ་ལས་རྫོགས་སྐུ་ཀུན་སྣང་ཁྱབ་པའི་སྐུའི་ཞིང་དུ་ཕྱོགས་བཅུའི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་གྲངས་འདས་རྣམ་པར་བཀྲ་བའི་ཚུལ། དེ་ལས་ཐུགས་ཀའི་གནས་སུ་སྤྲུལ་སྐུའི་གདུལ་ཞིང་ཚངས་རྒྱུང་བྱེ་བ་ཕྲག་བརྒྱའི་བཀོད་པ་ཤར་ཚུལ། དེའི་ནང་བྱེ་བྲག་ཚངས་རྒྱུང་དབུས་མའི་ཞིང་ཁམས་འདིའི་འོག་གཞི་རླུང་གི་སྟེང་དུ་འབྱུང་བའི་དཀྱིལ་འཁོར་གྲུབ་ཚུལ་ལ།། ས་གཞི་རི་རབ་རི་བདུན་རོལ་མཚོ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ། ས་བླ་ཉི་ཟླ་གཟའ་སྐར་གྱི་བགྲོད་སྟངས། བགྲོད་ལམ་གོ་ལ་ཞེས་རླུང་གི་འཁོར་ལོ་འཁོར་ཚུལ་ཚད་བཅས་བཀའ་ལུང་ལྟར་གྱི་བཀོད་པ་གསལ་བར་ཡོད།
ལེའུ་གཉིས་པར། འགྲོ་བ་ནང་བཅུད་སེམས་ཅན་གྱི་གྲུབ་ཚུལ། ཀུན་གཞི་ཁྱབ་གདལ་གྱི་ཁམས་སུ་གཟུང་འཛིན་གྱི་རྟོག་ཚོགས་ཕྲ་རགས་རིམ་པར་འགྱུས་པ་ལས་གྲུབ་པའི་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་དང་། གཟུགས་ཁམས་ཀྱི་ལྷ་རིགས་བཅུ་བདུན་འདོད་ཁམས་ལྷ་དྲུག ལྷ་མིན་སྡེ་རིས། གླིང་བཞི་གླིང་ཕྲན་རི་བདུན་བཅས་པའི་མི་དང་མིའང་ཅིའི་རིགས། རྒྱ་མཚོ་ཆེན་པོ་དང་རོལ་མཚོ་བདུན་གནས་ཀྱི་ཀླུ་རིགས་སོགས་བྱོལ་སོང་སྤྱི་སྡེ་གསུམ་ལ་སྒོས་རིགས་གྲངས་མེད་པ་གྲོལ་ཚུལ། ཡི་དྭགས་སྡེ་རིགས་གསུམ། དམྱལ་བའི་ཁམས་བཅོ་བརྒྱད་བཅས་གྲུབ་ཚུལ། གཟུགས་དང་ཚེའི་ཚད་བཅས་ལུང་དང་མཐུན་པར་བྲིས་ཡོད།
ལེའུ་གསུམ་པར། སྣོད་བཅུད་དེ་དག་གིས་བསྡུས་པའི་སྣང་སྲིད་འཇིག་རྟེན་འདི་རྣམས་གནསདང་། ཚེ་དང་གྲངས་དང་། དུས་དང་། རང་གི་རང་བཞིན་སོགས་ཀྱིས་ཕན་ཚུན་བསྐལ་པའི་མཚན་མ་ཤར་ཏེ། ཕྱི་སྣོད་ཆགས་གནས་འཇིག་སྟོང་། ནང་བཅུད་སྐྱེ་རྒ་ན་འཆི། གནས་མཐོ་རིས་ངན་སོང་། འདས་དང་མ་འོངས་ཀྱི་བསྐལ་པ་རྣམས་སུ། གདུལ་ཞིང་འགྲོ་བའི་ཁམས་ཇི་སྙེད་ལ། འདྲེན་པ་སྟོན་པའི་སྒྲོན་མ་གྲངས་མེད་པར་བྱོན་པ་དང་འབྱོན་ལུགས། སྔ་ཕྱི་དུ་ཀྱི་འགྲོ་སྟངས་རྣམས་མདོ་རྒྱུད་ཀྱི་དགོངས་དོན་ཇི་བཞིན་བཀོད་པ་ཡོད།
ལེའུ་བཞི་པར། ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་སྟོན་པའི་སྒྲོན་མ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་འཇིག་རྟེན་འཛམ་བུའི་གླིང་དུ་ཇི་ལྟར་བྱོན་ཚུལ་དང་། འགྲོ་བ་སེམས་ཅན་གྱི་དོན་བླ་ན་མེད་པ་ཇི་སྙེད་མཛད་པའི་མཛད་པ་བརྒྱ་རྩའམ། མཛད་པ་དྲུག་ཅུ་མཛད་པ་བཅུ་གཉིས་བཅས་པའི་དོན་ད་། བཀའ་འཁོར་དང་མཐའ་བར་གསུམ་བསྐོར་ལུགས། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཡུང་དྲུང་སེམས་དཔའི་འཁོར་ལ་གསུང་ཚུལ་དང་གྲངས་མེད་ཀྱི་འགྲོ་བ་དྲང་ཚུལ་སོགས་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་གསལ་བ་ཡོད།
ལེའུ་ལྔ་པར། དེ་ལྟར་སྟོན་པས་གསུངས་པའི་བོན་སྒོ་རབ་འབྱམས་ཀྱི་བཀའ་རྣམས་གཤེན་རབ་མྱ་ངན་ལས་འདས་རྗེས་སུ་རྒྱལ་སྲས་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་མ་འདྲེས་སོ་སོར་བཀའ་བསྡུ་མཛད་པའི་ཚུལ་སྐུ་གསུང་ཐུགས་ཀྱི་རྒྱལ་བའི་སྲས་པོ་དེ་རྣམས་བྱོན་ཚུལ་ལོ་རྒྱུས། སྐུ་ཡི་བསྟན་པ་མི་ལོ་ཁྲི་གཅིག་རྫོགས་ནས། གསུང་གི་བསྟན་པའི་འགོར་གདུང་སོབ་སྟོན་པ་བྱོན་ཏེ་ལོ་གསུམ་བརྒྱ་ལ་བཀའ་འཁོར་བསྐོར་། དེ་རྗེས་འ་ཞ་གསང་བས་མདོ་ཡི་བཀའ་འཁོར་ལོ་སུམ་བརྒྱ་སོགས་རྒྱལ་སྲས་བཅུ་གཉིས་ཀྱིས་རང་རང་གིས་བཀའ་བསྡུས་པའི་བོན་གྱིས་གཙོས་བཀའ་འཁོར་གཤེན་ལོ་གསུམ་གསུམ་རེ་བསྐོར་བ་སོགས་བསྟན་འགྲོའི་དོན་མཛད་ཚུལ་སོ་སོར་གསལ་བ་ཡོད།
ལེའུ་དྲུག་པར། རྒྱལ་སྲས་དེ་རྣམས་ཀྱི་ཞལ་སློབ་མཁས་པ་དམུ་ཙ་ཏྲ་ཧེ་སོགས་འཛམ་གླིང་མཁས་པའི་རྒྱན་དྲུག་གིས་བསྟན་པ་རིན་པོ་ཆེ་ཕྱོགས་བཅུའི་ཞིང་ཁམས་སོ་སོར་སྒྲ་བསྒྱུར་རང་རང་སྐད་དུ་སྐད་ཡིག་སྤེལ་ཏེ། སྟག་གཟིག་བྲུ་ཤ་ཨོ་རྒྱན་ཁ་ཆེ་རྒྱ་དཀར་ནག་ཞང་ཞུང་བོད་སོགས་ཀུན་ཏུ་རིག་འཛིན་ལོ་པན་དུ་མས་ཇི་ལྟར་དར་རྒྱས་འཛིན་སྐྱོང་མཛད་ཚུལ་ཡོད།
ལེའུ་བདུན་པར། བོད་དང་ཞང་ཞུང་དུ་རྒྱལ་པོ་གྲི་གུམ་བཙན་པོ་དང་། ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་རིང་ལ་བསྟན་པའི་ཉི་མ་ཐེངས་རེ་བསྣུབས་པ་དང་། བོན་རྣམས་གཏེར་དུ་སྦས་ཚུལ། ཞང་བོད་ལྷ་གཙང་རིགས་མགུར་ལྷ་བརྟན་མ་རྣམས་མ་མཉེས་ཐུགས་འཁྲུགས་ཀྱིས། བསྟན་བསྣུབ་ཀྱིས་རྒྱལ་འབངས་བོད་ལ་བཀའ་ཆད་དབུ་ཡོག་ཕབས་ཏེ་རྒྱལ་པོ་བསྙུན་པ་དང་། བློན་པོ་བློ་འཆོལ་བ་དང་། རྒྱལ་པོ་ཡང་སྲས་རྒྱུད་བཅས་སྐུ་ཚེ་ཐུང་བ་དང་། གྲི་རུ་གྲོངས་པ་དང་། དམངས་སུ་བབས་པ་དང་ ། རྒྱལ་ཁམས་ནད་མཚོན་མུ་གེས་ཉེས་པ་སོགས་ཀྱི་ལོ་རྒྱུས་ཟུར་ཙམ་རེ་ཡོད།
ལེའུ་བརྒྱད་པར། འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རྒྱལ་བའི་གསུང་རབ་ཀྱི་རྣམ་པར་དབྱེ་བའི་སྤྱིའི་ཚུལ་དང་། བྱེ་བྲག་སོ་སོར་དབྱེ་ལུགས་སྒོ་བཅུ་གཉིས་ཙམ་བསྟན་པ་དང་། མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པའི་བོན་སྡེ་རབ་འབྱམས་ཀྱི་སོ་སོའི་མཚན་གྲངས་བཀའ་ལུང་ལས་གསལ་རིགས་དང་། མཐོང་ཐོས་ཀྱི་ལམ་དུ་སྣང་རྟོགས་རིགས་ཇི་ཡོད་བཅས་མཚན་ཐོ་རུ་བཀོད་པ་སོགས་ཡོད།
ལེའུ་དགུ་པར། བོན་སྒོ་དེ་དག་གི་ཐེག་པའི་རྣམ་བཞག་བཤད་པའི་ཐོག་མར། ཞོར་འབྱུང་ཕྱི་པ་མུ་སྟེགས་བྱེད་ཀྱི་འདོད་ཚུལ་རྟག་ལྟ་སྡེ་དགུ་དང་ཆད་ལྟ་སྡེ་གསུམ་བཅས་བཅུ་གཉིས་ཙམ་གྱི་ལོ་རྒྱུས་གྲུབ་མཐའི་བྱུང་ཚུལ་རང་ལུགས་ནང་པ་གཤེན་རབ་པའི་རྒྱུ་འབྲས་ཐེག་རིམ་དགུ་ལ་དབྱེ་ལུགས་རྒྱ་གར་ཞང་ཞུང་གཉིས་ཀྱི་བོན་དབུས་གཏེར་ལྷོ་གཏེར། བྱང་གཏེར་གསུམ་གྱི་ཐེག་དགུ་ལུགས་གསུམ་ལས་རྒྱུའི་ཐེག་པ་དབུས་གཏེར་ལུགས་ཀྱི་ལྷ་མི་གཞན་རྟེན། ལྷོ་གཏེར་གྱི་ཕྱ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་བཅས་ནང་གསེས་ངོ་བོ། ངེས་ཚིག གཞུང་དོན་ལྷ་དང་། ལྟ་སྒོམ་སྤྱོད་པ་དམ་ཚིག་འབྲས་བུ་བཅས་ཞིབ་པར་ཕྱེ་ཏེ་བཤད་པ་ཡོད།
ལེའུ་བཅུ་པར། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་དབུས་གཏེར་ལུགས། གཤེན་རབ་རྣམ་རྩོད་པ། རང་རྟོགས་གཤེན་རབ་པ། ཐུགས་རྗེ་སེམས་དཔའ་བ། སེམས་དཔའ་སྤྲོས་མེད་པའི་པ་སྟེ་བཞི་ལ་གཞན་དུ་ན་བྱེ་བྲག་པ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་བཞིའམ་ཉན་རང་བྱང་སེམས་གསུམ་རྣམས་དོན་མཐུན་པ་དང་། ལྷོ་གཏེར་ལུགས་ཀྱི་་དགེ་བསྙེན་དང་། དྲང་སྲོང་གཉིས། བྱང་གཏེར་ལུགས་ཀྱི་སྣང་ལྡན། རང་ལྡན་བཞེད་ལྡན་གསུམ་བཅས་དེ་དག་གི་ལྟ་སྤྱོད་འདོད་ཚུལ་སོགས་རྣམ་གྲངས་དབྱེ་བ་ཞིབ་གསལ་བཀོད་པ་ཡོད།
ལེའུ་བཅུ་གཅིག་པར། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ། དབུས་གཏེར་་རྒྱ་གར་ལུགས་སུ་བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ་དང་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ་གཉིས་ནི་གསང་སྔགས་ཕྱི་རྒྱུད་གཉིས་ཏེ། བྱ་རྒྱུད་དང་སྤྱོད་རྒྱུད་ཀྱང་ཟེར། བྱང་གཏེར་ལྟར་གྱི་ཐོ་ཐོ་སྤྱི་ཐོ་གཉིས་ཀྱང་འདྲ་བ་དང་། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ་གཉིས་ནི་གསང་སྔགས་ནང་པའི་ཐེག་པ་གཉིས་ཏེ། འདིའི་ཁོངས་རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་དམ། ཡེ་གཤེན་དང་ཡེ་གཤེན་ཆེན་པོ་གཉིས་ཀྱང་འཐུས་ཡོད། ལྷོ་གཏེར་ཞང་ཞུང་ལུགས་ལྟར་ན་ཨ་དཀར་ཐེག་པ་དང་ཡེ་གཤེན་ཐེག་པ་གཉིས། བྱང་གཏེར་ལྟར་གྱི་ཡང་ཐོ་དང་། ལྷ་རྩེ་སྣང་རྩེ་བཅས་འཐུས་པ་དང་ ། གཏེར་ཁ་གསུམ་མཐུན་གྱི་་ཁྱད་པར་བླ་མེད་ཡང་རྩེ་རྫོགས་ཆེན་ཐེག་པ་བཅས་པའི་ལྟ་སྤྱོད་འདོད་ཚུལ་ཞིབ་བཤད་དང་། ཐེག་རིམ་མིང་གི་བྱེ་བྲག་རྣམས་སོ་སོར་དོན་གཅིག་འདུས་ཚུལ་བཅས་ཡོད།
ལེའུ་བཅུ་གཉིས་པ་ལ། རྒྱལ་བའི་བསྟན་པ་ཕྱི་ནང་གསང་གསུམ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་གླེང་བའི་རིམ་པ་ལ། དང་པོ་ཕྱི་མདོ་རྒྱུད་སྤང་ལམ་འདུལ་ཁྲིམས་བརྒྱུད་པའི་བླ་མ་རྣམས་ཀྱི་ཐོག་མར་སྟོན་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་རྣམས་མཁན་སློབ་དཔང་མཛད་ཀྱི་སློབ་མ་མཁས་པ་ཆེན་པོ་དམུ་ཙ་ཏྲ་ཧེ་ནས་བཟུང་སྟག་གཟིག་ཞང་ཞུང་བོད་དང་མདོ་ཁམས་དབུས་གཙང་བཅས་པའི་འདུལ་བརྒྱུད་སྐྱེས་བུ་དམ་པ་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བཀོད་པའི་སྟོད་ཆ་ལ་མཉམ་མེད་ཆེན་པོའི་མཁན་པོ་བྲུ་སྟོན་ཚུལ་ཁྲིམས་ཡེ་ཤེས་ཡན་གྱི་ལོ་རྒྱུས།
ལེའུ་བཅུ་གསུམ་པ། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་རྣམ་པར་ཐར་པ་མདོར་བསྡུས་གོང་གསལ་བཀོད་པས་ཐོག་དྲངས་ཏེ། རྒྱལ་ཚབ་མཁས་པའི་དབང་པོ་ནས་དཔལ་ལྡན་སྨན་རིའི་མཁན་རབས་རིམ་བྱོན་ད་ལྟའི་བར་དང་། དེ་མཚུངས་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་ཕྱོགས་་ཀྱི་གྲངས་ལྡན། གདན་ས་གོང་འོག་གི་སློབ་དཔོན་ཡོངས་འཛིན་རིམ་བྱོན། དཔལ་ལྡན་མཁར་སྣའི་མཁན་མཚམས་རྣམས་བཅས་ཀྱི་རྣམ་ཐར་བསྡུས་པ་རེ་ཡོད།
ལེའུ་བཅུ་བཞི་པར། རྣམ་དག་འདུལ་བའི་བརྒྱུད་པའི་ཡན་ལག་སོ་སོར་གྱེས་པ་ལས། དམུ་རིགས་གཤེན་གྱི་འདུལ་རྒྱུད། རྨེའུ་དང་སུམ་པའི་འདུལ་རྒྱུད། རྒྱལ་རིགས་བྲུ་ཡི་འདུལ་རྒྱུད། དབང་ལྡན་ཞུ་ཚང་གི་འདུལ་རྒྱུད། རྒྱལ་སྲས་སྤ་ཡི་འདུལ་རྒྱུད་བཅས་རང་རང་སོ་སོའི་གདུང་ལས་འདུལ་འཛིན་སྐྱེས་བུ་གང་དག་བྱོན་པའི་ལོ་རྒྱུས་དཔེ་རྒྱུན་ལས་གསལ་ཚད་བཀོད་པ་སྟེ་དོན་དུ་གདུང་རྒྱུད་སོ་སོའི་ཁུངས་གཏོགས་གཙང་ལྡན་དྲང་སྲོང་བླ་མ་རྗེ་བཙུན་རྣམས་ཀྱི་ལོ་རྒྱུས་ཕྱོགས་ཙམ་རེ་ཡོད།
ལེའུ་བཅོ་ལྔ་པ་ལ། ནང་གསང་སྔགས་བསྒྱུར་ལམ་རིག་འཛིན་བརྒྱུད་པའི་བླ་ཁུངས་སྟོན་པ་གཤེན་ལྷ་འོད་དཀར་ནས་དགོངས་བརྒྱུད་རྣམ་ལྔ། གསང་བདག་གསང་བ་འདུས་པ་སོགས་བླ་མ་ཆེ་དྲུག་ གདུང་བརྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པན་གཤེན་དགུ། མཁས་པ་སྡེ་དགུ། བྱིན་རླབས་གཤེན་དགུ། མཐུ་ཆེན་མི་དགུ། མཐའ་འདུལ་ཆེ་དགུ།། རྫུ་འཕྲུལ་མ་དགུ། ཡབ་སྲས་རྣམ་གསུམ་ཡུམ་བཅས་དང་། བོད་བྱོན་བླ་ཆེན་དྲན་པ། མཁའ་འགྲོ་མ་སོགས་ཀྱི་ལོ་རྒྱུས་གང་ཤེས་རེ་ཡོད།
ལེའུ་བཅུ་དྲུག་པར། ཕྱིས་དར་ཟབ་མོ་གཏེར་གྱི་བརྒྱུད་པའི་མཁའ་གྲུབ་དམ་པ་རྣམས་ཀྱི་ལོ་རྒྱུས་ལ། ཐོག་མར་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ལྷ་ཁང་ནས་གཏེར་རྙེད་བོན་འདར་བན་གཟེ་བོན་བཀའ་བབས་བཅས་ནས་བརྒྱུད་དེ་དར་ཚུལ་ལོ་རྒྱུས། དེ་མཚུངས་ཏྲེ་རྒྱ་ར་ཙ་མི་གཉིས་དང་། ཁྲོ་ཚང་འབྲུག་ལྷ། ཁུ་ཚ་ཟླ་འོད། དབུས་གཏེར་བན་དེ་མི་གསུམ་དང་། དྲང་ངའི་ལོ་རྒྱུས་སོགས་ནས། སྤྲུལ་པའི་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དང་། གྱེར་མི་ཉི་འོད། རྨ་སྟོན་ཡབ་སྲས། དབྱིལ་སྟོན་ཁྱུང་རྒོད་ལ་སོགས་སྔ་ཕྱི་གཏེར་སྟོན་གྲངས་མང་གི་ལོ་རྒྱུས་གཏེར་ཐོན་ཚུལ། གཏེར་སྟོན་ལས་ཅན་རིགས་ནས་བརྒྱུད་དེ་བསྟན་པ་རིམ་པར་དར་ཚུལ་བཅས།
ལེའུ་བཅུ་བདུན་པ་ལ། རིགས་པ་འཛིན་པའི་གདུང་བརྒྱུད་ཁྱད་པར་འཕགས་པ་དུ་མར་བྱུང་བ་ལས། གཙོ་བོ་གདུང་རྒྱུད་ཀྱི་རྒྱལ་པོ་དམུ་རིགས་གཤེན་ཚང་གི་གདུང་གང་ལས་བྱུང་བ་དང་བླ་བརྒྱུད་ཇི་ལྟར་བྱོན་ཚུལ་བཅས། དེ་བཞིན་རྒྱལ་རིགས་བྲུ་ཚང་གི་གདུང་རྒྱུད་བྱུང་ཚུལ་དང་བླ་བརྒྱུད་བྱོན་ཚུལ། དབང་ལྡན་ཞུ་གཡས་ཚང་གི་གདུང་རྒྱུད་གང་བྱུང་བླ་མའི་རྣམ་ཐར་མཛད་ཡོད་་བཅས། རྒྱལ་སྲས་སྤ་ཡི་གདུང་བྱུང་ཁུངས་དང་བླ་བརྒྱུད་ཀྱི་ལོ་རྒྱུས། མཁའ་པ་རྨེའུ་ཚང་གི་གདུང་རིགས་དང་པོ་གང་བྱུང་དང་། བླ་བརྒྱུད་ཀྱི་རྣམ་ཐར་བཅས་ཡོད།
ལེའུ་བཅོ་བརྒྱད་པར། གསང་བ་སེམས་ཕྱོགས་གྲོལ་ལམ་རྫོགས་ཆེན་བརྒྱུད་པ་ལས། དང་པོ་ཞང་ཞུང་སྙན་བརྒྱུད་ཀྱི་དགོངས་བརྒྱུད་སྟོན་པ་རྣམ་དགུ་དང་། དེ་ནས་ལྷ་བོན་ཡོངས་སུ་དག་པ་སོགས་གྲུབ་མཆོག་འོད་སྐུར་སངས་རྒྱས་པ་ཉི་ཤུ་རྩ་བཞི་རིམ་བྱོན། སྤྲུལ་པའི་སྐུ་ཏ་པི་ཧྲི་ཙ་དང་སྣང་ཞེར་ལོད་པོ་ནས་ལས་ཅན་དམ་པ་དྲུག རྟོགས་ལྡན་འཁྲུལ་ཞིག་དྲུག རྣམ་སྤྲུལ་གྲུབ་ཆེན་ལྔ་དང་། ཡང་སྟོན་ཆེན་པོ་ནས་ལྷོ་རྒྱུད་བྱང་རྒྱུད་གཉིས་ནས་བརྒྱུད་པའི་དམ་པ་རྣམས་དང་། བརྒྱུད་པའི་འདུས་སོ་དང་དེ་དག་ལས་གྱེས་ཚུལ་བཅས་ཞིབ་པར་མཚན་སྨོས་བཀོད་ཡོད།
ལེའུ་བཅུ་དགུ་པར། རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་བཀའ་བརྟེན་བཅས་བརྒྱུད་པའི་གཤེན་རྣམས་ནས། སྤྲུལ་སྐུ་ལུང་བོན་ལྷ་གཉེན་བརྒྱུད་པར་བཅས། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དེར་བརྟེན་ཡང་རྩེ་ཀློང་ཆེན། ལྷོ་བྲག་མའི་གཏེར་ལུགས་བླ་མ་བརྒྱུད་པའི་རྣམ་ཐར། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་སྙན་བརྒྱུད་དུ་བྱུང་བའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་གསང་གསུམ་ལོ་རྒྱུས་ཕྱོགས་བསྡུས་དང་། རྫོགས་ཆེན་བོན་སྐོར་གཞན་དག་རིག་པ་གཅེར་མཐོང་སོགས་ཅི་རིགས་ཀྱི་བླ་བརྒྱུད་ལོ་རྒྱུས་གང་ཐོས་བཀོད་པ་ཡོད།
ལེའུ་ཉི་ཤུ་པར། མན་ངག་ཨ་ཁྲིད་ཀྱི་བརྒྱུད་པ་དགོངས་མཛད་ཆེན་པོ་སོགས་རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མ་རྣམས་དང་སློབ་མར་གྱེས་པའི་དམ་པ་དུ་མའི་ལོ་རྒྱུས། གཞན་དག་ཉམས་བརྒྱུད་ཅི་རིགས་ཀྱི་བླ་བརྒྱུད་དང་། གྲོལ་ལམ་ཁྲིད་སྙན་རྫོགས་གསུམ་གྱི་བླ་རྒྱུད་ཕལ་མོ་ཆེའི་འདུས་སོ་སློབ་དཔོན་བསྟན་པ་འོད་ཟེར་ཡབ་སྲས་ཚུན་གྱི་ཕྱིས་བྱོན་རྣལ་འབྱོར་གྲུབ་ཐོབ་དུ་མའི་རྣམ་ཐར་བཅས་པ་ཡོད།
ལེའུ་ཉེར་གཅིག་པ་ལ། གོང་གི་མདོ་སྔགས་སེམས་གསུམ་གྱི་བླ་རྒྱུད་ཡོངས་གྲགས་རིམ་བཤད་གྲས་ནས་ཟུར་དུ་ལུས་ཤིང་གོང་ནང་མ་གསལ་བ་ལུང་འཛིན་སྐྱེས་བུ་ཅི་རིགས་དང་། ཡང་སྟོན་གདུང་རབས། བར་དུ་འདས་ལོ་དྲུག་བརྒྱ་སྐོར་ཚུན་མདོ་ཁམས་སྟོད་སྨད་ཀྱི་སྐྱེས་བུ་དམ་པ་ཅི་རིགས་ཀྱི་བྱོན་ཚུལ། དམིགས་བསལ་སྤྲུལ་སྐུ་བློ་ལྡན་གྱི་བཀའ་བབས་བརྒྱུད་འཛིན་རིམ་བྱོན་ཁྱུང་དཀར་གྲུབ་ཆེན་ཚང་གི་བླ་སློབ་དུ་མར་འཕེལ་བ།ཤར་རྫའི་ཁོག་རྟོགས་ལྡན་འཇའ་ལུས་ཡབ་སྲས་རྣམས་ཀྱི་ལོ་རྒྱུས། རངགི་རིགས་བདག་རྩ་བླ་བཀའ་དྲིན་ཆེ་ལྡན་ཟུང་གི་རྣམ་ཐར་རྩ་ཐོ་ཙམ་བཀོད་པས་མཐར་གྲུབ་པ་ཡོད།
ལེའུ་ཉེར་གཉིས་པ་ལ། ལྷོ་འཛམ་བུ་གླིང་གི་སྒང་། ཞང་བོད་གངས་རི་ཅན་གྱི་ཡུལ་ལྗོངས་འདི་ན། སྔར་མི་ལོ་ཁྲི་ཕྲག་དུ་མ་འདས་པའི་གོང་ནས་མིའི་འགྲོ་བ་རིམས་པར་ཡོད་དེ། དེ་དག་གི་ལོ་རྒྱུས་རྗེས་མའི་རིམ་བཞིན་བཤད་པ་ལ་ཆབ་ནག་སྲིད་པའི་ལོ་རྒྱུས་སམ་སྔར་གཏམ་གཏམ་ཚིགས་སུ་གྲུབ་པའི་ཁུངས་ཚད་མར་འཛིན་པ་ནི་ལོ་ཁྲི་ཕྲག་གྲངས་ལ་གནས་པ་ཡིན། དེ་ཚེ་མི་དང་སྐད་ཡིག་སོགས་ཇི་བཞིན་ཡོད་པའི་རིགས་ཆེས་རྙིང་པ་ཞིག་ཡིན་པ་ལ། བར་དུ་བློ་ཆུང་འགའ་ཞིག་སྔོན་ཡབ་མྱེས་ཀྱི་ལོ་རྒྱུས་གསང་ཞིང་རང་ཉིད་ཆེ་འདོན་གྱི་ལུགས་གསར་སྲོལ་བཟང་གསར་ཡིག་སོགས་བྱས་སྐད་ཐལ་ཚིག་འདོད་གཏམ་བཤད་པ་ལ། གཞན་སྡེ་དེའི་རྗེས་འཇུག་པ་འགའ་ཞིག་གིས་བདེན་པར་བཟུང་། དེ་ལས་དེ་འཕྲོས་མགོ་འཁོར་བའི་བླུན་རྨོངས་ཀྱི་ཚོགས་མང་པོར་སོང་སྟེ་རྨོངས་ལུགས་བློར་འཇགས་པའི་རྒྱུན་ཞིག་དེང་སང་བོད་ནང་དུ་ཡོད་པ་དེ་དག་ལ་ཡིན་ལུགས་ཁུངས་སྐྱེལ་ར་སྤྲོད་པའི་གཏམ་དགག་བཞག་རིམ་པར་བྱས་ཡོད་པས་སྨྲ་ངན་གྱི་གཏམ་མཐོང་ཐོས་རིགས་ལ་བརྒལ་ལན་འཐུས་པ་ཡོད། གཞི་རྐང་དེ་དག་གི་ཚོགས་ལ་ཞིབ་མོས་དཔྱད་ན་ལུང་རིགས་ཚད་མའི་གཞུངདྲང་གི་གཏམ་སྣེ་གཅིག་མེད་ཁར། བརྗོད་ཚིག་དོན་གནད་ཀྱང་མི་རེས་རང་འཚམས་རེ་བཤད་པས་རིགས་ཚོགས་ལ་མཐུན་གྲུབ་ནི་མ་མཐོང་བ་དཔེར་ན། རྨོངས་གཏམ་དང་པོ་བོད་ཀྱི་ས་གནས་མཚོ་བྲི་ནས་གསར་དུ་མི་བྱུང་ཞེས་པ་འདི་དོན་ལ་དཔྱད་ན། ཕལ་ཆེར་ཤྭཀྱ་ཐུབ་དུས་བོད་ཆུ་རུ་འཁྱིལ་བ་འདུག་ན། ཤྭཀྱ་ཐུབ་བྱོན་ནས་མི་ལོ་ཉིས་སྟོང་ཡན་སུམ་སྟོང་ཕྱིན་གྱི་གྲངས་བཞེད་སྣང་མོད།། ཁ་ཅིག་གཡུལ་བརྟན་སོགས་ཀྱི་ཕམ་པའི་དཔུང་ཚོགས་དུ་མ་ཞིག་གངས་རི་ཅན་དུ་བྲོས་ཆགས་བོད་མི་བྱུང་ཟེར། གཡུལ་བརྟན་ནི་ཤྭཀྱ་ཐུབ་མ་བྱོན་པའི་གོང་ལོ་ཉིས་སྟོང་ལྷག་པའི་དུས་བྱོན་ལུགས་གསལ། ལ་ལ་ཞིག་གིས་ཕ་དམ་པ་སངས་རྒྱས་བོད་ཕེབས་དང་པོར་བོད་མཚོ་རུ་སྣང་། གཉིས་པར་མཚོ་བྲི་ས་སྐམ་ཤྭ་རྐྱང་ཐར་ཐོར་ཡོད་ལུགས་བཤད་པས། ཕ་དམ་པ་སངས་རྒྱས་མི་ཡུལ་དུ་ལོ་ལྔ་བརྒྱ་ཞེ་གཅིག་བཞུགས་མཐར་དིང་རིར་སྐུ་གཤེགས་ནས་དེང་སང་ཡན་མི་ལོ་བརྒྱད་བརྒྱ་དྲུག་ཅུ་སྐོར་འགྲོ་བས་དམ་པ་སྐུ་འཁྲུངས་ནས་ད་ལྟ་ཡན་ལོ་ཆིག་སྟོང་བཞི་བརྒྱ་སྐོར་ལས་མི་འགྲོ་བས་བོད་ལ་མི་ཕྱིས་སུ་བྱུང་བའི་ཁས་ལེན་འདི་སྔ་ཕྱི་མི་མཚུངས་པ་ཤ་སྟག་རེད། བོད་ཀྱི་ཡི་གེའི་འབྱུང་ཁུངས་ངེས་པ་ནི་སྔར་ཨེ་ཤེ་ཡ་དབུས་དང་ནུབ་བྱང་ངོས་ཀྱི་ཡུལ་ཁམས་རྣམས་ལ་སྟག་གཟིག བྲུ་ཤ། ཞང་ཞུང་སོགས་ཟེར་བས་ཞང་ཞུང་བོད་གཉིས་མཉམ་འབྲེལ་གྱིས་ཡི་གེ་དེ་ནས་བྱུང་བ་ཡིན། མ་ཟད་རྒྱ་གར་བྱང་ཕྱོགས་པ་རྣམས་ཀྱི་སྐད་ཡིག་ཕལ་ཆེའི་ཕུགས་ཀྱང་འདི་ཡིན་ཏེ་ལོ་སྟོང་ཕྲག་བཞི་ལྔའི་གོང་ཆུ་བོ་སུ་འདུའི་བརྒྱུད་རྒྱ་གར་དུ་སླེབས་པའི་ཨརྱའམ་འཕགས་པ་རྣམས་ཞེས་པའི་མི་འབོར་ཆེན་དེ་ཨེ་ཤེ་ཡ་དབུས་ཀྱི་ཡུལ་མི་རྒྱ་གར་དུ་སོང་བ་དེ་དག་གི་སྐད་ནི་སམ་སྐྲྀ་ཏའམ་ལེགས་སྦྱར་དང་། ཡི་གེ་སྤུངས་སོ་སྨར་ཡིག་རྣམས་ལས་རྒྱ་གར་བྱང་རྒྱུད་ཤར་ནུབ་ཀྱི་མི་རིགས་དང་སྐད་ཡིག་རྣམས་དེ་བཞིན་སྤུངས་སོ་ལས་ལཉྩ་དང་སྨར་ཡིག་ལས་གུ་པ་ཏ་ཡི་གེ་བྱུང་བ་འཐད། གཞན་ཡང་རང་རྒྱུད་གྱོང་པོར་གྱུར་པའི་ཕྱོགས་ཞེན་ཅན་ཁ་ཅིག་གིས་ཟུར་ཟ་ངན་སྨྲས་མཐོང་ཐོས་རིགས་ལ་བདེན་དོན་བཤད་དེ་ལོག་སྨྲ་ཤུགས་ཀྱིས་འགོག་པས་འཐུས་པར་བྱས་པ་ཡོད། ཞར་བྱུང་ཞང་ཞུང་དང་བོད་ལྗོངས་སུ་སྔ་ཕྱིར་བོན་གྱི་དགོན་སྡེ་ཆགས་རབས་མདོར་བསྡུས་བཅས་སོ།
སྟེང་ཆེན་དགོན་གྱི་དགེ་བཤེས་བསྟན་པ་ལགས་ནས་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ།