ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཁྲོམ་ཟླ་ཟེར་གྱི་རྩོམ་དེབ༼ཐོག་མའི་གོམ་སྟབས།༽འགྲེམ་སྤེལ་བྱས་པ།
ཁྲོམ་ཟླ་ཟེར་གྱི་རྩོམ་དེབ༼ཐོག་མའི་གོམ་སྟབས།༽འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-02-27] [ཀློག་གྲངས། ]


ཁྲོམ་ཟླ་ཟེར་གྱི་ལག་དེབ་དང་བོ་༼ཐོག་མའི་གོམ་སྟབས།༽པར་དུ་བསྐྲུན་པ།

རྩོམ་པ་པོའི་ངོ་སྤྲོད་གནད་བསྡུས།

གླེང་གཞི་དང་འབྲེལ་བའི་སྔོན་གཏམ།

   མེད་དུ་མི་རུང་བའི་གླིང་ཀ་ཞིག་དང་། ལེགས་ཚོགས་ཀྱི་ཐེམ་སྐས་ཡོན་ཏན་འབྱུང་བའི་ཕུགས་བསམ། ལོ་རྒྱུས་སྐྲུན་པའི་རྡོ་རིང་། བྱས་རྗེས་འཇོག་པའི་སྟེགས་བུ་སོགས་མདོར་ན་བཅུ་ཕྲག་རིག་པའི་གནས་ལ་མོས་འདུན་ལྡན་པའི་སྐྱེས་བུ་གང་མང་མང་ཞིག་གིས་རང་རང་གི་འཇོན་ཐང་དང་རང་ནུས་གང་ལྕོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་བདེ་ཕྱུག་པའི་སྲི་ཞུ་ཞིག་སྒྲུབ་པ་ནི་ཀུན་གྱི་མཐོང་ལམ་དུ་གྱུར་མོད། ད་ལམ་འདིར་ངའི་གྲོགས་དམ་པ་ཁྲོམ་ཚུལ་ཁྲིམས་འབྱུང་གནས་སམ་ཁྲོམ་ཟླ་ཟེར་ལགས་ཀྱིས་ཁོང་གི་རིག་རྩལ་འོ་མའི་རྒྱ་མཚོ་ལས་ཐོན་པའི་སྙིང་བཅུད་མངར་མོ་ཞིག་སྟེ༼ཐོག་མའི་གོམ་སྟབས།༽ཞེས་པའི་སྒེར་དེབ་ཞིག་གཉེར་བ་ནི་ཁོང་ལྟ་བུ་ལ་མཚོན་ན་རང་ཆེ་གཞན་དམན་མཚོན་པའི་སྟེགས་བུ་མིན་ལ་ང་རྒྱལ་སོགས་དུག་ལྔས་བསླད་པའི་ཚོམ་བུ་ཞིག་ཀྱང་ག་ལ་ཡིན་སྲིད།

དེའི་ཕྱིར་ཁོང་གིས།
ལུང་རིག་ཚ་ཟེར་དབུས་ནས་ཞལ་དཀྱིལ་འཛུམ། །
འཆད་རྩོད་རྩོམ་གསུམ་བོན་གྱི་འཁོར་ལོ་བསྐོར། །
ཤེས་འདོད་སློབ་མའི་རེ་བ་སྐོང་མཛད་མཆོག །
ང་ཡི་དགེ་རྒན་དམ་པ་སྤྱི་བོར་མཆོད། །

   ཞེས་པས་དང་བོ་རང་གི་འདི་ཕྱི་གཉིས་ཀྱི་ལམ་སྟོན་ཆེན་མོའམ་ཕན་བདེ་མཛོད་ལ་སྨྲ་དབང་ཕྱུག་པའི་དགེ་རྒན་ཉིད་ལ་སྒོ་གསུམ་གུས་པ་ཆེན་པོས་དགྱེས་ཕྱག་ཕུལ་ནས་བརྗོད་པ་ནི་ཁོང་གི་རང་གཤིས་ལ་ཡུལ་དཀོན་མཆོག་གསུམ་མམ་རང་ལ་བཀའ་དྲིན་འཛད་མེད་དུ་གནང་མཁན་རྣམས་ལ་གུས་བཀུར་དང་དད་འདུན་ལྡན་པའི་རྟགས་སུ་ཐོན་པ་མ་ཟད་ད་དུང་ཡང་།

ཡུལ་ཤེས་རིག་ནོར་བུའི་གླིང་ག་ནས། །
རུས་གཙང་མ་ལྷ་ནས་ཆད་པའི་རིགས། །
གངས་ན་གཞོན་བུ་དང་བུ་མོ་ཚོས། །
རང་རིགས་ཀྱི་སྐད་ཡིག་མ་བརྗེད་ཨང་། །

   ཞེས་པས་ཀྱང་རང་མི་རིགས་ཏེ་ཤ་རུས་གདུང་རྒྱུད་གཅིག་གིས་འབྲེལ་ཞིང་ཁྲག་རྒྱུན་གྱི་ཆུ་བོ་འབབ་ཁུངས་གཅིག་ཏུ་གྲུབ་པའི་བོད་མི་ཚོར་སྐད་ཡིག་ནི་རང་མི་རིགས་ལ་མཚོན་ན་སྲོག་དབུགས་རྒྱུ་སའི་རྩ་ལྟ་བུ་དང་རྒྱལ་ཁམས་མཐོང་བའི་སྤྱན་མིག་ལྟ་བུ་ཡིན་པས་ཀུན་གྱིས་མཐོང་ཆེན་དུ་བརྩི་དགོས་པའི་བསྐུལ་འདེད་གཏང་བ་མ་ཚད་ཁོང་ལ་རང་མི་རིགས་ཀྱི་སྐད་ཡིག་ལ་དུང་ཞེན་དང་བརྩེ་སེམས་ལེན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པར་མཚོན་པ་རེད།

ཡང་ཁོང་གིས།
སྙན་ངག་སྨྲ་བའི་ལྕེ་རྩ་ཐུང་ན་ཡང་། །
ཡ་ཆུང་ཙི་ཏ་དམར་པོའི་དབུས་དཀྱིལ་ནས། །
གང་དྲན་སེམས་ཀྱི་རི་མོ་འབྲི་བ་ལ། །
དཔྱོད་ལྡན་མཁས་རྣམས་ཁྲེལ་དགོད་མ་མཛད་ཞུ། །

   ཞེས་པ་འདིས་ཀྱང་ཁོང་ནི་ཧམ་སེམས་དང་ཡིན་ཚོད་སོགས་བསྒྲུབ་མཁན་ཞིག་མ་ཡིན་པར་ཉམས་ཆུང་ཆུང་གིས་འཚོ་གཞིས་གནང་བཞིན་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པར་བསྟན་ཡོད། དེར་བསྟུན་ཁོང་གིས་སྙིང་དབུས་ནས་གངས་རིའི་སྤུན་ཟླ་སྤྱི་དང་། ཁྱད་པར་དུ་རང་ལ་བརྩེ་བའི་དྲིན་ཆེན་གྱི་སློབ་དཔོན་རྣམ་གཉིས་གཙོ་བྱས་གྲོགས་མཆོག་དག་ལ་ལེགས་སྐྱེས་སུ་ཕུལ་བ་འདི་ལ་རིག་པའི་གནས་ལ་ཕུལ་དུ་ཕྱིན་པའི་དཔྱོད་ལྡན་རྣམས་ཀྱི་ཧམ་ཁྲེལ་གྱིས་མ་བསླད་པར་བཀའ་གནང་གི་ལེགས་ཚོགས་ཞུ་བར་མཚོན་ཡོད་པ་རེད། དེས་ན་འཇུག་མཐར་བདག་གིས་ཀྱང་ཁོང་གི་བྱ་བཞག་ཐམས་ཅད་བཅོ་ལྔའི་ཟླ་བའི་དཔལ་ལ་འཁུ་ཞིང་རང་རིགས་སྤུན་ཟླ་ཡོངས་ལ་བྱམས་བརྩེས་མཚོན་པའི་སྨྱུག་གུ་ཡང་དུས་རྟག་ཏུ་འགྱུར་མེད་ཐེར་ཟུག་གི་རང་བཞིན་ཅན་དུ་འགྱུར་བའི་སྨོན་འདུན་ཞུ་ཞུ། །

ཅེས་གྲོགས་ཀྱིས་བསྐུལ་ཚིག་གནང་བར་བསྟེན་ནས་སྟོང་སྐོར་གཡུང་དྲུང་བསྟན་པའམ་ཁྲི་སྟོང་ཉི་གཞོན་པས་བྲིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག