ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༢༠༡༡ལོའི༼མུ་ཁྲི་བཙན་པོ༽
༢༠༡༡ལོའི༼མུ་ཁྲི་བཙན་པོ༽
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-08-19] [ཀློག་གྲངས། ]

༢༠༡༡ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

༢༠༡༡ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽མདུན་ངོས།

མདུན་ངོས་ནང་མ།


༧ རྟོགས་ལྡན་ཁྲི་བ་རིན་པོ་ཆེ་ནས་གནང་བའི་ཤིས་ཚིག

དཀར་ཆག་བོད་ཡིག་ཅན།

བོད་ཡིག་དཀར་ཆག

བོད་ཡིག་དཀར་ཆག

དབྱིན་ཡིག་དཀར་ཆག

རྒྱ་ཡིག་དཀར་ཆག



རྒྱབ་ཤོག་ནང་མ།

རྒྱབ་ཤོག

གསར་བསྒྲིགས་བོན་དེབ་ཁག་གི་འགན་འཁྲི།

ཆོས་འཁོར་ཚང་ཉི་མ་འོད་ཟེར།༼ ནུབ་གླིང་ཡུ་རོབ།༽

འདི་ནས་ཕྱི་མིག་ཅིག་འཕངས་ན། མི་ལོ་བཅུ་ཕྲག་ཕྱེད་དང་གསུམ་གྱི་སྔོན་མས་སུ་བོན་གྱི་དུས་དེབ་ཅེ་ན་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་<<བོན་སྒོ་>>ལས་ལོགས་སུ་རྙེད་ཐོབ་བྲལ། དེ་བས་གཞན་གྱི་ངན་སྨྲས་དང་བརྙས་ཚིག་གི་ཁ་དམག་རྒོད་པའི་དུས་ངན་དེར་<<བོན་སྒོ་>>ནི་དེ་དག་ལ་རྒོལ་བའི་གོ་བགོ་མཚོན་འཁྱེར་གྱི་རྐང་དམག་ཁེར་རྐྱང་ཞིག་ལགས་པས། སྐབས་དེར་“བོན་པོའི་དུས་དེབ་”ཅེས་པ་ནི་“བོན་སྒོ་”ལོ་དེབ་ཀྱི་བླ་དྭགས་སུའང་གྱུར་ཡོད། འོན་ཀྱང་། ཉེ་བའི་ལོ་ངོ་བཅུ་སྐོར་ཞིག་གི་ནང་ལྟ་གིན་མཐོང་གིན་ལ་བོན་པོའི་དུས་དེབ་མི་འདྲ་བ་སུམ་ཅུ་ལས་བརྒལ་བ་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་མངོན། དེས་འབྱུང་འགྱུར་གྱི་ཆར་ཡང་གྲངས་འབོར་དེ་ཉིད་དོ་སྐོར་གྱིས་འཕར་ངེས་ཡིན་པའི་རེ་བ་དང་ཡིད་ཆེས་ཀྱི་གདེང་སྤོབས་ཀྱང་བྱིན། དེ་ལྟར་བཏོན་དང་འདོན་བཞིན་པའི་བོན་དེབ་ཁག་ལས། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་<<མུ་ཁྲི་བཙན་པོ་>>ནི་གོམ་ཤེད་ཆེན་པོས་མདུན་དུ་མཆོང་བའི་བསྙེངས་བྲལ་གྱི་དཔའ་རྒོད་ཅིག་དང་ཡོངས་སུ་མཚུངས་ཏེ། ཕ་རོལ་པོའི་བརྙས་སྡིགས་ལ་ཐེར་འདོན་དང་མ་ཉེས་ཁ་འཕང་བཀལ་བའི་རིགས་ལ་དག་འབུད་ཀྱིས་རྒོལ་ལན་སློག་པར་མ་ཟད། གསར་བསྐྲུན་གྱི་བོན་དེབ་དག་ལས་འདི་ཉིད་ནི་སྐྱེ་ཐེངས་གཅིག་གི་ཚང་འགོ་མིན་ནའང་། བོན་དེབ་ཅིག་གིས་རུམ་དགོས་པའི་འགན་ཁུར་རྣམས་སྤུས་ལོས་བཙའ་སྲུང་དང་། དཔྱད་དེབ་ཅིག་ལ་ཚང་དགོས་པའི་རྐྱེན་རིས་ཀྱང་ཕྱུག་པར་འཛོམས་པའི་བོན་དེབ་རྩེ་གྲས་སུ་གནས་པས་སོ། །
འོ་ན་བོན་དེབ་དག་ལ་དམིགས་བསལ་ཁུར་དུ་འཁྲི་བའི་འགན་བབ་ཅི་ཞིག་བདོག་གམ་ཞེ་ན། གནའ་ནས་ད་བར་འུ་ཚོའི་རྣ་ལམ་དུ་བརྒྱུད་བཞིན་པའི་ཀུན་སློང་སྣ་ཚོགས་དང་འདྲེས་པའི་གཞན་སྡེའི་དྲི་ཚིག་དུ་མར་མཆིས་ཏེ། འགའ་ཞིག་གཙིགས་སུ་མི་ཆེ་རུང་ཐ་ན་གོ་མཐོང་རིག་གསུམ་གྱི་ཉམས་མྱོང་དབེན་པའི་བླུན་རྨོངས་དག་གིས་བོན་པོར་འཕྲད་ཚེ་དྲི་བའི་ཐོག་མར་དཀར་ནག་ཅི་ཡིན་ནམ་དམར་མཆོད་འབུལ་མིན་སོགས་འདྲི་བ་ནས་བཟུང་། བར་འབྲིང་གོ་ལོ་ཐོས་ལོའི་མྱོང་བ་སྣ་ཟིན་ཙམ་ལྡན་པ་དག་གིས་ནང་པ་ཡིན་མིན་ནམ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འདོད་མིན་སོགས་འདྲི་བ། དེ་བཞིན་རབ་མཁས་པར་རློམ་པ་དག་གིས་བོན་ཆོས་དེ་སྐད་ཅེས་པ་དེ་ཉིད་བརྡོལ་འཁྱར་བསྒྱུར་གསུམ་གང་དུ་གཏོགས་མིན་ནམ་བོན་དཔེ་གཅིག་གཅིག་ནི་ཐུབ་ཆོས་མིག་མིག་ལས་བཤུས་མིན་སོགས་དྲིས་དང་འདྲི་བཞིན་ཡོད་པ་རྣམས་ལ་དངོས་བདེན་གྱི་ལོ་རྒྱུས་དང་བོན་གཞུང་ཁུངས་བཅོལ་གྱིས་ལན་གློན་དང་གསལ་བཤད། དག་འབུད་དང་ཐེར་འདོན། རྒོལ་ལན་དང་སུན་འབྱིན་གང་རིགས་སུ་གདབ་དགོས་པ་ནི་བོན་དེབ་དག་གི་སྐབས་བབ་ཀྱི་ལས་འགན་ཉག་གཅིག་ཏུ་མཐོང་། འོན་ཏེ་རྒོལ་ལན་སློག་པ་དག་ཀྱང་རྒྱས་འགྲེལ་སྤྲོས་བཤད་དང་། གནའ་བཤད་ད་སྐྱོར་ཁོ་ནར་དགོས་པའང་མ་མཐོང་སྟེ། གནས་ལུགས་ངོ་ཐོག་དང་འབྲེལ་བའི་རྒྱུ་མཚན་གསར་པ་རེ་མཆིས་ཚེ། བོན་དེབ་འདི་དག་ནི་གཏན་ཚིགས་དེ་རིགས་གཞན་གྱི་སྤྱན་སྔར་བསྟར་སར་འོས་ཤིང་འཚམས་པའི་གླེང་སྟེགས་སུ་གྱུར་པས། རྒྱུ་མཚན་དེ་འདྲ་བའང་དགོད་པར་བྱོས། དཔེར་ན། རྫོགས་ཆེན་དེ་རྒྱ་གར་ནས་བསྒྱུར་མིན་སོགས་ཀྱི་སྐབས་སུ་འདི་ལྟར་འདྲི་བར་བྱ་སྟེ། རྫོགས་ཆེན་གྱི་མཐུན་མོང་མ་ཡིན་པའི་བརྡ་སྐད་དམ་བརྗོད་གཞི་གཙོ་བོ་སྟོན་བྱེད་ཀྱི་མིང་ཚིག་དཔེར་ན་“ཀ་དག་”དང་“ཁྲེགས་ཆོད་”ཅེས་པ་རྣམས་ལ་ལེགས་སྦྱར་རམ་སཾསྐྲྀཏའི་སྐད་དུ་མིང་དོད་ཅི་ཡང་མི་སྣང་བའི་རྒྱུ་མཚན་ཅི། དྲི་ཚིག་ཁེར་རུ་མ་འདིས་ཀྱང་རྫོགས་ཆེན་དེ་བོད་ཆོས་དང་རྒྱ་ཆོས་ཅི་ཡིན་ར་སྤྲོད་པར་ཤིན་ཏུ་ནས་བསྟང་བ་ལ་ནི་སྨོས་ཅི་དགོས་ཏེ་མི་མཁོའོ། །
དེ་ལྟར་གྱི་གཏན་ཚིགས་དང་དྲི་ཚིག་སོ་མས་ཕྱུག་པའི་དཔྱད་རྩོམ་གང་མང་འཐུ་བའི་བོན་དེབ་ཁག་ལ་འདི་ནས་ནམ་ཡང་ངང་སྒུག་བྱེད་ཀྱིན་ཡོད་པས། གོ་སྐབས་འདི་ཉིད་བརྒྱུད་ནས་དེ་མུར་ཡོང་བའི་ནན་བསྐུལ་ཡང་བྱེད་བཞིན་ལགས་ཏེ། གནའ་དུས་ཞང་ཞུང་དུ་གྲགས་པ་མངའ་རིས་གུ་གེ་ཁུལ་གྱི་མི་ལོ་སྟོང་ཕྲག་རེ་འགས་རྙིང་པའི་སྒོམ་ཕུག་དེ་དག་རྒྱུ་བོན་བསྒྲུབ་ས་དང་བོན་སྒྲུང་བཤད་ས་ཙམ་ཞིག་ཡིན་ཡང་མི་སྲིད་པས། དེ་དག་གི་ཕག་ཏུ་གསང་བའི་གནས་ལུགས་ཇི་སྙེད་ཅིག་གབ་ཡོད་པ་རྣམས་མངོན་དུ་དབྱུང་བར་བྱ་བའི་འོས་འགན་ནི་བོན་དེབ་ཀུན་ལ་འཁྲི་བས་འབྲེལ་ཡོད་ཀུན་གྱིས་དོ་ཁུར་ཆེན་པོས་ཅིས་ཀྱང་འབུངས་ཤིག་གུ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག