ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> མངའ་རིས་ལོ་དེབ་«གངས་དཀར་ཏི་སེ།»
མངའ་རིས་ལོ་དེབ་«གངས་དཀར་ཏི་སེ།»
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བསྟན་ཆོས་དབང་གསལ།] [ཟླ་ཚེས། 12-01-08] [ཀློག་གྲངས། ]

ལོ་དེབ་《གངས་དཀར་ཏི་སེ》གསར་དུ་སྤེལ་བའི་ཞུ་མཆེད།

      དུས་རབས་ཉེར་གཅིག་པའི་ལོ་རབས་གཉིས་པའི་དུས་འགོ་ཤར་ལ་ཉེ་བའི་དུས་སྐབས་གསར་པ་འདིར་《གངས་དཀར་ཏི་སེ》ཞེས་པའི་ལོ་དེབ་ཉམས་པ་སོར་ཆུད་ཀྱིས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་གཟིགས་འབུལ་ཞུ་ཐུབ་པའི་དགའ་མཚོན་གྱི་དོད་དུ་ལོ་དེབ་འདིར་བལྟོས་ཤིང་འབྲེལ་བའི་རྒྱ་ཆེའི་གྲོགས་པོ་རྣམས་ལ་གངས་དཀར་ཏི་སེའི་མདངས་ལ་འཁུ་ཞིང་མ་ཕམ་གཡུ་མཚོའི་མངར་ཞིམ་བཅུད་ལ་འགྲན་པའི་ཤིས་ཚིག་གིས་ཁ་གཡང་སྒྲོན་ཞིང་ལེགས་རྒུ་བློ་གྲོས་ཀྱི་ཉིང་ཁུའི་བཅུད་དུ་གཏམས་པའི་ལྗགས་རྩོམ་དབྱར་གྱི་དལ་འབབ་རྒྱུན་བཞིན་འཇོ་བའི་གསོལ་བའང་ཕུར་ཚུགས་སུ་འདེབས་པ་ལགས།
      དེབ་འདིའི་གཙོ་གཉེར་མཁན་པོ་ནི་འཛམ་གླིང་གི་རྩེ་མོ་ལས་ཀྱང་ཡང་རྩེར་གྲགས་པའི་གངས་ལྗོངས་མངའ་རིས་ས་མཐོར་མཆིས་པའི་ས་གནས་སྨན་རྩིས་ཁང་ཡིན་ལ། དམིགས་ཡུལ་དང་ནང་དོན། དེ་བཞིན་ཐབས་ལམ་ནི། དེ་ཡང་༡༩༩༨ལོ་དང་༡༩༨༩ལོར་སྔ་རྗེས་སུ་བཏོན་པའི་ལོ་དེབ་《གངས་དཀར་ཏི་སེ》ཞེས་པ་འདི་ཉིད་སླར་གསོ་བྱས་ཏེ་མངའ་རིས་ལ་བོད་ཡིག་ཚགས་དེབ་མེད་པའི་སྟོང་ཆ་སྐོང་བ་དང་རྨིག་བཞིའི་བྲོ་གར་མཁའ་ན་ལྡིང་བར་རྩོམ་པའི་མཁྱེན་ལྡན་ཅང་ཤེས་ཀྱི་ཚོགས་དང་ཤེས་རིག་གི་སྤང་ལ་རོལ་བའི་རྐྱང་ཆུང་རྣམས་ལ་བང་རྩལ་ངོམས་པའི་ཐང་ཡངས་ཤིག་བསྐྲུན་པར་འདོད་པ་ལགས། ཁྱད་པར་དུ་བོད་གངས་ཅན་པའི་ཤེས་རིག་གི་ཁུངས་སུ་གྲུབ་ངོ་མཚར་དང་གསང་བའི་སྒྲུམ་བུར་ངེས་པའི་མངའ་རིས་ས་ཁམས་གནའ་ཤུལ་དང་དམངས་སྲོལ་སོགས་ཆེད་དུ་བརྩལ་འཚོལ་དང་སྡུད་ལེན་བྱེད་ཀྱི་ཡོད།
      དེབ་འདི་ནང་དོན་ནི་བོད་ཡིག་གི་ལམ་ནས་སྤེལ་བའི་ཆབ་དཔལ་རིག་གསུམ་གྱི་རྩོམ་ཡིག་སྤྱི་དང་ལྷག་དོན་མངའ་རིས་སྐོར་ལ་ཞིབ་མཇུག་དང་འཚོལ་སྡུད་བྱས་པའི་རྩོམ་ཡིག་དག་སྤུས་ཚད་འགན་སྲུང་བྱེད་པའི་ཆ་རྐྱེན་འོག་ལོརེའི་ནང་དེབ་གཅིག་སྤེལ་བའི་ལོ་དེབ་གཅིག་ཡིན། དེ་ཡང་ཏང་གི་རྩ་བའི་ལམ་ཕྱོགས་མི་རིགས་སྲིད་ཇུས་ལས་བསྟར་སྒོས་རྒན་དར་གཞོན་གསུམ་གྱིས་མ་བཅད་པའི་རྒྱ་ཆེའི་ཀློག་པ་པོ་དང་འོ་ཆུ་བཞིན་དམཔོར་འབྲེལ་བ་དང༌། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས། རྒྱུན་འཁྱོངས་ངང་དུས་དེབ་ཀྱི་བསམ་བློའི་མཐོ་ཚད་དང་རིག་གཞུང་གི་ཆུ་ཚད། སྒྱུ་རྩལ་གྱི་གསོན་ཉམས་ལ་མཐོང་ཆེན་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་སྒོས་ཆོས། དུས་རབས་ཀྱི་ཉམས་འགྱུར་བཅས་འདུར་དུ་དོད་པའི་ཐབས་སུ་བཞུད་རྒྱུ་ཡིན་ལ་རྩོམ་མཁན་དང་ཀློག་མཁན། སྒྲིག་མཁན་བཅས་འོ་སྐོལ་མཉམ་སྤྲེལ་གྱི་རྩོལ་བ་ལ་བརྟེན་ནས། 《གངས་དཀར་ཏི་སེ》འདི་ཉིད་མི་རྣམས་ཀྱི་དྭངས་བ་འདྲེན་ལ་འདྲེན་ཞིང་མང་མང་ཁས་འཆེས་བའི་ལོ་དེབ་གཅིག་ཏུ་འགྱུར་ཐུབ་པའི་སྤོབས་སེམས་དང་ཡིད་ཆེས་ཀྱང་བརྟན་པོ་ཡོད་ལགས། ཆེད་དུ་ཞུ་རྒྱུར། རེ་བ་དང་དཀའ་སྡུག་གི་གསེབ་ལས་གཡུར་བའི་《གངས་དཀར་ཏི་སེ》འདི་ཉིད་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་ཐུབ་པ་ནི་ཤེས་རིག་ལ་དུང་བ་ཟབ་ཅིང་ལྷག་བསམ་དཀར་བའི་གྲོགས་པོ་རྣམས་དང་ཁྱད་པར་རྒན་ཨ་ནན་མཆོག་དང་རྒན་ཁྱུང་བདག་ལགས། དེ་བཞིན་རིན་སྤུངས་ཚུར་བསྟན། ཁྱུང་པོ་ཚེ་རིང་དཔལ་རྒྱས་བཅས་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་རྣམས་སྣམ་དཀར་མཛད་འཕྲིན་དར་ཞིང་རྒྱས་པའི་ཐུགས་སྨོན་ཡང་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པས།


མངའ་རིས་ཡུལ་ནས་སྤེལ་བའི་ལོ་དེབ་«གངས་དཀར་ཏི་སེ»སྤྱི་དེབ་དང་པོ།

མངའ་རིས་ཡུལ་ནས་སྤེལ་བའི་ལོ་དེབ་«གངས་དཀར་ཏི་སེ»སྤྱི་དེབ་གཉིས་པ།

མངའ་རིས་ཡུལ་ནས་སྤེལ་བའི་ལོ་དེབ་«གངས་དཀར་ཏི་སེ»སྤྱི་དེབ་གསུམ་པ།

མངའ་རིས་ཡུལ་ནས་སྤེལ་བའི་ལོ་དེབ་«གངས་དཀར་ཏི་སེ»སྤྱི་དེབ་བཞི་བ།

མངའ་རིས་ཡུལ་ནས་སྤེལ་བའི་ལོ་དེབ་«གངས་དཀར་ཏི་སེ»སྤྱི་དེབ་ལྔ་བ།

རྩོམ་སྒྲིག་པ།  ཕུར་བུ་རྒྱལ་མཚན།  བསྟན་ཆོས་དབང་གསལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག