ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> དེབ་གསར«དཀྱིལ་འཁོར་རྣམ་པར་འབྱེད་པའི་ལྡེ་མིག»
དེབ་གསར«དཀྱིལ་འཁོར་རྣམ་པར་འབྱེད་པའི་ལྡེ་མིག»
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-01-20] [ཀློག་གྲངས། ]


ལི་ཐང་ཚེ་རིང་འགྱུར་མེད་ཀྱིས་བརྩམས་པའི«དཀྱིལ་འཁོར་རྣམ་པར་འབྱེད་པའི་ལྡེ་མིག»ཅེས་པའི་དཔེ་དེབ་གསར་ཐོན་བྱུང་བ།

དཔེ་སྐྲུན་གསལ་བཤད།

      དེ་ཡང་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྒང་བ་བོད་པ་ཚང་གི་ཁྱད་ནོར། ཞང་བོད་མེས་པོ་གོང་མ་རྣམས་ཀྱིས་ཤུལ་བཞག་རི་བོ་གངས་ཅན་པའི་ཤེས་རིག་གི་ཕྱི་མོ་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་འདི་ལ་ལོ་རྒྱུས་ཀྱི་འཕེལ་འགྲིབ་སྣ་ཚོགས་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་དེ་རིང༌། སྤྱི་ལོ༼༢༠༡༢༽ལོའི་མདོ་སྨད་སྣང་ཞིག་དགོན་གྱི་རབ་འབྱམས་པའི་མིང་ཐོབ་པ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ་ལི་བཙུན་ཚེ་རིང་འགྱུར་མེད་མཆོག་གིས་བྱིས་པ་ཀློག་ལ་དགའ་བ་ནས་བཟུང༌། གཞོན་ནུ་བྲི་ལ་དགའ་བ་དང༌། རྒན་པོ་རྩོམ་ལ་དགའ་བ་ཞིག་གི་རྣམ་ཐར་ལྷུར་གྱིས་བླངས་ཏེ། སྤང་བསྒྱུར་གྲོལ་གསུམ་གྱི་གཞུང་ཆེན་ཁག་གཞིར་བྱས་ཐོག《དཀྱིལ་འཁོར་རྣམ་པར་འབྱེད་པའི་ལྡེ་མིག》ཅེས་པའི་ལག་དེབ་གཅིག་པར་བསྐྲུན་བྱས། དེ་ཡང་མདོ་ལས། སྒྲིབ་གཉིས་སྦྱང་ཞིང་ཚོགས་གཉིས་བསགས་པའི་དོན་སླད་དུ། མཚན་མ་རྫས་ཀྱི་རྡུལ་མཚོན་དཀྱིལ་འཁོར་བྲིས་པ་རུ། རང་བཞིན་དཀྱིལ་འཁོར་མཁའ་དབྱིངས་ཁྱབ་གདལ་དམ་པ་ནས། ཞེས་གསུངས་པ་ལྟར། ལུས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་པ། ངག་ཚངས་པའི་འཛབ་དབྱངས་བརྗོད་པ། ཡིད་མི་དམིགས་སྟོང་བ་ཉིད་སྒོམ་པ་ལ་ལྟོས་ནས། སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་ཅན་བསྒྲུབ་པར་འདོད་པ་ལ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི། 《མཚན་མ་རྡུལ་མཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང》ལས། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར། ཏིང་འཛིན་རིག་པའི་དཀྱིལ་འཁོར། མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་གསུམ་མོ། ། ཞེས་དང༌། ཡང་དེ་ཉིད་ལས། དང་པོ་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་ཤེས་པར་མ་བྱས་ན། ཏིང་འཛིན་རིག་པའི་དཀྱིལ་འཁོར་རྟོགས་པའི་ཐབས་མེད་པ། ཏིང་འཛིན་རིག་པའི་དཀྱིལ་འཁོར་མ་རྟོགས་ནས། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་རྟོགས་པའི་ཐབས་མེད། དེ་ནས་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་འདི་ནི་ཤིན་ཏུ་གལ་ཆེ་བར་བཤད་དོ། ། ཞེས་གསུངས་པ་ལྟར། སྤྱི་ལོ༼༡༣༥༦ ༽ལོར་སྐུ་འཁྲུངས་པ་རྗེ་མཉམ་མེད་ཆེན་པོའི་མཛད་པའི《མཚན་མ་རྡུལ་མཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང》དང༌། སྤྱི་ལོ༼༡༨༩༧༽ལོར་སྐུ་འཁྲུངས་པ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི《ཐིག་རྩ་རབ་འབྱམས་རིག་པའི་སྒོ་འབྱེད》དང༌། དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི《རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མཚོན་གྱི་བཀོད་པ་གསལ་བྱེད་དང》《མ་རྒྱུད་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་ཀྱི་ཐིག་བཀོད་གཞུང་དོན》 《མདོ་གཟེར་མིག》 《དྲི་མེད་གཟི་བརྗིད》 《གཡུང་དྲུང་བོན་གྱི་བརྒྱ་རྩའི་ཐིག་རྩ་ཆེན་མོ》སོགས་གཞིར་བྱས་ཏེ་རྩོམ་སྒྲིག་བྱས་པ་ཡིན། རྩོམ་པ་པོ་ནི་ཆུང་ནས་ཞི་ཞིང་དུལ་བའི་སྐྱེས་མཆོག་ཅིག་ཡིན་ཕྱིར་རང་གཤིས་བཟང་ལ་མངོན་ལྐོག་མེད་པར་གྲགས། རང་ལོ༡༧ཐོག་ཁམས་གསུམ་ལུས་ཅན་ཡོངས་ཀྱི་བཀུར་བའི་ཞིང༌། མཆོད་པའི་ཡུལ་ངོ་མཚར་གྱི་གནས་བླ་ན་མ་མཆིས་པ། ཤར་རྫའི་རི་ཁྲོད་དུ་སོང་སྟེ་སྣང་སེམས་བོན་སྐུར་གྲོལ་བའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་གྱི་དྲུང་ནས་བསགས་སྦྱངས་སྔོན་འགྲོ་འབུམ་དགུ་དང༌། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་སོགས་ཀྱི་ཁྲིད་ལུང་ཐོབ། མཁན་འཇིགས་མེད་དབང་ཕྱུག་གི་མདུན་ནས་དྲན་པའི་བཀའ་ཐང་ཆེན་པོའི་ཁྲིད་ལུང་ཐོབ། རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་མདུན་ནས་མཁན་ཆེན་སྡུད་གྲྭ་དང༌། དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས༌། རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ། ཚད་བསྡུས་ཤེས་བྱ་ཀུན་གསལ་གང་ཟག་ཉི་ཤུའི་རྣམ་བཤད་བཅས་ཀྱི་ཁྲིད་ལུང་སོགས་གང་མང་ཐོབ། མཁན་རིག་འཛིན་དབང་རྒྱལ་གྱི་མདུན་ནས་བཤེས་གཉེན་བླ་མ་བསྟེན་ཚུལ་སོགས་ཀྱི་ཁྲིད་ལུང་དང་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མི་ཉུང་བ་བུམ་པ་གང་བྱོས་ཚུལ་དུ་ཐོབ། སྤྱི་ལོ༼༢༠༠༢༽ལོར་མདོ་སྨད་ཞྭ་དཀར་བསྟན་པའི་རིང་ལུགས་འདོད་དགུའི་འབྱུང་གནས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་སྣང་ཞིག་དགོན་ཆེན་དུ་ཕྱག་བཏབ་མཛད་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དུ་དངོས་ཞུགས་མཛད་ནས་རབ་འབྱམས་རྒྱལ་བ་ཀུན་ཀྱི་མཁྱེན་བརྩེའི་ཐུགས་དགོངས་གཅིག་ཏུ་བསྡུས་པའི་རང་གཟུགས་རྗེ་བཙུན་བླ་མ་སྣང་ཞིག་ཚང་གི་མཁན་སློབ་བསྟན་པའི་མཛེས་རྒྱན་སོགས་ཀྱི་ཞལ་ནས་རྒྱུད་ལུང་མན་ངག་གི་བྱིན་རླབས་སྨིན་ཏེ་རབ་བྱུང་ངུར་སྨྲིག་འཛིན་པའི་སྲོག་ཤིང་དུ་གྱུར་པ་སློབ་གླིང་གི་དགེ་རྒན་ཆེན་པོ་རྣམ་པའི་བཀའ་དྲིན་བླ་མེད་འོག་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་མཐའ་དག་སྦྱངས་བར་བྱས་ཏེ་འགོ་བསྡུས་གྲྭ་ནས་མཇུག་རྫོགས་ཆེན་བར་སྦྱངས་འབྲས་མི་དམན་པ་ཐོབ། 《ཞང་བོད་རིག་སྒོ》དང༌། 《རྟགས་གསལ་གླིང》སོགས་དུས་དེབ་ཁག་ཏུ་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་མྱོང་བ་མ་ཟད་ད་ལྟ《སྣང་གསལ་མེ་ལོང》རྩོམ་སྒྲིག་པའི་འགན་བཞེས་བཞིན་ཡོད། སྤྱི་ལོ༼༢༠༡༠༽ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རིག་གནས་ཡིག་རྒྱུགས་ཨང་དང་པོ་ཐོབ། གཞུང་རྒྱུགས་སྟན་ཐོག་གཅིག་ནས་ལེན་ཐེངས་གཅིག་གིས། ཀུན་མཁྱེན་ཉི་མའི་སྡུད་གྲྭ་ཆ་ཚང༌། དཔོན་སློབ་ཡོན་ཏན་རྒྱ་མཚོའི་མཛད་པའི་རྟགས་རིགས་ཀྱི་འབྲེལ་བ། རྗེའི་ཚད་མའི་རང་འགྲེལ་སོགས་བློ་རྒྱུགས་སུ་སྤྲད་དེ་ཕུལ་བྱུང་བྱ་དགའ་གང་མང་ཐོབ་སྟེ་གཟུར་གནས་དགེ་རྒན་རྣམས་དང༌། སྐལ་བཟང་རྣམ་དཔྱོད་ཅན་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ཏེ་བསྔགས་བརྗོད་མི་དམན་པ་ཐོབ་མྱོང༌། ཞོར་དུ་སློབ་ཁྲིད་བར་གསེང་སྐབས་ལ་སློབ་བུ་མང་པོར་སྡུད་རྟགས་ཚད་གསུམ། གབ་མཛོད་ས་གསུམ་སོགས་ཟུར་ཁྲིད་གནངས་ཏེ་སྐལ་བསྡན་སློབ་མ་རྣམས་ཀྱི་ཡིད་གསོས་བདུད་རྩི་ལྟ་བུར་གྱུར།
      ཅེས་རྩོམ་པ་པོའི་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པའི་སྨོན་འདུན་དང་བཅས་སྣང་དགོན་དཔོན་སློབ་ཡོངས་ཀྱི་ཐ་ཤལ་བ་དགེ་བཤེས་བསྟན་འཛིན་སྨོན་ལམ་ནས་མགོ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པའི་ཉིན་བྲིས་པ་དགེའོ། ། མུ་ཙུག་སྨར་རོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག