ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ༧དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། གློག་རྡུལ་དེབ། པོད་བརྒྱད།
༧དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། གློག་རྡུལ་དེབ། པོད་བརྒྱད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-03-25] [ཀློག་གྲངས། ]

   དེ་ཡང་ངེད་ཚོས་ཆེད་དུ་སྤྲུལ་བའི་སྐུ་འཆི་མེད་གཡུང་དྲུང་མཆོག་ལ་རེ་སྐུལ་བྱས་ཏེ་ཁོང་གིས་གཙོ་སྒྲིག་གནང་བའི་《མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས》ཞེས་པ་དེ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གསུང་འབུམ་ཆ་ཚང་གློག་ཀླད་དུ་བཅུག་ཡོད་པའི་རྣམས་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་སུ་བཀོད་ཐུབ་ན་རྒྱལ་ཕྱི་ནང་དུ་བཞུགས་པའི་སྤུན་ཟླ་ཚང་མ་ལ་ཕན་ཐོགས་ཆེ་བ་སོགས་ཞུས་པའི་ཁོང་གིས་ཀྱང་བཀའ་དྲིན་ཐུགས་རྗེ་དང་བཅས་ཏེ་གསུང་འབུམ་ཆ་ཚང་གི་མ་རྩ་ངེད་ཚོ་ལ་སྤྲད་བྱུང་བས་འདིར་ཆེད་དུ་སྤྲུལ་བའི་སྐུ་ཁོང་གི་མཛད་འཕྲིན་ཕྱོགས་མཐར་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྐྱབས་འཇུག་ཞུ་བ་དང་ལྷན། རྒྱལ་ཕྱི་ནང་དུ་བཞུགས་པའི་སྤུན་གྲོགས་ཚང་མས་གསུང་འབུམ་འདི་ཉིད་ལ་བརྟེན་ནས་མཁྱེན་རྒྱའི་སྒོ་མོ་ཡོངས་སུ་ཕྱེ་བའི་རེ་བ་དང་བཅས།
   ༼གསལ་བཤད།༽ངེད་དྲ་ཚིགས་སུ་བཀོད་ཡོད་པའི་གློག་རྡུལ་དེབ་རྣམས་མི་སྒེར་སུ་དང་སུ་ཡིས་སློབ་སྦྱོང་དང་ཞིབ་འཇུག་སོགས་ཀྱི་ཆེད་དུ་གཟིགས་པ་དང་། སོ་སོའི་གློག་ཀླད་སོགས་སུ་ཕབ་ལེན་བྱེད་རྒྱུ་དེ་ངེད་ཚོ་མཐུན་མོང་བའི་རེ་བ་དེ་ཡིན་ལ། འོན་ཀྱང་ཚོང་ཁེ་སོགས་ཀྱི་ཆེད་དུ་ངེད་དྲ་ཚིགས་ལས་གློག་རྡུལ་དེབ་རྣམས་ཕབ་ལེན་བྱས་ནས་པར་བསྐྲུན་སོགས་བྱེད་མི་ཆོག་ལ། དེའི་ཐད་ལ་རྒྱ་ཆེ་བའི་སྤུན་གྲོགས་རྣམས་ནས་ཐུགས་བཞེས་གནང་འཚལ།
    གཟིགས་འདོད་མཁན་དག་གིས་གཤམ་གྱི་རྒྱབ་ཤོག་འདྲ་པར་རྡེག་གནོན་བྱེད་རྒྱུ་དང་དཀར་ཆག་ལ་གཟིགས་འདོད་ཚེ་དེབ་སོ་སོའི་གཤམ་གྱི་དཀར་ཆག་རྡེག་གནོན་བྱེད་རྒྱུ། དེ་མིན་མཛད་པ་པོའི་རྣམ་ཐར། གླེང་བརྗོད་ཀྱི་གཏམ། མཇུག་གི་གཏམ་སོགས་སོ་སོར་རྡེག་གནོན་བྱས་ན་དེ་ལྟར་གཟིགས་ཐུབ་ངེས་ཡིན།

༼མཛད་པ་པོའི་རྣམ་ཐར།༽        ༼གླེང་གཞི།༽          ༼མཇུག་གཏམ།༽
 
 ༼པོད་དང་བོའི་དཀར་ཆག༽                               ༼པོད་གཉིས་པའི་དཀར་ཆག༽

༼པོད་གསུམ་པའི་དཀར་ཆག༽                            ༼པོད་བཞི་བའི་དཀར་ཆག༽

༼པོད་ལྔ་བའི་དཀར་ཆག༽                            ༼པོད་དྲུག་པའི་དཀར་ཆག༽

༼པོད་བདུན་པའི་དཀར་ཆག༽                  ༼པོད་བརྒྱད་པའི་དཀར་ཆག༽

གླེང་གཞི།

   དེ་ཡང་ས་མཐོ་ལ་ཡུལ་གཙང་བའི་དབལ་སོ་གངས་ཀྱི་ར་བས་ཀུན་ནས་བསྐོར་བའི་བོད་ཆེན་པོའི་ལྗོངས་འདིར་སྐྱེས་སྦྱངས་དྲི་མ་མེད་པ་ལས་བྱུང་བའི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྔོན་བྱོན་གྱི་མཁས་དབང་གང་མང་ཞིག་རབས་དང་རིམ་པར་བྱོན་ནས། ཕ་མཐའ་དང་བྲལ་བའི་བོད་ཀྱི་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་དཔྱོད་གསུམ་དག་པའི་ལམ་ནས་དགག་བཞག་སྤོང་གསུམ་བྱས་ཏེ། ཕྱི་རབས་རྗེས་འཇུག་ཚོའི་བགོ་སྐལ་དུ་རི་བོའི་གཏོས་དང་མཉམ་པའི་གསུང་ཆོས་བགྲང་གིས་མི་ལང་བ་ཞིག་བསྐྲུན་ཡོད་པ་འདི། ང་ཚོ་ལ་མཚོན་ན་ཅི་འདྲའི་དགའ་འོས་པའི་དོན་བཟང་ཞིག་མ་ཡིན་ནམ། འོན་ཀྱང་འུ་ཅག་རྒྱུན་འཛིན་རྣམས་ཀྱིས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བའི་ཆེད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་མ་ནུས་ན། ཕ་ཤུལ་བུས་སྟོར་གྱི་དཔེ་རུ་འོང་སྲིད་པས་ང་ཚོས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ནས་ཕྱོགས་སོ་སོར་དར་ཁྱབ་དང་འགྲེམས་སྤེལ་བྱེད་དགོས་པར་མ་ཟད། རང་མི་རིགས་ཀྱི་རིག་གཞུང་འདི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལས་ཀྱང་གཅེས་སྤྲས་བྱེད་དགོས་པའི་གནས་ཤིག་ཏུ་སྣང་བས།
   ༧ ད་ལན་ལྷ་མཆོག་བྱེ་བྲག་དངོས་མེད་ངུར་སྨྲིག་གར་དུ་རོལ་བ་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ངེས་པ་དོན་གྱི་མ་ཧཱ་པནྚི་ཏ་ ༈ དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་གང་ཉིད་ཀྱི་ལྗགས་རྩོམ་རྣམས་པར་བསྐྲུན་བྱེད་པ་ཡིན་ཞིང༌།བྱེ་བྲག་ཏུ་དམིགས་ཀྱིས་བསལ་ཏེ་བཤད་ན་དགོས་པ་སོ་སོ་བ་གཉིས་ཀྱི་ཆེད་དུའང་ཡིན་ཏེ། དང་པོ་ནི་ལྔ་བདོ་སྲིད་པའི་མར་ཞབས་རྩོད་ལྡན་སྙིགས་མའི་དུས་ངན་འདིར་མུ་མེད་སྲིད་པའི་འབྲོག་དགོན་ཆེན་པོར་འཁྱམས་པའི་འགྲོ་དྲུག་གི་སེམས་ཅན་རྣམས་ཀྱི་ཕན་བདེ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ནི་རྒྱལ་བའི་འཕྲིན་ལས་དང་དེའི་བསྟན་པ་ཁོ་ན་ལ་རག་ལས་ཤིང༌། དེ་ཡང་གདུལ་བྱའི་ཁམས་དང་དབང་པོའི་རྗེས་སུ་འགྲོ་ལྡོག་བྱས་པས་ན། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཐབས་གང་ལ་གང་འདུལ་གྱི་སྒོ་ནས་འགྲོ་བའི་དོན་ཇི་སྙེད་ཅིག་མཛད་ཅིང་མཛད་ལ་མཛད་པར་འགྱུར་བ་ལས་ཁྱད་པར་དུ་བསྐལ་བཟང་སྒྲོན་མེ་ཅན་གྱི་བསྐལ་བ་འདི་ལ། གདུལ་བྱ་ཐུན་མོང་བའི་སྣང་ངོར་རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་ཙམ་ན། བསྐལ་བཟང་རྣམ་འདྲེན་བརྒྱད་པ་ཁྱེའུ་གསལ་བའི་ཐུགས་བསྐྱེད་དུས་སུ་སྨིན་ཏེ་གཤེན་ཡུལ་འོལ་མོའི་གླིང་དུ་གཤེན་རབ་མི་བོ་དེ་ཉིད་ཡབ་རྒྱལ་པོ་ཐོད་དཀར་དང་ཡུམ་རྒྱལ་བཞད་མའི་སྲས་སུ་སྐུ་སྐྱེ་བར་བཞེས་ནས་མཛད་པ་བཅུ་གཉིས་སྒོ་ནས་འགྲོ་དོན་མཛད། དེ་ནས་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་བྱུང་བ་ལས་དང་པོ་སྐུ་ཡི་བསྟན་པ་ལ་དྲང་དོན་ཤས་ཆེ་བའི་བཀའ་འཁོར་དང་པོ་ཐེག་པ་རིམ་དགུ་དང༌། བར་དུ་དྲང་ངེས་ཟུང་འབྲེལ་དུ་སྟོན་པ་སྒོ་བཞི་མཛོད་ལྔ། ཐ་མར་ངེས་དོན་ཤས་ཆེ་བའི་ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་རྣམས་རིམ་པར་བསྐོར།
   ༧ གསུང་བསྟན་ལ་གདུང་ཚོབ་ཆེན་པོ་བྱོན་ནས་བཀའི་དོན་ལེགས་པར་བཀྲོལ་ཏེ་གདུལ་བྱ་སེམས་ཅན་ལ་སྟོན་པ་རང་ཉིད་དང་མཚུངས་བ་ཙམ་གྱིས་འདྲེན་སྟོན་མཛད་དེ་འདུལ་བསྟན་གཙོ་བོར་གྱུར་པའི་བསྟན་ཞབས་རིང་དུ་བསྐྱངས།
   ༧ དེ་ནས་ཐུགས་བསྟན་ལ་འཆི་མེད་ཡབ་སྲས་རྣམ་གསུམ་བྱོན་ནས་འཕྲུལ་མཚན་ཉེར་བཞིའི་སྒོ་ནས་བན་བོན་རིས་སུ་མ་ཆད་པའི་བསྟན་པ་སྤྱི་དང༌། ཁྱད་པར་དུ་གསང་སེམས་བླ་མེད་ཀྱི་བསྟན་པ་ཞང་བོད་དང་རྒྱ་གར་ཀུན་ཏུ་འཕེལ་བ་མ་ཟད་བོད་ཡུལ་དུ་སྙིགས་མའི་དོན་དུ་སྲིད་པ་གཏེར་གྱིས་བཀང་སྟེ། འདི་འདྲའི་ཁྱད་པར་རྨད་དུ་བྱུང་བའི་ཕན་བདེའི་ལམ་བཟང་དྲི་མ་མེད་པ་རྒྱལ་བའི་བསྟན་པ་ཡང་དག་པ་ཞིག་བཞུགས་ནའང༌། ད་ལྟའི་དུས་ངན་འདི་ལྟ་བུ་ལ་སྣོད་དུག་ཅན་དུ་གྱུར་པའི་ཐོས་པ་ཅུང་ཟད་དེ་སླར་ཉོན་མོངས་ཀྱི་ཁ་སྣོན་དུ་སོང་བའི་རྟོག་གེ་མགོ་མཁྲེགས་འགའ་ཞིག་གིས་ཤེས་བཞིན་དུ་ཕྲག་དོག་དང་ཕྱོགས་རིས་ཁོ་ནའི་དབང་གིས་སྒྲོ་འདོགས་དང་སྐུར་འདེབས་བྱེད་པ་མང་བས། ཐལ་མའི་གདུལ་བྱ་ཕལ་ཆེར་ནི་བསོད་ནམས་གྱི་མཐུ་དམན་པས་རི་བོང་ཅལ་འདྲོགས་ཀྱིས། དོན་གྱི་ཡིན་ལུགས་ལ་ངེས་ཤེས་ཅི་ཡང་མ་རྙེད་བཞིན་དུ་རང་དང་གང་སྟབས་སུ་འབྲེལ་བ་འདི་ནི་ཡང་དག་པ་ལ། གཞན་ནི་ལོག་པའོ་སྙམ་པའི་སྒོ་ནས་ཚད་མེད་པའི་བོན་སྤོང་གི་ལས་ངན་ཚབས་ཆེན་བསགས་པ་དེ་ལས་ལྡོག་པ་ལ་ཕན་པ་ཅུང་ཟད་རེ་ཨེ་འོང་སྙམ་པ་དེ་ཡིན།
   ༧ གཉིས་པ་ནི་ཞིབ་འཇུག་གི་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་ལ། སྤྱིར་ང་ཚོ་བོད་མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་རིག་གནས་མང་པོའི་ཁྲོད། རྒྱུ་སྐར་གྱི་དབུས་ན་ཟླ་བ་བཞིན་ཁྱད་པར་དུ་འཕགས་པ་ཞིག་ཡིན་ན་ཡང༌། ཡིན་པ་དེ་ཡིན་པར་ངོ་སྤྲོད་མ་ཐུབ་ན། རྒྱུན་འཛིན་རྣམས་ཀྱིས་དོ་སྣང་མ་བྱེད་པའི་ངོ་ཚ་ཡིན་པས། ངེས་པར་དུ་རང་བཟོ་དང་ཕྱོགས་རིས་ཀྱིས་མ་བསླད་པའི་རྒྱབ་བརྟན་ལ་ཁུངས་བཙན་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ལ་ཞབས་འདེགས་འོང་ངེས་པའི་ལྗགས་རྩོམ་རྣམས་པར་སྐྲུན་དང་འགྲེམས་སྤེལ་བྱས་ནས་ཞིབ་འཇུག་གི་མི་སྣ་སྐྱེ་སྲིང་བྱེད་དགོས་པས། ང་ཚོའི་བོད་རིག་པ་འདི་འབྱུང་ཡུལ་གྱི་ཁུངས་བཙན་ལ་ལོ་རྒྱུས་ཀྱི་ཕུ་ཐག་རིང་བ་དང༌། ཡང་ན་འདྲ་བ་གཞན་དང་མི་འདྲ་བའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ལ་སོགས་འཐུས་ཚང་བ།འདི་ཕྱིའི་ཕན་བདེ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ། ཆུ་འགོ་གངས་ལ་གཏུགས་པ་ནང་བཞིན་ཤེས་བྱ་ཡང་དག་པའི་རིག་པ་མ་ལུས་པའི་འབྱུང་ཁུངས་ཡིན་པར་རྒྱལ་བའི་བཀའ་དང་འཕགས་པའི་ལུང་ཚད་མ་སོགས་ལ་བརྟེན་ནས་འཛམ་གླིང་བོད་ཀྱི་རིག་གནས་ཞིབ་འཇུག་པ་རྣམས་ལ་ངེས་ཤེས་འདྲོང་ངེས་པའི་ར་སྤྲོད་རེ་བྱེད་ཐུབ་ན། ད་གཟོད་འཛམ་གླིང་མི་ཡི་སྙིང་པོ་བོད་ཁ་བ་ཅན་ཞེས་པ་འདི་ཅི་འདྲ་ཞིག་ཡིན་པ་དང༌། ལྷག་པར་དུ་བོད་རིག་པའི་རྩ་བ་ནི་ནང་དོན་རིག་པ་ཡིན་པས་འདི་ལྟ་བུ་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཀྱི་མ་ལག་ཆ་ཚང་བའི་ཡང་དག་པ་ཞིག་ཡིན་པར་ངེས་ན། རྒྱལ་བའི་བསྟན་པའི་གཞི་བཏིང་དུ་འགྲོ་བ་ལ་སོགས་པའི་སྒོ་ནས་དགོས་ཆེད་དུ་མ་མཐོང་བས་འདི་འདྲ་བའི་བྱ་བ་ནི་དུས་ནམ་ཡང་འདོར་ཐབས་བྲལ་བའི་བསྟན་པའི་ཆ་ལག་འགངས་ཆེན་ཞིག་ཏུ་རེད་སྙམ་མོ།། འདིར་ཆེད་དུ་ཞུ་དགོས་རྒྱུ་ཞིག་ནི། ལྗགས་རྩོམ་འདིའི་མ་ཕྱི་པར་མ་དང་བྲིས་མ་ཕྱོགས་བསྒྲིགས་རྣམས་གཞིར་བཞག་ནས་སོ་སོར་ཁ་འཐོར་བ་རྣམས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྡུད་ལེན་བྱས་པ་ཡིན་ཡང༌། ད་དུང་རྩ་གསུམ་དགོངས་པའི་བཅུད་འདུས་བླ་མ་སྐུ་གསུམ་ཕུར་སྒྲུབ་ཀྱི་ཁྲིད་ཡིག་འཆི་མེད་བླ་མའི་དགོངས་རྒྱན་ལས། བསྐྱེད་རིམ་ལྷའི་ཁྲིད་ཀྱི་རིམ་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ་ལ་སྤྱི་དོན་བཞི་སྟེ། ཕྱི་བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་གྱི་ཁྲིད། ནང་རྫོགས་པའི་རིམ་པ་རྩ་རླུང་གཏུམ་མོའི་ཁྲིད། གསང་བ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད། ཡང་གསང་བླ་ན་མེད་པ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་བསྟན་པའོ།། ཞེས་རྩ་བའི་ས་བཅད་ཆེན་པོ་བཞི་ཡོད་པ་ལས་ད་ལན་དང་པོ་ཕྱི་བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་གྱི་ཁྲིད་ལས་ས་བཅད་ཕྱི་མ་གསུམ་གཏན་ནས་ལག་ཏུ་མ་བྱུང་བས་པར་སྐྲུན་བྱེད་པའི་སྐལ་བ་མ་བྱུང་བ་དང་ལྗགས་ཙོམ་འདིའི་མ་ཕྱི་རྣམས་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྦས་བསྐུངས་ལ་སོགས་པའི་རྐྱེན་གྱིས་ཞལ་མི་སལ་བ་དང་ཆད་ལྷག་ཅུང་ཟད་རེ་ཡོད་པ་རྣམས་རང་བློས་དཔོག་ཚོད་ཀྱིས་དག་བཅོས་བགྱིས་པ་ལ་གཟུར་གནས་མཁས་དབང་རྣམ་པས་སྐྱོན་དུ་མི་གཟིགས་པར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་ཞུ་བའོ།།

ཞེས་ལྷོ་ནུབ་ཀྱི་གྲོང་ཁྱེར་ཆེན་པོ་ཁྲིན་ཏུའུ་ནས་སྒྲིག་པ་པོས་༢༠༠༨་༨་༥པར་སྦྱར་བའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག