ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> གཡུང་དྲུང་དཔེ་ཚོགས་ཀྱི་དེབ་ཕྲེང་དང་བོ་པར་དུ་བསྐྲུན་པ།
གཡུང་དྲུང་དཔེ་ཚོགས་ཀྱི་དེབ་ཕྲེང་དང་བོ་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-01-10] [ཀློག་གྲངས། ]

གཡུང་དྲུང་དཔེ་ཚོགས་ཀྱི་དེབ་ཕྲེང་དང་བོ་ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་པར་སྐྲུན་བྱས་པ།

གཡུང་དྲུང་དཔེ་ཚོགས་ཀྱི་དཔེ་སྐྲུན་གསལ་བཤད།

  གཡུང་དྲུང་དཔེ་ཚོགས་ཞེས་པ་འདི་ནི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་རྩ་ཆེན་ཡིན་པའི་གཡུང་དྲུང་བོན་གྱི་རིག་གཞུང་གཙོ་བོར་བསྟན་པའི་གངས་ཅན་བོད་ཀྱི་རིག་གཞུང་བརྩམས་ཆོས་དཔེ་རྙིང་དག་སྒྲིག་དང་དཔེ་སྐྲུན་བྱེད་པའི་དཔེ་ཚོགས་ཤིག་རེད། དཔེ་ཚོགས་འདིས་གཡུང་དྲུང་བོན་གྱི་དཔེ་རྙིང་དང་དཔེ་དཀོན་རིན་ཐང་ཅན་འཚོལ་བསྡུ་དང་ལེགས་སྒྲིག་ཞུས་ཏེ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་དཔེ་རྙིང་རྣམས་དེབ་གཟུགས་སུ་དཔར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་རེད། དམིགས་ཡུལ་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་གཡུང་དྲུང་བོན་གྱི་དམིགས་བསལ་གྱི་རིག་གཞུང་མི་ཉམས་གོང་དུ་སྤེལ་རྒྱུ་དང་ཉམས་པ་སོར་ཆུད་བྱེད་རྒྱུ་དེ་རེད། དེ་ཡང་མ་དཔེ་འཚོལ་བསྡུ་དང་དག་སྒྲིག་གི་བྱ་བ་རྣམས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་དང་ནག་ཆུ་ས་ཁུལ་རིག་གནས་ཅུད་ཀྱི་ནོར་བུ་བཀྲ་ཤིས་དང་། ཧོར་ཀླུ་ཕུག་དགོན་གྱི་དགེ་བཤེས་གཡུང་དྲུང་གཙུག་ཕུད་བཅས་རྣམ་གསུམ་གྱིས་འགན་ཁུར་གནང་བཞིན་ཡོད། དཔེ་ཚོགས་ཀྱི་ཞིབ་ཆའི་ནང་དོན་ནི་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གནས་སྤྱི་དང་དེ་བཞིན་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་བཅས་ཚུད་ཡོད། དཔེ་ཚོགས་ལེགས་སྒྲིག་དཔེ་སྐྲུན་གྱི་རྩ་དོན་ནི་དཔེ་རྙིང་གི་མ་དཔེ་ལ་བརྩི་འཇོག་བྱས་ནས་དམིགས་བསལ་གྱི་ཡིག་ནོར་ཡིན་པ་ཕུད་བརྡ་རྙིང་དང་དེ་བཞིན་དོགས་གཅོད་ཁ་གསལ་བྱེད་མི་ཐུབ་པའི་རིགས་ཚང་མ་མ་དཔེ་ཇི་བཞིན་སོར་བཞག་ཐོག་དེའི་མཇུག་ཏུ་གུག་རྟགས་ནང་དུ་འོས་འཚམས་ཀྱི་དཔྱད་གཞི་འགོད་རྒྱུ་ལས་ཧོལ་རྒྱུག་དང་རང་འདོད་ཀྱིས་མ་དཔེ་དག་སྒྲིག་མི་བྱེད་རྒྱུ་བཅས་རེད། དཔེ་ཚོགས་དཔེ་སྒྲིག་ཚོགས་པའི་བྱང་ཚད་དམན་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་པའི་རྐྱེན་གྱིས་དཔེ་ཚོགས་ཀྱི་སྤུས་ཚད་རྒྱ་ཆེའི་ཀློག་པ་པོའི་ཐུགས་རེ་དང་འཚམས་པོ་མེད་པའི་གནད་དོན་ལྷག་ངེས་ཡིན་པས་དེའི་ཐད་ལ་ལྷག་བསམ་དག་པའི་ལེགས་བཅོས་ཀྱི་དགོངས་འཆར་གང་ཡོད་ལྷུག་སྩོལ་ཡོད་པ་མཁྱེན་མཁྱེན།

ཅེས་གཡུང་དྲུང་དཔེ་ཚོགས་དཔེ་སྒྲིག་ཚོགས་པ་ནས།

ཞུས་དག་པའི་གཏམ།

   གསང་བ་གསང་ཆེན་གསང་མཆོག་རྒྱལ་པོའི་ཐུགས་ཀྱི་ཉིང་ཁུ། མ་སྲིང་མཁའ་འགྲོ་རྒྱ་མཚོའི་སྙིང་ཁྲག གསང་བའི་གྲུབ་ཆེན་བརྒྱད་ཅུའི་ཡི་དམ། ཐེག་ཆེན་གསང་སྔགས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་དེའི་འགྲེལ་བ་ཆ་ཚང་བཅས་པར་སྐྲུན་བྱས་པ་འདི་ཡི་མ་དཔེ་ནི། གཡུང་དྲུང་སྙིང་བོ་མཆོག་གིས་སློབ་དཔོན་ལྕང་ར་བ་མཁན་སློབ་ཀྱི་ཕྱག་དཔེ། གཤེན་དར་ལྡིང་དང་བྱང་དང་ར་མན་ཆོད། ཀ་གདམས་པའི་ཕྱག་དཔེ་དར་གཏུམ་མ་ཡན་ཆོད། སྟོད་སྨད་ཀྱི་གསུང་རབ་དག་པ་མང་བོ་ལ་དག་པར་གཏུགས་ཤིང་། ཞུས་དག་ལན་བརྒྱད་ཙམ་བྱས་པ་ཡིན་ཞེས་པའི་ཕྱག་དཔེ་ལ་གཞིར་བཞག དེ་མིན་བོན་གྱི་བཀའ་བརྟེན་འགྱུར་ནང་དུ་བཞུགས་པའི་མ་དཔེ་དང་། རྒྱ་གར་ལྡི་ལིའི་པར་མ་བཅས་ལ་ཞིབ་བསྡུར་བྱས་ཁུལ་ཡིན། མ་དཔེ་རྣམས་ཀྱི་ནང་ལ་ཚིགས་བཅད་དང་ཚིག་འབྲུ་འགའ་ཞིག་མི་འདྲ་བ་ཅུང་ཙམ་ཡོད་པ་རྣམས་དང་། གཞན་བརྡ་རྙིང་གི་སྐོར་དང་མིང་གཞི་ལོགས་པ་ཁ་ཤས་འདུག་པ་རྣམས། མ་དཔེ་དངོས་ཀྱི་ཟུར་དུ་གུག་རྟགས་()ནང་དུ་བཀོད་ཡོད། གུག་རྟགས་ནང་དུ་བཀོད་པ་ཐམས་ཅད་གཞུང་གི་ནོར་བཅོས་མ་པ་གོང་ཞུས་ལྟར། དེ་དག་ཁག་གཅིག་ནོར་བཅོས་དང་། ཁག་གཅིག་བརྡ་གསར་རྙིང་གི་ཁྱད་པར། ཁག་གཅིག་མ་དཔེ་ཁག་གི་ནང་དུ་མི་འདྲ་བ་བྱུང་བ་དག་གཞུང་དོན་གཟིགས་པའི་བློ་གྲོས་མངའ་བ་རྣམས་ཀྱི་དཔྱད་བྱར་བཀོད་པ་ཡིན། གཞུང་འདིའི་མཛད་པ་པོ་ནི་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་སྐབས་སུ་བྱོན་པའི་བོན་གྱི་རིག་འཛིན་རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས་པ་དེ་ཡིན་པ་དང་དེ་ནས་གཏེར་དུ་གཤེགས་ནས་བསྟན་པ་ཕྱི་དར་སྐབས་སུ་གཏེ་སྟོན་གུ་རུ་རྣོན་རྩེས་གཏེར་དུ་བཞེས་ཏེ་རིམ་བཞིན་བརྒྱུད་པའོ། །མ་རྒྱུད་ཀྱི་གཞུང་འདི་གཏིང་ཟབ་མོ་ཡིན་པས་གཞུང་འགྲེལ་ཡོད་ཀྱང་ཤིན་ཏུ་རྟོགས་དཀའ་བས་ཀློག་པ་པོ་ལས་གཞུང་དོན་གོ་བདེ་ཡོང་ཆེད་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་མ་རྒྱུད་ལམ་དྲུག་བར་དོའི་རྣམ་བཤད་གསལ་བྱེད་སྒྲོན་མེ་ཞེས་པའི་འགྲེལ་དེ་ཡང་གཞུང་འདིའི་མཇུག་ཏུ་བསྣན་ཡོད། ཞུས་དག་སྐབས་དེབ་འདི་ཉིད་པར་རྩ་སྒྲིག་མཁན་མི་རིགས་དཔེ་སྐྲུན་ཁང་གི་རྒན་པ་དབང་ལགས་དང་ཀླུ་ཕུག་དོན་བཤད་སྒྲུབ་འདུས་སྡེ་ནས་དེབ་འདིའི་དཔེ་སྐྲུན་གྱི་འགྲོ་གྲོན་ཐད་རོགས་སྐྱོར་གནང་བྱུང་བས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྲན་རང་རྣམ་དཔྱོད་ཀྱི་བློ་སྒོ་དོག་ཅིང་དུས་ཚོད་ཀྱི་ཁོམ་ལོང་ཉུང་བའི་རྐྱེན་གྱིས་ཞུས་དག་གི་བརྒྱུད་རིམ་ནང་མཐོང་བཞིན་མ་ཤེས་པ་དང་། མ་མཐོང་ནས་མིག་བར་ལུས་པ་བཅས་ཀྱི་ཞན་ཆ་ཆེན་པོ་ཡོད་ངེས་ཡིན་པས། ཐེག་ཆེན་གསང་སྔགས་ཀྱི་བོན་ལ་འཇུག་པའི་སྐལ་བ་ལྡན་ཞིང་རྣམ་དཔྱོད་ཤེས་བྱའི་སྤྱན་ལྡན་རྣམ་པས། ལྷག་བསམ་ཟོལ་མེད་ཀྱི་བཀའ་སློབ་བདུད་རྩིའི་ཟེགས་མ་གནང་བའི་འབོད་སྐུལ་དང་། ཕྱག་དཔེ་འདི་པར་སྐྲུན་བྱས་པ་ལ་བརྟེན། གནའ་བོའི་རྡུལ་ཁྲོད་དུ་ལས་དུས་རྐྱེན་དབང་གིས་རེ་ཞིག་གཟིམས་ཀྱང་ལོ་རྒྱུས་ཀྱི་གཟི་བརྗིད་མ་ཉམས་པའི་ཁ་བ་གངས་རིའི་བླ་སྲོག་ཏུ་གྱུར་བའི་དཔེ་རྙིང་རྣམས་མྱུར་སྐྱོབ་ཡོང་བ་དང་། ལེགས་བྱས་ཀྱི་དགེ་བས་ས་གསུམ་འགྲོ་བའི་རྨོངས་མུན་སེལ་ནས་གསང་སྔགས་རྒྱལ་བ་རྒྱ་མཚོའི་གོ་འཕང་འཐོབ་པའི་རྒྱུར་འགྱུར་བའི་སྨོན་ལམ་བཅས་དགེ་བཤེས་གཡུང་ཕུད་པས་སྦྱར་བའོ། །

  ཐེག་པ་ཆེན་པོ་གསངས་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་ཞེས་བྱ་བ། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་བོའི་ཐུགས་ཀྱི་དགོངས་པ་མཐར་ཐུག མཁའ་འགྲོ་རྒྱལ་བ་རྒྱ་མཚོའི་སྙིང་གི་ཁྲག གསང་བའི་གྲུབ་ཆེན་བརྒྱད་ཅུའི་ཡི་དམ། རིམ་པར་ལྟར་བརྒྱུད་པའི་ཟབ་དོན། ཐེག་ཆེན་དང་གསང་སྔགས་ཀུན་གྱི་ནང་ནས་ཁྱད་པར་དུ་འཕགས་པའི་རྒྱུད་སྡེ་ཆེན་པོ་འདི་ཉིད་ནི། བདག་དུས་མཐའི་སྤྲང་བོ་གཡུང་དྲུང་སྙིང་བོ་ཞེས་བྱ་བའི། དད་གུས་མོས་པའི་སྟོབས་ཀྱི། ད་ལྟའི་སྐབས་སུ་ཕྱག་སྐོར་མོས་འདུན་གྱི་རྟེན་དང་། ཕྱི་མར་བག་ཆགས་བཟང་བོ་དང་སྨོན་ལམ་གྱི་འབྲེལ་བ་དང་། སེམས་བསྐྱེད་རྣམ་དག་འགྲོ་བ་ཀུན་གྱི་དོན་ཆེད་དུ་བཞེངས་པའོ། །
འདིའི་མ་དཔེ་ནི། སློབ་དཔོན་ལྕང་ར་བ་མཁན་སློབ་ཀྱི་ཕྱག་དཔེ། གཤེན་དར་ལྡིང་དང་བྱང་ར་མན་ཆོད། ཀ་གདམས་པའི་ཕྱག་དཔེ་དར་བཏུམ་མ་ཡན་ཆོད། སྟོད་སྨད་ཀྱི་གསུང་རབ་དག་པ་མང་བོ་ལ་དག་པར་གཏུག་ཅིང་། ཞུ་དག་ལན་བརྒྱད་ཙམ་བྱས་པའི་ཐུགས་དམ་འདུག་པ་ལ། ཞལ་བཤུས་ཤིང་ཞུ་དག་ལན་གསུམ་བྱས་པ་ཡིན། ཕྱི་རབས་གང་ཟག་གང་གི་ཕྱག་ཏུ་ཕེབས་ཀྱང་། འདི་ནས་ལྷག་པའི་རྒྱུད་སྡེ་རྐོན་༼དཀོན༽པས། བཀུར་སྟི་གཟབ་ཅིང་ཐུགས་དམ་མཛད་པ་དང་། ཚིག་དོན་གཉིས་ལ་མཁས་ཤིང་རང་རྒྱུད་ལ་ཇི་འབྱོར་མཛད་པར་ཞུ། མུ་ཙུག་སྨར་རོ། ཨེ་མ་ཧོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག