ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཁག་པར་བསྐྲུན་བྱས་པ།
བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཁག་པར་བསྐྲུན་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 11-07-11] [ཀློག་གྲངས། ]

ད་ལོར་གསར་དུ་པར་བསྐྲུན་བྱས་པའི་༧མཁས་དབང་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གསུང་པོད་ཁག

གླེང་བརྗོད་དང་འབྲེལ་བའི་གཏམ།

      གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྡན་བོད་ཀྱི་ཡུལ་ཁམས་འདིར། རང་བྱུང་གི་བཀོད་པ་ཚར་དུ་དངར་ཞིང་ཡུལ་བབ་དང་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པ། རི་སུལ་ལུང་རྒྱུད་ཀྱི་ས་གཞི་ཡངས་ཤིང་། ཕྱི་སྣོད་ཀྱི་བཀོད་པ་དང་ཐོན་རྫས་ཕུན་སུམ་ཚོགས་པས་ཐུན་མིན་གྱི་ཁྱད་བོན་བརྒྱད་དང་ལྡན་པ་མ་ཟད། ནང་བཅུད་ཀྱི་འགྲོ་བ་ཀུན་ཀྱང་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བ། བློ་གྲོས་ལྡན་ཞིང་སྨྲ་བར་མཁས་པ། དཔའ་མཛངས་ཆེ་ཞིང་སྤོབས་པའི་ངང་དང་ལྡན་པ་སོགས་དུས་རིམ་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་བསམ་གྱིས་མི་ཁྱབ་པས་ན། བོན་གྱི་རིག་གནས་འདི་དག་ཀྱང་རྒྱུན་ཆད་དང་ཉམ་ང་མེད་པར་གོང་ནས་གོང་དུ་འཕེལ་བར། ཕྱི་ནང་རྒྱལ་ཁབ་ཀུན་ལ་ངོམས་རིན་ལས་ངོ་གནོངས་མི་དགོས་པའི་ཆོས་ལུགས་ལོ་རྒྱུས་དང་། སྐད་དང་ཡི་གེ རིག་གནས་སྒྱུ་རྩལ། སྒྲ་ཚད་གསོ་རིག རྩིས་དང་སྡེབས་རིས། ཡུལ་སྲོལ་གོམས་གཤིས་སོགས་ལ་དཔྱོད་ཤེས་དང་ཞིབ་འཇུག་ཡང་དག་ཏུ་སྤེལ་བ་ནི་ལོ་རྒྱུས་ཀྱི་རིན་ཐང་གསེར་ལས་དཀོན་པའི་ཕན་ནུས་དང་དོན་སྙིང་ཆེས་ཆེར་ལྡན་པ་རེད།
      དེང་ཡང་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་དང་རང་མི་རིགས་ཀྱི་མཁས་དབང་རྣམས་ཀྱིས་བོད་རིག་པའི་བྱུང་འཕེལ་ལ་ཞིབ་འཇུག་རགས་ཙམ་དཔྱད་རྒྱུ་ལས་ལོ་རྒྱུས་གཏིང་ཟབ་དུ་ལོན་དཀའ་བ་འདི་ཡང་ཆུ་མགོ་གངས་དང་ཆོས་རྩ་བོན་ལ་ཐུག་པའི་དཔེ་ལྟར་གྱུར་བས། བོད་ཀྱི་ཤེས་རིག་གི་བྱུང་ཁུངས་དྲང་བདེན་དུ་སྨྲ་བར་མ་འདོད་པ་དེ་རེད། ཚུལ་དེར་དམིགས་ནས་མཁས་དབང་བོན་བརྒྱ་མཆོག་གིས་གྲུབ་མཐའ་ཀུན་གྱི་གཞུང་ལུགས་དང་ལོ་རྒྱུས་རྣམས་ལ་དཔྱད་གསུམ་ཚད་མ་ཡང་དག་གིས་གཞལ་ཞིང་། ཕྱོགས་དང་རིས་སུ་མ་ལྷུང་བར་བདེན་དོན་གྱི་ལོ་རྒྱུས་དམིགས་སུ་བཟུང་སྟེ། བོད་ཀྱི་ཡི་གེ་ཇི་ལྟར་བྱུང་ཚུལ་དང་། རྒྱལ་རབས་རིམ་བྱོན་གྱི་ལོ་ཚིགས། བོད་སྲིད་འཕྲོག་རྩོད་ཀྱི་ཕམ་ཉེས། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་འཁྲུངས་འདས། རླབས་ཆེན་གྱི་འཕྲིན་ལས་སྤེལ་ཚུལ། རྒྱལ་བསྟན་འཕེལ་འགྲིབ་ཀྱི་དུས་རྐྱེན་སོགས་ལུང་རིགས་དཔེ་གསུམ་གྱིས་སྲང་ལ་འཇལ་ཞིང་། གཞན་གྱིས་དྲིས་ལན་དང་རྒྱལ་སྤྱི་བོད་རིག་པའི་དཔྱད་གཏམ་དུ་སྤེལ་བའི་གསུང་བཤད་གལ་ཆེན་ཅི་རིགས་ལས་གཞན། ཐེངས་འདིར་པར་དུ་བསྐྲུན་བཞིན་པའི་པོད་གསུམ་པའི་ནང་དུ་བསྟན་འགྲོའི་དོན་ལ་སྨན་ཞིང་ཐུགས་བརྩེ་རབ་ཏུ་ཆེ་བའི་བླ་སྤྲུལ་རྣམས་ལ་ཞབས་བརྟན་གསོལ་འདེབས། རྩ་གསུམ་ལྷ་དང་སྲུང་མ་རྣམས་ལ་ཚོགས་བསྡུས་བསྐང་གསོལ། ཕྱོགས་སྐྱོང་ཡུལ་ལྷ་གཏེར་བདག་རྣམས་ལ་བསང་དང་ཆོ་ག ལེགས་ཉེས་བླང་དོར་རྣམ་པར་འབྱེད་ལ་བཅའ་ཡིག་སྣ་ཚོགས་ཀྱིས་མཚོན་པར་བཀོད་ཡོད། 
      པོད་བཞི་བར་རྣམ་དཀར་དགེ་ལ་བསྐུལ་ཕྱིར་ཞལ་གདམས་ཚིགས་བཅད་དུ་མ་དང་། སྤང་བླང་དང་འབྲེལ་བའི་བྱ་དཀའ་བ་དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད་དང་ཀ་རྩོམ་འབྲི་ཚུལ་གསར་བ་ཅི་རིགས། གཤེན་གྱི་དགོན་སྡེ་ཁག་དང་གོང་འོག་བར་མའི་བླ་སྤྲུལ་སོ་སོར་སྤྲིངས་པའི་ཆབ་ཤོག གསུང་རབ་གཅེས་འཛིན་གྱི་དུས་དེབ་དང་དཔེ་ཚོགས་ལ་ཕུལ་བའི་ཤིས་སྨོན་དང་བསྟོད་ཚིག་གི་ཚོགས་རྣམས་བསྡུས་པར་བྱས་ཡོད།
      པོད་ལྔ་བར་ཐར་བ་དོན་གཉེར་གྱི་སོ་སྐྱེ་སུ་ཡིན་ཡང་། གཡུང་དྲུང་གི་བོན་རིན་པོ་ཆེ་ཉམས་སུ་ལེན་པའི་ཐབས་ལམ་གལ་ཆེ་བ། ལས་དང་པོ་ནས་རིམ་གྱིས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་བློ་སྟོབས་དང་བསྟུན་ཏེ་བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པ་ཚིགས་བཅད་མ་དང་ལམ་རིམ་ཤར་སྒོམ་བྱེད་ཚུལ་ཉུང་འདུས་ཚིགས་ལྷུག་མ་གཉིས། ཚུལ་ཆེན་ལམ་རིམ་གཤེན་བསྟན་གསལ་བའི་སྒྲོན་མེའི་ཟུར་རྒྱན། སྡེ་སྣོད་མཛོད་ས་བཅད་དང་གྲངས་འདྲེན། གང་མཁོ་ཟིན་བྲིས་ཇི་སྙེད་དང་། དེ་ལས་སེམས་དང་སེམས་བྱུང་གི་རྣམ་བཞག སེམས་ཁྲིད་ཉམས་མྱོང་དམར་ཁྲིད་ཉུང་འདུས་བཅས། མདོར་ན་ལོ་རྒྱུས་ཀྱི་བྱུང་ཁུངས་རིས་སུ་མ་ཆད་པ། བརྗོད་འདོད་ཀྱི་བསམ་བློ་སྒྲོག་གིས་མ་བཅངས་པ། དྲང་བདེན་གྱི་ཚངས་ཐིག་དཀྱུས་སུ་མ་ཡོ་བར། བོད་རིག་པའི་ཆེད་མཁས་དང་ཞིབ་འཇུག་པ། སློབ་མ་བཅས་ལ་དཔྱད་གཞིས་ཡིག་ཆར་སྨན་ཞིང་། ཞིབ་འཇུག་གི་རིན་ཐང་དང་བརྗོད་བྱའི་ཕན་ནུས་ངེས་ཅན་དུ་ལྡན་པར་སེམས་སོ། །

ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ཁང་ནས། 

 

 ༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

      སྙིགས་དུས་ཀྱི་འདྲེན་མཆོག་མ་ཧཱ་པཎྚི་ཏ་ཆེན་པོ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ནི། ཡུལ་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་བྱང་ཨཀྟ་རོང་གི་ཡུལ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་པ་གྲུབ་གནས་བརྒྱད་ཀྱི་དབུས་དཀྱིལ། གྲུབ་པའི་དབང་ཕྱུག་ཁྱུང་དཀར་བསྟན་པ་དར་རྒྱས་ཀྱི་རུས་རྒྱུད་ཟམ་མ་ཆད་པར་མུ་ཏིག་གི་ཕྲེང་བ་བསྟར་ཏུ་བརྒྱུས་པ་ལྟར་རིམ་པར་བྱུང་བའི་སྡེ་མག་སར་ཞེས་པར། ཡབ་རྡོ་རྗེ་ཐར་དང་ཡུམ་ཕན་སེམས་ཅན་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་བྱི་སྤྱི་ལོ༡༩༣༦ལོར་མཚན་དཔེའི་སྐུ་ཡི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞད། དགུང་ལོ་ལྔའི་སྟེང་བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་དང་རྟོགས་ལྡན་དམ་པ་ཏྲེ་ཚང་སྤྲུལ་སྐུ། རྙིང་མ་བ་མདོ་མཁྱེན་བརྩེ་རིན་པོ་ཆེ། སྟོང་ཁྱུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ་སོགས་ཀྱིས་ཕྱོགས་སོ་སོ་ནས། ཨ་མདོའི་བྱང་ཆུབ་སེམས་དཔའ་ཆེན་པོ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་པ་གཅིག་ཏུ་བབས་པར་མ་ཟད། རེབ་གོང་བོན་མང་ཕུར་ཐོགས་སྟོང་གིས་བདུན་ཕྲག་གཅིག་གི་རིང་ལ་བོན་སྐྱོང་མ་བདུད་བཙན་གསུམ་དང་སྟག་རི་རོང་སོགས་ཀྱི་བསྐང་གསོལ་ཕུལ་ནས། རྟགས་རིལ་བསྒྲུབས་པ་ཐམས་ཅད་གཅིག་ཏུ་བབས་པས་འཁྲུལ་མེད་དུ་ཡིད་ཆེས། དགུང་ལོ་དྲུག་ནས་ཀློག་སློབ་པའི་དགེ་རྒན་བསྟེན། དགུང་ལོ་བརྒྱད་ཀྱི་སྟེང་མཁས་བཙུན་བཟང་གསུམ་ལྡན་པའི་དགེ་བའི་བཤེས་གཉེན་བོན་བརྒྱ་ནམ་མཁའ་རྒྱལ་མཚན་མཆོག་གི་མདུན་ནས་སྔོན་འགྲོ་བསགས་སྦྱངས་ལ་རིམ་པར་བརྩོན་པ་བཞེས་ཤིང་། དགུང་ལོ་དགུ་ནས་སུམ་རྟགས་དག་གསུམ་ལ་སྦྱངས་པ་མཛད། བླ་མས་རྩ་རྒྱུད་གསང་བ་བསེན་ཐུབ་དང་། གསང་སྔགས་དོན་རྒྱུད་ཆེན་མོ་སོགས་རྒྱུད་སྡེ། སྒྲུབ་སྐོར་མང་པོའི་ལུང་ཡང་གནང་། སྐྱེས་སྦྱངས་ཀྱི་ཤེས་རབ་སོགས་ཡོན་ཏན་ཆེ་བས། གཞན་དང་མི་མཚུངས་པའི་ངོ་མཚར་བའི་རྟགས་མང་དུ་བྱུང་། དགུང་ལོ་བཅུའི་སྟེང་སངས་རྒྱས་གཉིས་པ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེའི་ཞབས་པད་བསྟེན་ནས། བྲུ་ཡི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དང་འབྲེལ་བའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོའི་ཟབ་ཁྲིད་རྒྱས་པར་གནང་། སྔོན་འགྲོ་འབུམ་དགུ་དང་འཕོ་སྦྱང་དང་བཅས་པ་ལེགས་པར་གྲུབ་ནས་དཔལ་ལྡན་རྩ་བའི་བླ་མའི་ཐུགས་ལེགས་པར་ཟིན་པ་བྱུང་། སྐུ་གོང་མའི་དངོས་སློབ་གསང་སྔགས་ཀྱི་རྣལ་འབྱོར་བ་དབྱིངས་རིག་རྣམ་གྲོལ་ལམ་ཡོངས་གྲགས་སུ་འབུམ་པ་རྒྱལ་བ་ཞེས་པའི་མདུན་དུ། གླེགས་བམ་བརྒྱ་ལྷག་གི་ལུང་རྒྱུན་མང་པོ་གསན། དགུང་ལོ་བཅུ་བཞིའི་སྟེང་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་མདུན་དུ། ལམ་རིམ་རྒྱས་བསྡུས་དང་། ཉམས་ལེན་ལྔ་སྐོར། དབལ་གསས་འགྲེལ་བ། གསང་སྔགས་བསྐྱེད་རྫོགས། ཟབ་མོ་གཅོད་གདམས་སོགས་ཐུན་མིན་གསང་སྔགས་སེམས་རྒྱུད་སྡེ་ཁྲིད་དང་དབང་ལུང་མང་དུ་གསན། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་སྐུ་མདུན་དུ་དུས་འཁོར་དབང་ཆེན། བདེ་གསང་འཇིགས་གསུམ་གྱི་ལུང་ལ་གསན། དགུང་ལོ་བཅོ་ལྔའི་སྟེང་སྐྱང་སྤྲུལ་ཐམས་ཅད་མཁྱེན་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེའི་སྐུ་མདུན་དུ། ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་དབང་ལུང་མང་དུ་གསན། བླ་མ་དང་འབྲལ་མ་ཕོད་པར། དགུང་ལོ་བཅུ་དྲུག་སྟེང་རྩ་བའི་བླ་མའི་ཕྱག་ཕྱིར་འབྲངས་ནས། སྐྱང་སྤྲུལ་ཆེན་པོ་ནམ་མཁའ་རྒྱལ་མཚན་གྱི་གདན་ས། མདའ་ཆེན་དཀར་མོ་རི་ཁྲོད་དུ་ལོ་གསུམ་སྒྲུབ་གྲྭར་ཞུགས། དེར་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གི་ཞབས་ཀྱིས་ཟིན་ཏེ། སླར་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་དང་། ཀུན་རིག ཀུན་དབྱིངས། དུས་འཁོར། རྒྱལ་བ་རྒྱ་མཚོ། སྨན་ལྷ། བྱམས་མ་ཆེན་མོ། དགེ་སྤྱོད། རྣམ་འཇོམས་སོགས་ཆོ་ག་བཅུ་གཉིས་དང་། སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི། གེ་ཁོད་མེ་རི། ཞི་བ་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་ངོ་མཚར་རྒྱས་པ། མ་རྒྱུད་དབང་བཞི། ཡི་དམ་ཀུན་འདུས་ཀྱི་དབང་། མཁའ་འགྲོ་སྤྱི་འདུལ་གྱི་དབང་། གསང་གཅོད་ཀྱི་དབང་སོགས་དབང་ལུང་ཟབ་ཁྲིད་མང་དུ་གནང་། བླ་མའི་མདུན་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཡང་བླངས་པས། གཞན་ཕན་ཀུན་བཟང་བློ་གྲོས་རྒྱ་མཚོ་ཞེས་བྱང་སེམས་མཚན་གྱི་ཅོད་པན་གནང་། འཕོ་ཁྲིད་དངོས་གཞིའི་ཉམས་ལེན། བསྙེན་སྒྲུབ། རུ་ཤན་རྩ་རླུང་། བཅུད་ལེན་སོགས་དང་། ཁྲེགས་ཆོད་དང་། ཐོད་རྒལ་སྣང་བཞིའི་ཉམས་ལེན། ཉིན་སྣང་མཚན་སྣང་། མུན་ཁྲིད་ཨར་གཏད་དང་བཅས་པ་ལོ་གསུམ་གྱི་སྦྱངས་པ་མཐར་ཕྱིན་པར་མཛད། ཞར་ལ་སྒྲ་དང་སྙན་ངག རྩིས་དང་ཡིག་རིགས། ལྷ་རིས་དང་བཅས་པ་སྦྱངས་པས། བླ་མའི་ཐུགས་མཉེས་ཏེ་། ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ཞེས་སྒྲ་མཚན་གནང་ཞིང་། ཞལ་ནས་བུ་འདི་ཕྱི་ནང་གི་རིག་གནས་ཐམས་ཅད་ལ་མཁས་པ་ཡིན་ཞེས་སྙན་ཚིག་གི་ལམ་ནས་བསྔགས་བརྗོད་ཚིགས་བཅད་དུ་མ་གནང་། དགུང་ལོ་ཉི་ཤུའི་སྟེང་བྱང་ཕྱོགས་རང་ཡུལ་དུ་ཕེབས་སྐབས། སྐྱང་སྤྲུལ་ཐམས་ཅད་མཁྱེན་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས་མ་འོངས་པར་ཁྱེད་ཀྱིས་རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཞིག་འདེབས་ཐུབ་པས། དེ་སྐབས་བདག་གིས་ཀྱང་ཁྱེད་ལ་ཞབས་ཞུ་དང་རོགས་རམ་བྱེད་ཐུབ་ངེས་ཞེས་པའི་ལུང་བསྟན་གསུངས། དེ་ནས་བོན་བརྒྱ་བླ་རབས་རིམ་བྱོན་གྱི་གདན་ས། བོན་བརྒྱ་དགོན་བསྐྱར་བསྐྲུན་མཛད། སློབ་མ་རང་རང་གི་འདོད་མོས་ལྟར། རིག་གནས་ཆེ་ཆུང་ལམ་རིམ་རྒྱས་བསྡུས་ཀྱི་ལུང་དང་ཁྲིད། ཡི་དམ་ཞི་རྒྱས་དབང་དྲག་གི་དབང་དང་ལུང་སོགས་གནང་བས། དགེ་སྡིག་སྤང་བླང་གི་གནས་སུ་ཡིད་ཆེས་པའི་སློབ་མ་མཐའ་ཡས་པ་བྱུང་། ཇི་སྐད་དུ། ལུང་ལས། ལས་ཀྱི་འབྲས་བུ་ཆུད་མི་ཟ་བ། ཞེས་གསུངས་པ་ལྟར། སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཙན་པས། སྤྱི་ལོ་༡༩༥༨ལོའི་དམངས་གཙོ་བཅོས་བསྒྱུར་སྐབས། སེམས་ཅན་གྱི་སྡུག་བསྔལ་དང་ལེན་ལ་དགོངས་ཏེ་ཁྲིམས་རར་ཕེབས་ན་ཡང་། བླ་མ་དགེ་བའི་བཤེས་གཉེན་རྣམས་དང་ལྷན་དུ་བཞུགས་ཤིང་། མཁས་བཙུན་བཟང་གསུམ་ལྡན་པའི་ཐར་ཤུལ་ཡོངས་འཛིན་དང་ཁོང་གཉིས་མཉམ་དུ་བཞུགས་པས། ཕན་ཚུན་ལ་གཞུང་དཀའ་འགྲེལ་སོགས་ཀྱི་ཕན་ཐོགས་བྱུང་ཞེས་ཁོང་གིས་ཞལ་ནས་གསུངས། ཁོང་ལ་ལྷན་སྐྱེས་ཀྱི་སྙིང་རྗེ་ཆེན་པོ་རང་ཆས་སུ་མངའ་བས། བཙོན་ར་ནས་སྨྱོ་ནད་ཅན་ཞིག་ཡོད་པ་དེ་རང་སྒར་དུ་བླངས་ཏེ་བཤང་གཅི་ལ་སོགས་བླངས་ནས་བདག་དང་གཉོར་སྐྱོང་གནང་པར་གསུངས། དུས་དེར་ལབ་བསོད་ནམས་རྩེ་མོའི་ཞབས་ཀྱིས་ཐུགས་བརྩེ་བས་ལམ་རིམ་ཡོན་ཏན་གཞིར་གྱུར་མའི་ཁྲིད་ལུང་སོགས་གནང་། གྲུབ་དབང་སེམས་དཔའ་མཆོག་གི་མདུན་ནས་སིངྔྷིའི་ལུང་དང་ཞལ་གདམས་མང་དུ་གསན། རང་གཞན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མའི་མདུན་ནས་ལུང་དང་ཞལ་གདམས་མང་དུ་གསན། འདི་དག་ལ་བརྟག་ཤེས་ན་རྗེ་བླ་མ་ཉིད་ལ་གཉིས་འཛིན་ཕྱོགས་རིས་ཀྱི་རྣམ་རྟོག་ཡེ་ནས་དབེན་པར་འཁུམས། བཙོན་ཁང་ནས་ཁོང་གི་ལས་ཀ་ནི་ལྕགས་ཀྱི་འཛེར་མ་བརྡུང་རྒྱུ་དེ་ཡིན་ལ། འཛེར་མ་རྡུང་དུས་འཕྲུལ་འཁོར་དང་བསྟུན་ནས་ལག་མགྱོགས་ཤིང་ཞིབ་ཚགས་ཆེ་དགོས་སྟབས་སྐུ་ངལ་ཤིན་ཏུ་ཆེ། ཁོང་ཉིད་སྐབས་དེར་ལོ་ན་གཞོན་སྟབས་རེ་ཞིག་མི་འདོད་པའི་ལས་ཀ་དེར་གཡོལ་ཆེད། རང་ཉིད་རྩ་རླུང་ལ་དབང་འབྱོར་བའི་སྟོབས་ཀྱིས་གྲོད་པ་སྦོས་ནས་གཞན་གྱིས་བལྟར་མི་བཟོད་པ་ཞིག་བྱས་ཏེ་བཞུགས་པར། སྨན་པས་འདིའི་ཁོག་ན་སྐྲངས་པ་ཞིག་འདུག་ཟེར་ནས་མྱུར་དུ་གཤག་བཅོས་བྱས། ནད་ཅི་ཡང་མེད་པས་ངལ་གསོ་བྱེད་པའི་གོ་སྐབས་ཐོབ། དེ་ལྟར་གཤག་བཅོས་ཀྱི་རྨ་ཁ་གསོ་བཞིན་བཞུགས་པའི་རིང་། ཁོང་གི་བཙོན་གྲོགས་མགོ་ལོག་གི་སྔགས་རྙིང་མའི་བླ་མ་རིག་འཛིན་ཆེ་བ་ལགས་ནས། ཁྱེད་ཀྱི་སྔས་མགོར་རྒྱུན་དུ་དྲེད་མོང་ཞིག་གིས་སྲུང་བཞིན་ཡོད་ཅེས་བཤད། དེ་ནི་ཁོང་གི་སྲུང་མ་མེ་དྲེད་མའི་ཞལ་མཐོང་བ་གོར་མ་ཆག དེའི་རིང་དུ་ཁོང་གིས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན་དེ་དག་གི་ཞལ་ནས་ཤེས་བྱ་གང་མང་སྦྱངས། དེ་ནས་གོང་རིམ་གྱིས་སྔར་ཁོང་གིས་རང་སྲོག་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་ལས་བྱེད་པའི་ཚེ་སྲོག་བསྐྱབས་པ་སོགས་བྱས་རྗེས་ལ་ཡང་དག་པར་ཞིབ་དཔྱོད་བྱས་རྗེས། སྐྱོན་མེད་ལྷོད་ཡངས་ཀྱི་སྲིད་ཇུས་ཐོབ། དེ་ཡང་སྔར་ཁོང་རིན་པོ་ཆེ་བོན་བརྒྱ་འབྲོག་ན་བཞུགས་སྐབས། གྲོང་གསེབ་ལ་འགྲོ་བའི་ལས་བྱེད་དམག་མི་གཉིས་ལས། ཅིག་ཤོས་དེ་སྐབས་དེའི་གསར་བརྗེར་ངོ་རྒོལ་ཚོགས་པས་བསད་ཚར་བ་དང་། ཅིག་ཤོས་གསོད་གྲབས་བྱེད་པའི་དུས་སུ། བླ་མ་ཁོང་གིས་རང་སྲོག་ལ་མ་འཛེམས་པར། ཧྭོས་རིགས་མཱ་སན་ཞི་ཟེར་བའི་དམག་མི་དེའི་སྲོག་བསྐྱབས་པ་ཡིན། དེ་ལྟར་རྐྱེན་ངན་རིག་གསར་སྐབས་ཁོང་གནས་ངེས་མེད་འགྲིམས་ཤིང་། ཁོང་གི་སློབ་མ་སྔགས་འཆང་ཨ་ཡུ་པྲ་ཕུད་དང་ཀུན་མཁྱེན་ཤར་རྫ་བ་ཆེན་པོའི་དངོས་སློབ་དགེ་བའི་བཤེས་གཉེན་ཨ་ལགས་བསྟན་པ་དཀོན་མཆོག་གཉིས་ལ། མ་འོངས་ལུང་བསྟན་ཚུལ་གྱིས་གཞུག་ནས་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ཞེས་དགོན་སྡེ་ཞིག་འདེབས་ཐུབ་པ་དང་། འདུ་ཁང་ཆེ་ཆུང་གཉིས་བཞེངས་ཐུབ་པ། བླ་སྤྲུལ་དང་འདུས་སྡེ་རིན་པོ་ཆེ་མང་པོ་འབྱུང་ཐུབ་ཚུལ་སོགས་གསུངས་པ་དང་། གཞན་ཡང་བོན་མང་ཕུར་ཐོགས་སྟོང་གི་བྱིངས་འདྲེན་ཀླུ་འབུམ་རྒྱལ་ལ། ཁྱོད་ཀྱིས་ཁྱུང་བོ་ཐང་གི་དབུ་མཛད་ཨ་ཁུ་རིན་ཆེན་རྒྱ་མཚོའི་མདུན་ནས་འདོན་དབྱངས་རྟ་ཡག་པོ་ཞིག་སྦྱོངས་དང་། མ་འོངས་པར་ཆོས་སྒོ་འབྱེད་དུས་བོན་མང་གི་དབུ་མཛད་ཆེན་མོར་འདུག་དགོས་ཚུལ་དང་། གླིང་བརྒྱ་ས་སོ་མའི་སློབ་མ་རྣམས་ལ། གསུང་རབ་རྐོ་བྱེད་དཔར་ཤིང་གི་རྒྱུ་ཆ་མང་པོ་གྲ་སྒྲིག་བྱེད་དུ་བཅུག་ཅིང་། གསང་སྟབས་ཀྱིས་གླེགས་བམ་སྟོང་ཕྲག་ལྷག་ཤིང་པར་དུ་བརྐོས་པ་དང་། ད་དུང་སློབ་མ་འགའ་རེ་ལ་གར་འཆམ་སོགས་སྦྱང་དུ་བཅུག་སྟེ། མ་འོངས་པར་འདི་དག་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་དང་། ཁོང་གི་སློབ་མ་ཨ་ཡུ་པྲ་ཕུད་དང་སྔགས་འཆང་དཔལ་རྡོར་སོགས་ལ་སྡེ་སྣོད་མཛོད་རྩ་བློར་ཟུངས་དང་། རྗེས་སུ་བོན་མང་ཚོགས་དབུས་སུ་ཚོགས་རྒྱུགས་འབུལ་དགོས་ཞེས་པ་དང་། ངོ་མོ་སྔགས་འཆང་མཁར་བྱམས་རྒྱལ་དང་དཔལ་རྡོར་སོགས་ལ། མ་འོངས་པར་རང་ཅག་སླར་ཡང་སྐྱང་སྤྲུལ་རྒྱལ་བའི་དབང་བོའི་ཞལ་མཇལ་ཐུབ་ཅེས་གཟན་ཤམ་ཆ་ཚང་ཞིག་གྲ་སྒྲིག་བྱས་པ་དང་། དེ་མ་ཟད་རེབ་གོང་གི་ཆོས་རྩ་སོ་སོའི་གསས་ཁང་རྣམས། སླར་གསོ་བྱེད་ཐུབ་པ་སོགས་ཀྱི་ལུང་བསྟན་གནང་བ་ལྟར། ད་ལྟ་མངོན་སུམ་དུ་དེ་ལྟར་ལེགས་གྲུབ་བྱུང་ནས་ཡོད་པ་བཅས། མ་འོངས་འབྱུང་འགྱུར་གྱི་བྱ་དངོས་ཐམས་ཅད་སྒྲིབ་མེད་ས་ལེར་གཟིགས་པའི་ངོ་མཚར་གྱི་ཁྱད་ཆོས་མང་པོ་བཞག གཞན་ཡང་ཁོང་ལ་མཁའ་འགྲོའི་བརྡ་ཡིག་བབས་པ་སོགས་ཀྱང་མང་མོད། རྗེ་བླ་མ་ཁོང་ཐུགས་ཧ་ཅང་ཟབ་པའི་སྟབས་ཀྱིས་དེའི་སྐོར་རྣམས་བརྗོད་པར་མི་སྤྲོ་བས་སྐབས་འདིར་བྲིས་མེད། 

གངས་ཅན་མཁས་པའི་དབང་པོ་སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག

      སྤྱི་ལོ༡༩༨༠ལོར་པཎ་ཆེན་སྣང་བ་མཐའ་ཡས་མཚོ་སྔོན་དུ་ཕེབས་པར་དངོས་མཇལ་བྱུང་ཞིང་། པཎ་ཆེན་རིན་པོ་ཆེས་ཆོས་སྲིད་གཉིས་ཀར་གཟིགས་ཞིབ་གནང་ནས། རང་རང་གི་བསྟན་པ་ལ་བདག་གྱིས། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེའི་གཞི་ཟུངས་ཞེས་སྒོར་སྟོང་ཕྲག་དུ་མའི་གནང་སྦྱིན་དང་། རྟེན་བཟང་ཚེ་དཔག་མེད་བྱིན་ཅན་བཅས་བཀའ་མཆིད་ཡིད་བཞིན་ནོར་བུ་སྤྱི་བོའི་རྒྱན་དུ་གནང་། རྗེ་བླ་མས་ཀྱང་གསུང་གི་བདུད་རྩི་དང་དུ་བླངས་ཏེ། སྤྱི་ལོ༡༩༨༡ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། གང་གི་སྐུ་སྲས་སྤྲུལ་བའི་སྐུ་མཆོག་བཟོད་པ་རྒྱ་མཚོ་དང་ངེད་གཉིས་ཀྱིས་ཉིན་དེར་རྟེན་འབྲེལ་གྱི་ན་བཟའ་གོས་དྲུག་གསོལ་ནས། པཎ་ཆེན་རིན་པོ་ཆེས་རྟེན་འབྲེལ་དུ་གནང་བའི་ཕྱག་མདུད་དེ་རྣམས་གྲངས་ཀ་བླངས་ཚེ་བརྒྱ་དང་བརྒྱད་ཡོད། དེ་ནས་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་སླར་གསོ་བྱས་པར་འབྲེལ། གཞུང་སོ་སོའི་གསས་ཁང་བཅུ་གསུམ་གསར་བསྐྲུན་བྱེད་པར་ཐུགས་བསྐྱེད་བླ་མེད་བཞེས་ནས། ད་ལྟ་འདུལ་བ་འཛིན་པའི་འདུས་སྡེ་འདིར་ཁྲིམས་གཙང་གི་གྲྭ་བཙུན་བརྒྱ་ལྷག་དང་གསང་སྔགས་ཀྱི་སྒྲུབ་སྡེ་སོ་སོར་རིག་འཛིན་འདུས་པ་སྟོང་ལྷག་བཞུགས།
      སྤྱི་ལོ་༡༩༨༣ལོར་ཟི་ཁྲོན་རྔ་ལྗོངས་སུ་ཕེབས་ཏེ། རྟོགས་ལྡན་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་བཟོད་པ་རྒྱལ་མཚན་རིན་པོ་ཆེའི་མདུན་ནས། རྫོགས་ཆེན་སྙིང་ཏིག་གི་ཁྲིད། སྡེ་སྣོད་མཛོད་རྩ་འགྲེལ་གྱི་ལུང་། ཚེ་དཔག་མེད་ལྷ་དགུའི་དབང་བཅས་གསན། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཕར་ཕྱིན་དམ་བཅའ་དང་མཇལ་ནས། མཁས་བཙུན་བཟང་གསུམ་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྒྱ་འོབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་མདུན་ནས། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དབང་ལུང་། སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་གྱི་ལུང་། གདུགས་དཀར་གྱི་དབང་། དགོན་གོང་མ་བྱ་འཕུར་གྲུབ་དབང་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས། སྟག་ལའི་དབང་བྱེའུ་འཕར་མ་སོགས་བཀའ་དྲིན་མང་དུ་བསྩལ། སྣང་དགོན་བླ་མ་གྲྭ་ཚང་གཞུང་ལ་མཁན་ཆེན་བསོད་ནམས་གཡུང་དྲུང་གི་ལམ་རིམ་དྲུག་ཅུ་བའི་ཚིག་འགྲེལ། སྡེ་སྣོད་མཛོད་རྩའི་ལུང་། རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཁྲིད་ལུང་བཅས་གནང་། 

 

གསེར་ཞལ་དགེ་ལ་འཛུམ་པའི་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་བོན་སྤྱོད་ཀྱི་ཆོ་གར་འཇུག་བཞིན་པ།

      སྤྱི་ལོ་༡༩༨༤ལོའི་ཟླ་བཅུ་བའི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་བར། རེབ་གོང་གླིང་རྒྱ་བོན་ཚང་མའི་གསས་ཁང་དུ་བོན་མང་ཕུར་ཐོགས་སྟོང་ལ། ཀུན་བཟང་དང་དབལ་གསས་ཤི་རི་ལོག་གི་དབང་སྙིང་ཐིག་བདུད་རྩི་བུམ་བཟང་ལྟར་བཀའ་དབང་ཡོངས་སུ་རྫོགས་པར་གནང་ཞིང་། ཁོ་བོར་རྒྱལ་ཐེབས་སྤྱི་བླུགས་དབང་གི་བཀའ་དྲིན་བསྩལ། དགོན་སྡེ་འདི་སླར་གསོ་བྱས་པ་ནས་བཟུང་ཁོང་གིས་ནམ་ཡང་བླ་སྤྲུལ་དང་དགེ་འདུན་ཡོངས་ལ། དགོན་སྡེ་ནི་ཕྱི་གནས་གཞིའི་འཛུགས་བསྐྲུན་བཟང་བས་མི་ཆོག གཙོ་བོར་ཐུགས་མཐུན་ཁྲིམས་གཙང་སྒོས་སྤུས་ཀ་ལེགས་རྒྱུ་གལ་ཆེ། ཞེས་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་དང་དུ་ལེན་དགོས་ཤིང་། དེ་ལ་སློབ་གཉེར་བཟང་བོ་མ་བྱས་ན་རྣམ་གཡེང་ལེ་ལོའི་དབང་དུ་ཤོར་སྟེ། ཡོན་ཏན་པ་བཟང་བོ་ཞིག་ཏུ་འགྱུར་མི་ཐུབ་ཅེས་གསུང་གི་བསླབ་བྱ་ཡང་ཡང་གནང་བ་ལྟར། མཚན་ཉིད་གྲྭ་ཚང་དང་། སྒྲུབ་པ་གྲྭ་ཚང་གཉིས་བཙུགས། སྣང་དགོན་ནས་དགེ་བཤེས་ལུང་རྟོགས་རྒྱ་མཚོ་རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་གདན་དྲངས་ཏེ་མཚན་ཉིད་དགེ་རྒན་བྱས་ཏེ། དཔོན་སློབ་དང་པོའི་འགན་བཞེས་ཤིང་བཤད་གྲྭ་བཙུགས་ནས་ཐོས་བསམ་གྱིས་རྐང་བཟུང་། མཚན་ཉིད་ལས་གཞན་ད་དུང་སུམ་རྟགས་དག་གསུམ། སྒྲ་སྙན་ངག རྩིས་དཀར་ནག ཡིག་རིགས་དང་ལྷ་རིས་སོགས་བཟོ་རིག སྨན་དཔྱད་སོགས་གསོ་བ་རིག་པ་བཅས་དང་། དེའི་སྟེང་དེང་དུས་ཉེ་བར་མཁོ་བའི་གློག་ཀླད་འཕྲུལ་ཆས། ཕྱི་གླིང་བའི་སྐད་དང་ཡི་གེ ལོ་རྒྱུས་སྤྱི་དང་ཁྱད་པར་གཞུང་ལམ་རིམ་རྒྱས་བསྡུས། ས་ལམ་སོགས་ལ་བརྩོན་པ་ལྷུར་བཞེས་པའི་དགེ་འདུན་པ་མང་དུ་འཕེལ། ཞིང་ཆེན་དང་ཁུལ། རྫོང་རིམ་པས་དགོན་སྡེ་ཁག་དུ་མར་རྒྱུགས་བླངས་ཏེ་ཞིབ་དཔྱོད་བྱས་མཐར། བོན་བརྒྱ་དགོན་འདི་ཡོན་ཏན་དང་སྒྲིག་ཁྲིམས་གང་གི་ཐད་ནས་ཨང་དང་པོར་འདེམས་ཐུབ་པ་བྱུང་། འདི་དག་ནི་རང་ཅག་གི་བླ་མའི་ཐུགས་བསྐྱེད་ཟབ་མོ་ལས་གྲུབ། ཅེས་དགོན་པ་གྲྭ་ཚང་དང་མང་ཚོགས་རྣམས་ཀྱིས་ཁོང་གི་བཀའ་དྲིན་ཤེས་ནས། འཆད་ཉན་གྱི་ཕྱོགས་ལ་སྤྲོ་བ་ཇེ་ཆེར་སོང་། སྒྲུབ་གྲྭའི་ཐད་ནས་རྗེ་བླ་མའི་ཐུགས་བཀོད་ལྟར། ཁོ་བོས་ལོ་གསུམ་སྒྲུབ་གྲྭའི་སྲོལ་ཐོག་མར་བཟུང་བ་ནས། གདན་ཐོག་གཅིག་ཏུ་ཡི་དམ་གྱི་བསྙེན་ཆེན་གསུམ་རེ། རུ་ཤན། རྩ་རླུང་། ཞག་བརྒྱ། བཅུད་ལེན། ཁྲེགས་ཆོད་སྐོར་དང་། ཐོད་རྒལ་སྣང་བཞིའི་ཉམས་ལེན། ཉིན་སྣང་མཚན་སྣང་། མུན་ཁྲིད་ཨར་གཏད། ཡི་དམ་ཀུན་འདུས་ཀྱི་རྒྱུན་སྤྱོད་སོགས་ལེགས་འགྲུབ་མང་དུ་བྱུང་། གཞན་རེབ་གོང་བོན་མང་དང་བོན་བརྒྱ། སེ་བརྒྱ། སོ་ནག་གི་སྒྲུབ་པ་ཉམས་ལེན་པ་སྟེ་སྒྲུབ་སྡེ་རྣམས་ལའང་། ཁོང་གིས་སྔོན་འགྲོ་དངོས་གཞི་ཟབ་མོ་གཅོད་ཀྱི་གདམས་པ་བཅས་སྦྱངས་ནས། བླ་མ་ཡི་དམ་གྱི་བསྙེན་སྒྲུབ་གཙོ་བོར་བྱེད་ཅིང་། ཚེ་དབང་སྙན་བརྒྱུད་ལྟར་གཉན་ཁྲོད་རི་འགྲིམས་བརྒྱ་རྩ་སོང་བའི་གཅོད་པ་བ་མང་དུ་བྱུང་།
      འབྱུང་ལྡན་ཞེས་པ་ཤིང་བྱི་སྤྱི་ལོ་༡༩༨༤ལོར། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོའི་སྡེ་གང་གི་མཚན་དཔེ་གསེར་གྱི་ཉི་མ་གསར་དུ་ཤར་བ་དང་དུས་མཚུངས་སུ༑ བླ་མ་རང་ཉིད་དགོན་ཆེན་དེར་ཕེབས་པ་ནས་ཕན་ཚུན་དངོས་མཇལ་དང་པོར་བྱུང་བའི་ཚེ། ཡབ་ནམ་མཁའ་བློ་ལྡན་ཚང་གི་ཐུགས་བཀོད་ལྟར། མཁན་པོ་ཨ་ཁུ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་རྣམ་པས་ཞབས་ཞུ་བསྒྲུབས་ནས། སྤྲུལ་སྐུ་རིན་པོ་ཆེ་ཚང་ལ་ཚེ་སྒྲུབ་ཚེ་དབང་གནང་ཞིང་ཞབས་བརྟན་ཕུལ། ལོ་འདི་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འཁྲུངས་ལོ་ཡིན་ཕྱིར། རེབ་གོང་སྒྲུབ་སྡེ་སོ་སོ་ནས་བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་དང་བཅས་པའི་སྐུ་གཟུགས་མང་དུ་བཞེངས། དེ་ལྟར་རྗེ་བླ་མ་ཉིད་ནས་རེབ་གོང་བོན་མང་གི་གསས་ཁང་བཅུ་གསུམ་རྟེན་དང་བརྟེན་པ་སོགས་བསྐྱར་བཞེངས་ལེགས་པར་གྲུབ་ནས་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་མཛད། 

སྐལ་བཟང་སློབ་བུའི་མིག་སྒྲོན་དུ་སྨྱུག་རིས་འཁྱུག་འགྲོའི་རྩལ་གྱིས་ལྗགས་རྩོམ་གནང་བཞིན་པའི་ཚུལ།

      སྤྱི་ལོ་༡༩༨༨ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱིས་སྐུ་འཕྲེང་རིམ་བྱོན་གྱི་སྐུ་གདུང་བསྐྱར་བཞེངས་གྲུབ་ནས། བཀྲ་ཤིས་རྣམ་རྒྱལ་གྱི་གཙུག་ལག་ཁང་དུ་བཞུགས་པར་ཚོགས་ཆེན་གྱི་མཛད་སྒོ་རྒྱ་ཆེར་གནང་སྐབས། པཎ་ཆེན་ཉིད་ཀྱི་བཀའ་མཆིད་དང་མགྲོན་བརྡ་དངོས་སུ་འབྱོར་བས། རྗེ་བླ་མ་ཉིད་དང་གྲལ་འཁོར་བཅོ་ལྔ་ཙམ་དང་། མི་སྐྱ་སུམ་ཅུ་ལྷག་ཕེབས། དེ་ལ་ལག་འཁྱེར་གྱི་འབུལ་རྟེན། སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས། ལྷ་རྫས་གོས་བཟང་སུམ་ཅུ། དམངས་སྒོར་ཁྲི་ཕྲག་གསུམ་དང་སུམ་སྟོང་། མར་རྒྱ་མ་སུམ་སྟོང་ལྷག འབྲུ་རིགས་རྒྱ་མ་ཉིས་སྟོང་ལྷག་ཕུལ་བར། ཁོང་པཎ་ཆེན་རིན་པོ་ཆེས་ཐུགས་བརྩེ་བས་དགྱེས་བཞེས་ངང་རྟེན་སྐལ་ཚེ་དཔག་མེད་ཀྱི་སྐུ། མཚན་རིས་མཛེས་པའི་མྱུ་གུ་དང་ཆུ་ཚོད་འཁོར་ལོ། བརྙན་པར་དང་སྲུང་མདུད་བརྒྱ། མཛོད་བཏགས་རྟགས་བརྒྱད་རེ་ཁས་མཛེས་པ་སོགས་གནང་། གྲྭ་ས་གཡུང་དྲུང་གླིང་དུ་ཕེབས་ནས་དགེ་འདུན་རྣམས་ལ་མང་ཇ་དང་ཕྱག་མཇལ་ཕུལ་ཅིང་བཀྲ་ཤིས་བསྔོ་སྨོན་རྒྱ་ཆེན་གནང་། ལྷ་སར་ཇོ་བོ་རིན་པོ་ཆེའི་མདུན་དུ་ཕེབས་ནས། གསོལ་བ་ཤུགས་དྲག་ཏུ་བཏབ་ཚེ། ཇོ་བོ་རིན་པོ་ཆེའི་ཐུགས་ཁ་ནས་འོད་དཀར་པོ་ཞིག་བླ་མ་རང་ཉིད་ཀྱི་ཐུགས་ཀར་ཐིམ་པའི་ཉམས་སྣང་བྱུང་། གཟིགས་སྣང་ལ་ཇོ་ཁང་ནང་འཇའ་ཚོན་དང་འོད་ཀྱིས་ལེགས་པར་ཁེངས། སངས་རྒྱས་རྣམས་ནི་ཐུགས་རོ་གཅིག་པས་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་དགོངས་ནས། ཐུགས་ཀའི་དཀྱིལ་དུ་ཐུགས་གཏད་ནས་ཐིག་ལེ་ཉག་མ་གཅིག་གི་ངང་དུ་བཞག་ནས་དར་ཅིག་བཞུགས། འཁོར་གསུམ་དམིགས་མེད་ཀྱིས་བསྔོ་བ་སྨོན་ལམ་རྒྱ་ཆེར་བཏབ་ནས་འབྲེལ་ཚད་དོན་ལྡན་དུ་བྱས། དེའི་རྗེས་བླ་མ་ཁོང་རྒྱ་ནག་གླང་ཆེན་འགྱིང་རིའི་བླ་མ་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཁྱད་པར་ཅན་དུ་ཕེབས་ཚེ། སྟོང་སྙིང་ཟུང་འཇུག་གིས་ཚེ་དབང་བླ་མའི་ཆོ་ག་གསུང་སྐབས་གཟིགས་སྣང་དུ་ཚེ་དབང་གི་ཞལ་དངོས་སུ་མཐོང་ནས། བརྩེ་བས་དབང་བསྐུར་བྱིན་གྱིས་བརླབས་པའི་སྣང་བ་བྱུང་། མི་དམིགས་པའི་བསྔོ་སྨོན་རྒྱ་ཆེར་བཏབ་ནས་འབྲེལ་ཚད་དོན་ལྡན་དུ་བྱས། ཞེས་རྗེ་བླ་མའི་ཞལ་ནས་གསུངས།
      སྤྱི་ལོ་༡༩༩༡ལོར་སྣང་ཞིག་རྒྱ་འོབ་རིན་པོ་ཆེ་ནས་སྣང་ཞིག་དགོན་ཆེན་དུ། མཁའ་ཀློང་གསང་བ་རབ་འབྱམས་ཀྱི་མདོས་ཆེན་འགྱོགས་སྐབས། བླ་མ་ཁོང་ཡང་དེར་ཕེབས་ནས་ཁྲོ་བོ་ངོ་མཚར་རྒྱས་པའི་དབང་གསན། དེའི་རྗེས་ཀྱི་སྐབས་ཤིག་ཏུ་དཔའ་ལུང་རྫོང་གི་མངའ་ཁོངས་སུ་སྟོང་ཆུང་ཞབས་དྲུང་རིན་པོ་ཆེའི་ཡང་སྤྲུལ་པདྨ་ཚང་དང་། སྣང་ཞིག་ཀུན་བཟང་རྒྱལ་མཚན་གྱི་ཡང་སྲིད་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་ལ་དངོས་མཇལ་བྱུང་། བཀའ་བགྲོས་ཏེ་ཐུགས་རྗེས་གཟིགས་ནས། རྩེ་ཞིག་ཆོས་རྗེའི་མཆོག་སྤྲུལ་ཚུལ་ཁྲིམས་དྲི་མེད་ཟླ་བ་བླ་སར་འགོད་པར་གཅིག་མཐུན་བྱུང་། 

ཁོང་གི་བླ་མ་རིན་པོ་ཆེ་༧སྐྱང་སྤྲུལ་རྒྱལ་བའི་དབང་པོས་གནང་བའི་བརྡ་སྤྲོད་ཀུན་བཤད་ཀྱི་ཕྱག་ཡིག་བསྟར་མ།

      སྤྱི་ལོ་༢༠༠༦ལོར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཤེས་རབ་སྨྲ་བའི་སེང་གེའི་བསྙེན་པ་འབུམ་གཅིག་ལྷག་གྲུབ། རྒྱ་རིགས་ཀྱི་ཡོན་བདག་དག་གིས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ལེགས་པར་བསྒྲུབས་ནས་བླ་མའི་ཐུགས་ཟིན་པ་བྱུང་། རྗེ་བླ་མ་ཉིད་ལོ་རེར་ཀུན་བཟང་ཞི་བ་དང་ཡི་དམ་དབལ་གསས་གཉིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་ནས། བསྙེན་པ་ཆུ་བོའི་རྒྱུན་དུ་བཟླས་པས་གྲུབ་པའི་རྟགས་མཚན་མང་དུ་གཟིགས་པར་གསུངས། ལོ་རེར་རང་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་བ་རྣམས་གཙོ་བྱས་ཏེ་བླ་གྲྭ་ཡོངས་ལ། སུམ་རྟགས་དག་གསུམ། སྙན་ངག ལོ་རྒྱུས་ཀྱི་སྐོར། བླ་མ་བརྒྱུད་པའི་རྣམ་ཐར། ལམ་རིམ་སུམ་བརྒྱ་བ། སྐུ་མདུན་བསོད་ནམས་གཡུང་དྲུང་གིས་མཛད་པའི་ལམ་རིམ་དྲུག་ཅུ་བ། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དང་འབྲེལ་ནས་ཁྲིད་རིམ་བཀའ་ལུང་རྒྱ་མཚོ། བླ་ཆེན་དྲན་པ་ནམ་མཁའི་ངེས་དོན་ནམ་མཁའ་འཕྲུལ་མཛོད་དང་། དྲང་དོན་མུན་སེལ་སྒྲོན་མ། དབལ་གསས་འགྲེལ་བ། བསྐྱེད་རྫོགས་ལྷ་གཉན་ཤེལ་སྒོང་། སྡེ་སྣོད་མཛོད་སྔ་ཕྱི་དུམ་གཉིས། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་ཁྲིད་ལུང་སོགས། སྐུ་ངལ་ལ་མ་གཟིགས་པར་ཟབ་ཁྲིད་ལེགས་པར་གནང་། བོན་མང་གི་སྔགས་དགོན་སོ་སོར་བཅའ་ཡིག་སྒྲིག་ཁྲིམས་གསུངས། བླ་མ་རང་ཉིད་དང་འབྲེལ་ཡོད་མཛའ་བརྩེ་ཆེ་བའི་སློབ་གྲྭ་མང་བོར་ཕེབས་ནས་གནང་སྦྱིན་དང་། བོད་ཀྱི་ལོ་རྒྱུས་སྐོར་བཤད་ཁྲིད་གནང་ནས་སློབ་གྲྭའི་དགེ་སློབ་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་། སྤྱི་ལོ་༢༠༠༤ལོར་བླ་མ་རང་ཉིད་ཀྱི་སློབ་མ་དགེ་སློང་བསྟན་པ་དར་རྒྱས་སོགས་ཀྱིས་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་ནས་བཟུང་། སྤྱི་ལོ་༢༠༡༠བར་དུ་དགོན་པའི་འཛུགས་བསྐྲུན་ཐད་ནས་བྱ་བ་མི་ཉུང་བ་ཞིག་ལེགས་གྲུབ་བྱུང་གསུངས། 
      དེ་ལྟར་དུ་ཕྱིའི་རྒྱལ་ཁབ་ནས་ཀྱང་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུའི་ཐོག་ཡང་ཡང་གདན་ཞུ་བྱས་པ་ལྟར། སྤྱི་ལོ༢༠༠༠ལོར་རྗེ་བླ་མ་ཉིད་ཀྱིས་ཀྱང་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་ཡང་དག་གནང་སྟེ། བོད་ཀྱི་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་ལ་མཁས་རྣམས་བཞེད་པ་མི་འདྲ་བ་མང་པོ་བྱུང་ཚུལ་སོགས་གཟུ་བོའི་བློས་དཔྱད་དེ་ཕྱག་རྩོམ་གནང་ཞིང་། འཛམ་གླིང་གི་མཁས་པ་མང་པོའི་མདུན་སར་ཐུགས་བསྐྱེད་ཆེན་པོས་གསུང་བཤད་གནང་བས་ཀུན་གྱིས་ཞལ་བཞེས་ལེགས་པར་མཛད། འཛམ་གླིང་ན་གྲགས་ཆེ་བའི་ཨ་རིའི་མཁས་པ་ཞིག་གིས་བཀའ་གཏེར་སྙན་བརྒྱུད་ཀྱི་ཁྱད་པར་ལ་ཞིབ་འཇུག་བྱས་པར། ཁོང་གི་རེ་འདུན་ལྟར་རྗེ་བླ་མ་ཉིད་ལ་རོགས་བཅོལ་ཐུགས་ཁུར་གནང་བར་ཞུས་ནས། དྲི་བ་དྲིས་ལན་ལ་གསལ་བཤད་ཡང་དག་མཛད་པས། ཨ་རིའི་མཁས་པ་ཉིད་ཀྱི་ཐུགས་འདུན་ཡོངས་སུ་བསྐངས་པ་དང་ཀུན་གྱི་ཐུགས་མཉེས་པ་བྱུང་། ཁང་དཀར་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས་སོགས་མཁས་པ་མང་པོར། གཞུང་ལུགས་དང་རིག་གནས་ལོ་རྒྱུས་སོགས་ལས་བགྲོ་གླེང་མང་པོ་བྱས་པས་ཐུགས་ནང་མཐུན་པར་གྱུར། ཕན་ཚུན་མཛའ་བརྩེའི་ངང་མཁས་པའི་སྙན་གྲགས་དང་རྩོམ་ཡིག་གི་ལེགས་སྐྱེས་འབུལ་རེས་བྱས། དེ་ལྟར་དབྱིན་ཇི་དང་ཧོ་ལན། འཇར་མན། རང་རྒྱལ་གྱི་རྒྱལ་ས་པེ་ཅིན་སོགས་སུ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུའི་སྟེང་ཕེབས་ནས། དཔྱད་རྩོམ་དང་རིག་གནས་སྐོར་གྱི་གསུང་གླེང་མཛད་པས། བླ་མ་བོན་བརྒྱ་ཚང་མིང་དོན་མཚུངས་པའི་དགེ་བའི་བཤེས་གཉེན་མཁས་པ་ཆེན་པོ་ཞིག་རེད་ཅེས་པའི་བསྟོད་པའི་མེ་ཏོག་ནམ་མཁའི་ཆར་བཞིན་བསྙིལ། 

 

ཡོངས་ཀྱི་གཙུག་རྒྱན་༧སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་སྨྲ་དབང་༧ཀུན་མཁྱེན་དྲི་མེད་འོད་ཟེར་ཟུང་གིས་

རྗེ་བླ་མ་མཆོག་ལ་བསྩལ་བའི་ཞབས་བརྟན་སྨོན་ཚིག་དོན་གཉིས་མྱུར་འགྲུབ།

      སྤྱི་ལོ་༢༠༠༦ལོར་ཁོང་སྐུ་ཁམས་ཅུང་མ་བདེ་ནས་ཞིང་ཆེན་དམག་གི་༥༣༦སྨན་ཁང་ (二炮医院)དུ་ཕེབས་ནས་ནད་བརྟག་བྱས་ཚེ། མཆིན་པའི་ཆུ་སྐྲན་ཡིན་པ་དང་འཕྲལ་དུ་གཤག་བཅོས་བྱེད་དགོས་ཞེས་པར། བླ་མ་ཁོང་ཅུང་མ་འཐད་པར་ཕྱི་ཉིན་སྨན་ཁང་ནས་བུད། ཕྱིར་རང་དགོན་དུ་ཕེབས་ཉིན་ནས་བཟུང་། རང་ཉིད་ཀྱི་རྩ་རླུང་ལ་བརྟེན་ནས་གསོ་བཅོས་གནང་མཐར། ད་ལྟ་མཆིན་པའི་ཆུ་སྐྲན་གྱི་ནད་དེ་རྩ་བ་ནས་སྐམ་ཞིང་སངས་དྲག་ཏུ་སོང་ཡོད་པ་དང་། ཉིས་སྟོང་བརྒྱད་ཀྱི་ལོར་སླར་ཡང་ནད་ལ་བརྟག་དཔྱད་བྱས་ཚེ། ཁོང་གི་དོན་སྣོད་དང་ཁྲག་རྩའི་རྒྱུ་ལམ་ཐམས་ཅད་ལོ་ཉེར་ལྔ་ཡས་མས་ཀྱི་དར་མ་ཞིག་དང་མཚུངས། ཞེས་སྨན་ཁང་དེའི་སྨན་པ་རྣམས་ཀྱིས་ངོ་མཚར་དུ་བརྩི་བཞིན་པ་སོགས་ཀྱི་ཁྱད་ཆོས་མང་ངོ་། །
      སྤྱི་ལོ་༢༠༠༨ལོར་རྔ་ཡུལ་རྟོགས་ལྡན་དགོན་གྱི་མཁས་དབང་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྣང་སྟོན་སྐལ་བཟང་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱིས་ཞུས་པ་ལྟར། ལོ་གསུམ་སྒྲུབ་གྲྭ་ཡོངས་ལ་ལོ་སྔ་ཕྱི་གཉིས་སུ་ཚུལ་ཆེན་སྐུ་གོང་མ་པཎྜི་ཏ་བསྟན་པའི་རྒྱལ་མཚན་གྱི་ལམ་རིམ་དང་། ཀུན་མཁྱེན་ཤར་རྫ་རིན་པོ་ཆེའི་བསྐྱེད་རྫོགས་ལྷ་གཉན་ཤེལ་སྒོང་སོགས་ཞིབ་ཁྲིད་གནང་། ལོ་དེའི་ཟླ༩བའི་ནང་བོད་ལྗོངས་ནག་ཆུ་དང་སྦྲ་ཆེན་རྫོང་། ཉིང་ཁྲི་རྫོང་། ཁྱུང་པོ་སྟེང་ཆེན་རྫོང་། སྙེན་རོང་རྫོང་། སོག་རྫོང་སོགས་ཀྱི་དགོན་པ་ཡོད་ཚད་ལ་མཇལ་སྐོར་དུ་ཕེབས་ཏེ། དགེ་འདུན་ཡོངས་ལ་ཕྱག་མཇལ་དང་མང་ཇ་ཕུལ་ཞིང་ཟབ་རྒྱས་དབང་ལུང་ཁྲིད་གསུམ་མང་དུ་གསུངས་ནས། བླ་གྲྭ་རྣམ་པའི་ཐུགས་ཀྱི་རེ་བ་ཡོངས་སུ་བསྐངས་ནས་འགྲོ་དོན་ཆེན་པོ་གྲུབ། དེ་ལྟར་ཕྱོགས་སོ་སོར་ཕེབས་ཏེ་གདུལ་བྱ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན། དབང་ལུང་གདམ་ཁྲིད་ཀྱིས་རྗེས་སུ་བཟུང་བ་དང་། སྒོར་སྟོང་ཕྲག་ཁྲི་ཕྲག་གིས་དགོན་པ་དང་བླ་གྲྭ་ཡོངས་ལ་མཐུན་རྐྱེན་སྦྱར་བ་སོགས་བགྲང་གིས་མི་ཟིན། སློབ་མ་ཡང་། སྟོད་མངའ་རིས། བར་དབུས་གཙང་། རྫ་ཉག་རོང་། ཁྱུང་བོ། སྡེ་དགེ རྔ་བ། ཀན་སུའུ་སོགས་ཕྱོགས་སོ་སོ་ནས་འོངས་པ་སྟོང་ཕྲག་ཙམ་ཡོད་པར་མ་ཟད། ཕྱི་རྒྱལ་ནས་ཀྱང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་པ་མང་པོ་འོངས་ནས། གང་ལ་གང་མཁོའི་ལོ་རྒྱུས་སོགས་ཐོགས་མེད་དུ་གསུངས་པས། བོད་གངས་ཅན་ན་ཁྱེད་ལྟ་བུའི་མཁས་པ་དཀོན་པར་འདུག་ཅེས་བསྔགས་བརྗོད་ཀྱི་རོལ་མོ་ཡང་ཡང་འཁྲོལ། 

      གསུང་རྩོམ་སྐོར་ལ། བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན། ཡང་དག་དོན་གྱི་ཉམས་ལེན་དང་འབྲེལ་བ་ཀུན་མཁྱེན་ཞལ་གྱི་བདུད་རྩི། ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང་། ལམ་རིམ་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་། ལམ་རིམ་དམིགས་ཁྲིད་ཉུང་འདུས་ཐམས་ཅད་མཁྱེན་པའི་ལམ་བཟང་། སེམས་དང་སེམས་བྱུང་གི་རྣམ་བཞག་བློ་གསར་ཡིད་ཀྱི་མུན་སེལ། ལས་དང་པོ་བ་ལ་ཉེར་མཁོ་མན་ངག་གཅེས་བསྡུས་བློ་སྦྱོང་ཉམས་མགུར་སྐོར། ཀ་རྩོམ་ཕྱོགས་བསྒྲིགས་དབྱངས་ཅན་བཞད་པའི་སྒྲ་དབྱངས། སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་ས་བཅད་དང་གྲངས་འདྲེན་ཕྱོགས་བསྡུས། དྲི་བ་དང་དྲིས་ལན་སྐོར། ཆོ་གའི་ཉེར་མཁོའི་སྐོར། བོན་གྱི་བསྟན་འབྱུང་། རིས་མེད་བསྟན་རྩིས་ཡིད་ཀྱི་མུན་སེལ། ཟིན་ཐོ་དོགས་དཔྱོད། བསྟན་སྲུང་ཤེལ་ཁྲབ་ཅན་གྱི་སྒྲུབ་སྐོར། བླ་མ་རིག་འཛིན་ཞི་རྒྱས་དབང་དྲག་གི་ཚོགས་བསྡུས། སྲུང་མའི་འཕྲིན་བཅོལ་སོགས་མང་ཡང་ཡི་གེ་མང་བར་དོགས་ནས་མ་བྲིས། སྲིད་ཕྱོགས་ནས། སྔར་ཐུན་རིན་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བ་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད། ཁོང་རང་ཉིད་ཏང་དང་མི་དམངས་ལ་ཐུགས་བརྩེ་ཆེ་ཞིང་ཆོས་ལུགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཕྱོགས་རིས་མེད་པས། ཏང་དང་སྲིད་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་བའི་བཤེས་གཉེན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བརྩོན་པའི་བློ་གཏད་ཅན་གྱི་གྲོགས་པོ་ཡིན་ཞེས་གཟེངས་བསྟོད་གནང་། ད་ལྟ་རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་འཆད་རྩོད་རྩོམ་གསུམ་དང་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ནམ་ཡང་མི་ནུབ་པའི་ཕྲིན་ལས་མཛད་བཞིན་བཞུགས་སོ། །

སྨྲས་པ།
མདོ་སྔགས་རྫོགས་གསུམ་ནམ་མཁའི་མཛོད་ལ་དབང༌། །གནས་ལྔ་རིག་པའི་རྣམ་དཔྱོད་མཆོག་ཏུ་ཡངས། །
འཆད་རྩོད་རྩོམ་པའི་ངག་ལ་དབང་འབྱོར་བ། །བླ་མ་སྨྲ་པའི་སེང་གེ་གཏན་གྱི་སྐྱབས། ། 

བསྒྲིགས་པ་པོའི་གཏམ།

      དེ་ཡང་འཛམ་གླིང་ས་ཡི་ཐིག་ལེར་གྱུར་པ་གངས་རིའི་སོ་ཕྲེང་ཚར་དུ་བསྟར་བའི་སྤོས་དཀར་འཁྲི་ཤིང་གིས་གསོས་པའི་ཡུལ་ལྗོངས་འདིར། ༧བརྒྱ་བའི་སྟོན་པ་རྣམ་མཁྱེན་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་འཕགས་བའི་རིང་ལུགས་མདོ་སྔགས་ཉི་ཟླ་ཟུང་གིས་བསྡུས་པའི་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་གསར་བའི་དོ་ཤལ་རིང་མོ་དཔྱོད་ལྡན་ཡོངས་ཀྱི་མགྲིན་པའི་མཛེས་རྒྱན་དུ་འཆང་བ་ནི་སྐལ་བཟང་བུ་ལ་སྨིན་གྲོལ་བསོད་ནམས་ཀྱི་ཚོགས་སྨིན་པ་ལེགས་ཤིང༌། བཀའ་བསྡུ་བསྟན་པའི་ཤིང་རྟ་གདུང་འཚོབ་མི་ཆོ་ལྡེམ་དྲུག་སོགས་གཤེན་བསྟན་མཛེས་པའི་རྒྱན་དྲུག་གཙོས་ནང་བ་གཤེན་རབ་པའི་རིག་གཞུང་སྤྱི་དོན་ལ་བློ་གཟུ་བོར་གནས་མཁན་གྱི་སྐྱེ་འཕགས་ཚོགས་ཀྱིས་ནི། བདེན་གཏམ་ངག་གི་འཁོར་ལོ་ཞང་བོད་ཀྱི་རྒྱལ་ཁམས་ཆེན་པོ་རུ་བསྐོར་ཞིང་ལོ་ངོ་སྟོང་ཕྲག་མང་པོར་སྟོན་པའི་བཀའ་དང་བཀའ་བརྟེན་སོགས་གླེགས་བམ་བགྲང་གིས་མི་ལང་བ་བསྟན་འགྲོའི་དཔལ་དུ་རྗེས་སུ་བཞག་པ་ཡིན་ནོ། །
      མཛད་འཕྲིན་ཀུན་ལས་ཁྱད་འཕགས་ཀྱི་རང་བཞིན་ཅན་ནི་གསུང་རབ་ཀྱི་དགོངས་འགྲེལ་གཅེས་འཛིན་དང་བསྡུ་གཉེར་ལེགས་པོར་བྱས་ཏེ་ཀུན་ལ་དར་སྤེལ་གྱི་ལས་དོན་དེ་ལགས་ཕྱིར། ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ལྟ་བའི་དམིགས་ཕྱོགས་གཞིར་བཟུང་སྟེ། རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པོའི་ལྷ་སྐལ་དུ་ཐོབ་ཅིང་བོད་ཀྱི་གཞུང་ལུགས་སྤྱི་ལ་ནང་བྱན་ཆུད་པའི་ངེས་དོན་གྱི་མཁས་དབང་ཆེན་མོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་བཀའ་ལུང་དྲི་མེད་གན་མཛོད་ཐུགས་ཀྱི་ཆུ་གཏེར་ལས་ལྗགས་རྩོམ་ཐོར་བུ་འདི་དག མདོ་སྟོད་སྨད་བར་གསུམ་གྱི་ཞལ་སློབ་དང་གཟུར་གནས་པའི་སྤྱོད་ཡུལ་དུ་ཉེ་བར་མཁོ་བ་རྣམས་གཙིགས་ཆེར་བྱས་ཏེ་བགྲང་བྱ་གཅིག་གི་རིང་ལ་དཀའ་སྤྱད་སྙིང་རུས་ཀྱིས་བར་སྐབས་སུ་གསུང་རྩོམ་པོད་གྲངས་གསུམ་གྱི་བདག་ཉིད་ཅན་དུ་བསྒྲིགས་ཡོད་པ་འདིའི་རིགས། མཁས་པའི་གསུང་བཅུད་ཀྱིས་གཏམས་པའི་ཞང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་མཚན་ལྡན་བླ་མའི་ལྗགས་ལུང་ཟབ་མོ་ལས་ཅན་འགྲོ་བའི་མཇལ་སྐལ་དུ་བྱུང་དང་འབྱུང་བཞིན་པ་ནི་བསོད་ནམས་ཀྱི་བགོ་བྱ་ཕུན་སུམ་ཚོགས་པ་ཞིག་ཏུ་འཁུམས་པར་ཐེ་མི་ཚོམ།
      རྒྱལ་འདོད་ཁེ་གྲགས་ཀྱི་ཆོ་ལོ་རྙེད་པར་རེ་བ་དང་ཕྱོགས་ལྷུང་ལྟ་ངན་གྱི་མགྲིན་པ་འཁྱོགས་པའི་གང་ཟག་དག་གིས་ནི་མཇལ་སྐལ་དུ་མ་ཡིན་ཞིང༌། དག་སྣང་མ་བཅོས་པའི་ཀུན་སློང་གི་སྣང་བ་ཕྱོགས་སུ་རྒྱས་པའི་དཔྱོད་ལྡན་དག་གི་བགོ་སྐལ་དུ་ལྷག་པའི་«མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ»བསྡུ་སྒྲིག་བྱས་པ་འདི་འདྲེན་སྟོན་བླ་མའི་བཀའ་འབུམ་གྱི་བྱིན་རླབས་བསྐལ་བ་ནས་བསྐལ་བར་བཞུགས་ཤིང་དོན་གཉེར་སློབ་བུའི་རྐང་དྲུག་གི་ཚོགས་རྣམས་ཤེས་བྱའི་མེ་ཏོག་གི་ཚལ་དུ་འཕུར་ཞིང་ལྡིང་བའི་དགའ་སྟོན་དང༌། མདོ་སྔགས་གཞུང་བརྒྱ་སྨྲ་བའི་མཁས་དབང་རིམ་བྱོན་གྱི་གྲས་སུའང་སྔོན་མེད་རིན་ཆེན་དང་པོའི་འོད་སྣང་ཞིག་མངོན་པར་འཕྲོས་པའི་རྟགས་མཚན་དངོས་སུ་འཆར་ངེས་བཅས་དགེ་མཚན་མི་ཉུང་བ་ཞིག་གིས་རྐྱེན་བྱས་ནས་བསྒྲིགས་པ་འདིའི་མཐུ་དང་ལྷག་བསམ་གྱིས་ཕན་བདེ་ཇི་སྙེད་མཁའ་ཁྱབ་སྐྱེ་འགྲོའི་དོན་དུ་བགས་ཀྱིས་སྨིན་ཏེ་རྒྱལ་གཤེན་བསྟན་པའི་རྒྱལ་མཚན་བསྐལ་བའི་བར་དུ་སྲིད་རྩེར་བསྒྲེང་བར་སྨོན།
      «མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ»གྱི་པོད་གྲངས་འདི་དག་བསྡུ་སྒྲིག་བྱེད་པ་པོས་རང་འགུལ་གྱིས་འགྲོ་གྲོན་མ་དངུལ་ཅི་ལྕོགས་བཏང་སྟེ་འབྲེལ་འདྲིས་ངལ་བརྒྱ་སེམས་ཀྱིས་ཁུར་བཞིན་གསུང་རྩོམ་འཚོལ་སྡུད་དང་ལེགས་སྒྲིག་གི་ལས་རིམ་ཁྲོད་ནས། རྩོམ་པ་པོའི་སྔ་རྩོམ་སྐོར་ཞིག་འཚོལ་རྙེད་མ་བྱུང་བ་དང་བྱུང་བ་ཁག་ཅིག་ཤོག་ཧྲུལ་དུ་ལུས་པས་གསུང་རྩོམ་པར་སྒྲིག་ལའང་རང་བཞིན་གྱིས་འགོར་འགྱངས་མི་ཉུང་བ་ཞིག་སོང་བ་དང༌། དེ་ལས་ཚོགས་གཏམ་དང་མཎྜལ་བཤད་པའི་སྐོར། གཏོར་མའི་བཅའ་ཐབས་དང་དཔལ་མཁར་བརྩིགས་ཚུལ། སྙན་ངག་དཔེར་བརྗོད་དང་པར་བྱང་བསྔོ་སྨོན། ཆབ་ཤོག་སྙན་རྩོམ་དང་ཆོ་གའི་ཟིན་བྲིས་སོགས་གསུང་རྩོམ་མང་པོ་ཞིག་རྐྱེན་དུ་མའི་དབང་གིས་གོ་ཐོས་ལས་མཐོང་ལམ་དུ་མ་བྱུང་བ་དང༌། ཡང་གཏམ་བཤད་ཟེར་སྡེར་དང་འབྲེལ་བའི་གསུང་ཐོར་རེ་འགའ་ལག་ཏུ་ཚུད་ཀྱང་གྲོགས་འགའི་དགོངས་འཆར་དབང་བཙན་པར་བྱས་ཏེ་མ་བསྡུས་པར་བཞག་པ་སོགས་ཀྱང་ཡོད། ཐེངས་འདིར་ལྗགས་རྩོམ་ཐོར་བུའི་སྐོར་ཕྱོགས་བསྒྲིགས་ཙམ་བགྱིས་པ་ལས་སྡེ་ཚན་འགེར་ལུགས་སྒྲིག་སྟངས་སོགས་ཀྱི་ཐད་ནས་ཞིབ་ཆ་ཡང་དག་མ་ཐོན་པའི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་འབྱུང་སྲིད་པས་ཀུན་ཀྱི་བློ་ཡིད་དུ་ཚིམ་པ་ཞིག་ལེགས་འགྲུབ་མ་བྱུང་ཡང༌། རྗེས་སོར་པར་སྒྲིག་གཉིས་པའི་སྐབས་སུ་ནི་ཆ་ཚང་བའི་གསུང་འབུམ་པར་རྒྱུའི་ཐད་རྨང་གཞིའི་རྒྱུ་ཆ་འདོན་སྤྲོད་སྟབས་བདེ་རུ་སོང་འདུག་པར་སྙམ་པས་བློ་སེམས་ཤིན་ཏུ་བདེ་བ་དང་འདིར་མ་འདུས་པའི་ཕྱག་རྩོམ་ཡོད་ངེས་པ་གང་ཉིད་ལ་དངོས་འབྱོར་བརྒྱུད་བསྐུར་གྱིས་རོགས་སྒྲུབ་གནང་རྒྱུ་མཁྱེན། ཤེས་ལྡན་ཀློག་པ་པོ་དང་ཐུགས་ཟིན་བུ་སློབ་དག་གིས་ཀྱང་དཔེ་བསྡུར་ཞུ་སྒྲིག་པའི་ངལ་བརྒྱའི་རྔུལ་ཆུ་རྩིས་མེད་དུ་མི་གཏོང་བར་བློ་གསར་དོན་གཉེར་ཅན་གྱི་རེ་བ་སྐོང་བའི་རྐྱེན་དང་བློའི་མོས་འདུན་དང་འཚམས་པའི་སྒོ་ནས་དཔྱོད་བདེ་རྒྱུད་འཛིན་གྱི་རྒྱུར་འགྱུར་བར་སྙིང་ནས་རེ།
      སླད་མར་༧སྐྱབས་རྗེ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་ལ་བཞུགས་ཀྱིན་གང་གི་གསུང་ལ་འགག་པ་མེད་པར་ལེགས་བཤད་བདུད་རྩིའི་རྒྱུན་བཟང་ནམ་ཡང་ཕངས་མེད་དུ་སྩོལ་བ་དང༌། གང་དེའི་ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་སྨོན་འདུན་ཁྲི་ཕྲག་དང་བཅས། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ཁྱད་པར་དུ་མཚན་ལྡན་བླ་མར་སྲི་ཞུའི་ཞབས་ཏོག་གང་སྒྲུབ་བྱང་ཆུབ་ཀྱི་རྩ་བའི་ས་བོན་དུ་སྨིན་ཐུབ་པར་བྱུང་ན་སྙམ་པའི་ཀུན་སློང་རྣམ་དག་གིས་ཡིད་བསྐུལ་ནས་པར་བསྐྲུན་གྱི་ལས་འདིར་ཡུན་རིང་བོར་ཞུགས་པ་དེ་བཞིན་བདེ་ལེགས་སུ་གྱུར་ཅིག

ཅེས་གང་གི་སློབ་འབངས་ཡོངས་ཀྱི་ཉེ་གནས་པ་ཐོས་ཆུང་ཁྲི་བསོད་བསྟན་དུ་འབོད་པས་སྤྱི་ལོ་༢༠༡༡ལོའི་བོད་ཟླ་༥ཚེས་༡༥ཉིན་གྲོང་ཁྱེར་སྤོས་ངད་ལྡང་བར་སྦྱར་བའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག