ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཀ་ཤུལ་བསོད་རིན་གྱི«སྲིད་པའི་རབས་བཤད»པར་བསྐྲུན།
ཀ་ཤུལ་བསོད་རིན་གྱི«སྲིད་པའི་རབས་བཤད»པར་བསྐྲུན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-06-30] [ཀློག་གྲངས། ]


«སྲིད་པའི་རབས་བཤད»ཀྱི་སྔོན་དུ་གླེང་བའི་གཏམ།

      དེང་རབས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་ཀ་ཤུལ་བསོད་རིན་ལགས་ཀྱིས་བརྩམས་གནང་མཛད་པའི«སྲིད་པའི་རབས་བཤད»ཅེས་པའི་དཔེ་དེབ་འདི་ནི། རྩོམ་པ་པོས་ལོ་མང་རིང་བོན་གྱི་ཆོས་དང་ཤེས་རིག་ལ་སྦྱོང་བརྡར་དང་དཔྱད་ཞིབ་གང་ལེགས་གནང་རྗེས་བྲིས་པར་ངེས་པས། གཟིགས་ན་གཟིགས་རིན་ཡོད་པ་དང་བཀླགས་ན་ཀློག་རིན་ཡོད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་རེད་ཅེས་གླེང་བར་སྤོབས་པ་ཡིན། མ་ཟད་རྩོམ་ཡིག་འདི་དག་ཁོ་བོའི་ལག་ཏུ་འབྱོར་འཕྲལ་ངོས་ནས་ཀྱང་དུས་ཚོད་ཀྱི་ཁོམ་ལོང་གི་བར་གསེང་ཡོད་ཚད་བེད་སྤྱད་ནས་བརྩམས་ཆོས་འདི་དག་གི་མགོ་མཇུག་བར་གསུམ་ཀུན་ལ་ཞིབ་ཕྲའི་བལྟ་ཀློག་དང་འབྲེལ། བརྩམས་ཆོས་འདི་དག་ལ་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ནང་དོན་དང་ཁྱད་ཆོས་ཤིག་ཡོད་པར་མཐོང་བྱུང་བ་དེ་རེད། གང་ལགས་ཤེ་ན་རྩོམ་པ་པོས་སྐབས་བབ་ཀྱི་བརྗོད་གཞི་རེ་རེའི་ནང་དོན་རྣམས་བན་བོན་གྲུབ་མཐའ་ཁག་གི་གཞུང་ལུགས་དག་ལ་ནན་ཏན་གྱིས་དཔྱད་བསྡུར་དང་རྟོགས་ཞིབ་བྱེད་པའི་ཐབས་ལམ་སྤྱད་དེ་རྩོམ་ཡིག་གང་ལ་ཡང་སྒེར་ཚུགས་ཀྱི་ལྟ་བ་ཟབ་མོ་རེ་བཞག་ནས་ཡོད་པ་ཡིན། དེར་བརྟེན་ཁོང་གིས་བྲིས་པའི་རྩོམ་ཡིག་འདི་དག་དེང་གི་ཆར་ཤེས་རིག་ལ་སྦྱངས་པ་གནད་དུ་མ་སོང་བའི་ཤེས་མེད་སྨྱུག་འཛིན་པ་ཚོས་བྲིས་པའི་ཁ་སྣ་གང་ཡིན་ངོ་མི་ཆོད་པ་ལྟ་བུའི་བརྩམས་ཆོས་དག་དང་ཡེ་ནས་མི་འདྲ་བ་ཞིག་ཏུ་ཁོ་བོས་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཞིག་ནི་ཁོང་གི་བརྩམས་ཆོས་འདི་ཉིད་ཁོག་གཞི་མི་འདྲ་བའི་རྩོམ་ཡིག་བཅུ་ལྷག་གིས་གྲུབ་ནས་ཡོད་པར་བརྟེན་རྩོམ་དེབ་འདི་ཉིད་ཁོང་གི་ཕྱོགས་བསྡུས་ཀྱི་རྩོམ་དེབ་ཅིག་ཏུ་བརྗོད་ཆོག་སྙམ་མོད། སྤྱིར་ཡང་ཁོང་གིས་བྲིས་པའི་རྩོམ་ཡིག་རེ་རེ་ལ་ཡང་སྐབས་དོན་གྱི་བརྗོད་བྱ་རྒྱ་ཆེ་ཞིང་ནང་དོན་གནད་ལ་ཕིགས་པ་བཅས་བྱུང་ཡོད་ཁར། རྩོམ་ཡིག་འདི་དག་གི་གནད་གང་ཞིག་གླེང་བ་ལ་ཡང་དོགས་སློང་དང་དགག་བཞག ཕྱོགས་བསྡོམས་དང་དཔྱད་ཞིབ་བཅས་གནང་སྟེ་གཏན་འབེབས་ནན་ཏུར་བྱས་ཡོད་པས། ཁོང་གི་བརྩམས་ཆོས་འདི་དག་གིས་བོད་དང་བོན་གྱི་རིག་གཞུང་གི་ཁྱབ་ཁོངས་སམ་ཕྱོགས་གཞན་ཞིག་ནས་གླེང་ན་དེ་ཉིད་སྨྲ་བའི་ཤེས་ལྡན་པ་དག་ལ་ཡང་འདི་ཕྱོགས་ཀྱི་ལྟ་བ་གསར་བ་དང་སྒམ་བརླིང་གི་བསམ་བློ་དྲང་མོ་རེ་བསྐྱེད་ཐུབ་རྒྱུ་ཡིན་པ་གོར་མ་ཆགས། དེ་འདྲ་སོང་ཙང་གཤམ་དུ་ཁོ་བོས་ཁོང་གི་བརྩམས་ཆོས་རེ་རེའི་ནང་དོན་དང་ཁྱད་ཆོས། ཕན་ནུས་དང་དགེ་མཚན། དེ་བཞིན་འབྲི་ཐབས་ཇི་ལྟ་བུ་ཞིག་སྤྱད་ནས་འགྲེལ་བཤད་གནང་ཡོད་མེད་སོགས་ཀྱི་སྐོར་རྣམས་རགས་རིམ་ཙམ་ངོ་སྤྲོད་བྱ་འདོད་པ་ལགས། དེ་ཡང་བརྩམས་ཆོས་འདིའི་ནང་གི«བོན་གྱི་སྒོང་སྐྱེས་རིག་པའི་ལྟ་བ»ཞེས་པ་འདི་ནི་བོན་ལུགས་སུ་གྲགས་པའི་འཇིག་རྟེན་གྲོལ་ཚུལ་འཇོག་བྱེད་ཀྱི་ལྟ་བ་དམིགས་བསལ་བ་ཞིག་རེད། རྒྱུན་ཆགས་སུ་བོན་གྱི་ཆོ་གའི་རབས་སྣ་ཚོགས་དང་གཞུང་ལུགས་རྣམས་སུ་སྲིད་པ་ཀློང་གི་སྒོ་ང་ཞེས་འབྱུང་གི་ཡོད་ཅིང་། སྒོ་ང་ཟེར་བའི་ཐ་སྙད་ལ་བརྟེན་ནས་བན་ལུགས་འཛིན་མཁན་དག་གིས་ཕྱྭ་དང་དབང་ཕྱུག་གི་ལྟ་བ་རུ་སྒྲུབ་སྲོལ་བྱུང་ཡོད། ཡིན་ན་ཡང་བན་ལུགས་འཛིན་མཁན་ཚོས་དེའི་སྐོར་བཀོད་པའི་བོན་གྱི་དཔེ་གཞུང་ཁག་ལ་གཟིགས་རྟོགས་བྱེད་མ་ཐུབ་པ་དང་། ཡང་ན་གནད་དོན་དེའི་ཐད་ལ་གོ་བ་ཟབ་མོ་ཞིག་ལོན་མ་ཐུབ་པའི་རྐྱེན་གྱིས་འདོད་ཚུལ་དེ་བྱུང་བ་ཞིག་མིན་ནམ་སྙམ། དབང་ཕྱུག་པའམ་རྒྱ་གར་པའི་ཆོས་ལུགས་སུ་དབང་ཕྱུག་བྱ་བ་དེ་འཇིག་རྟེན་གྱི་བྱེད་པོར་འདོད་པར་བཤད་མོད། ཤོད་སྲོལ་དེ་ལ་ཡང་རྒྱུ་མཚན་དང་གནས་ལུགས་མེད་པ་ནི་ཅི་ནས་ཀྱང་མི་སྲིད་པ་ཞིག་རེད། ཅི་བས་ན་བོད་ཀྱི་མཁས་པས་བརྩམས་པའི་ཆོས་གཞུང་རྣམས་སུ་གྲུབ་མཐའ་དེ་དག་གིས་འདོད་པའི་དབང་ཕྱུག་བྱ་བ་ནི་མི་སྐྱེ་མི་འགག་ནམ་མཁའི་ངང་ཚུལ་བཞིན་ཡོ་ལ་ཁྱབ་ཅིང་རྟག་བརྟན་ཐེར་ཟུག་ཅིག་ཏུ་བཤད་ཡོད་པར་གྲགས།
      གཞན་ཡང་འབྱུང་ལྔ་སྨྲ་བའི་ལུགས་སུ་སྣོད་བཅུད་ཀུན་ཀྱི་རྟེན་གཞི་འམ་གྲོལ་སའི་ཁུངས་དེ་ནམ་མཁའ་ལ་བཤད་ཀྱི་ཡོད་པར་བརྟེན་དཔེ་གཞི་དཔེ་འཇོག་གི་སྒོ་ནས་བཤད་ན་རྒྱ་གར་གྱི་གདོད་མའི་གྲུབ་མཐའ་དག་གིས་འདོད་པའི་དབང་ཕྱུག་ཀྱང་ནམ་མཁའི་རང་བཞིན་ལྟར་ཀུན་ལ་ཁྱབ་པའི་གནད་དུ་གོ་ཡང་སྲིད་ཆོག་པ་ཞིག་རེད། བོན་ལུགས་ཀྱི་དཔེ་རྙིང་རྣམས་སུ་དབང་ཕྱུག་ལས་སྲིད་པ་གྲོལ་ཅིང་དེ་ཡི་བཀོད་པ་བརྟེན་ནས་འཇིག་རྟེན་ཆགས་ཚུལ་སྐོར་བྲིས་པ་མཐོང་དུ་མེད། འོན་ཀྱང་བོན་གྱི་དཔེ་གཞུང་ཚད་ལྡན་རྣམས་སུ་ཕྱྭ་ཡི་སྐོར་མང་དུ་འབྱུང་བ་མ་ཟད་ཕྱྭ་རྗེ་ཡོ་ལ་ཁྱབ་པའམ་ཤེལ་ཝེར་སྤུག་གེ་ཆེན་མོ་དང་ནམ་མཁའ་སྟོང་ལྡན་སྤྱོད་སུམ་རྗེ་ཟེར་བ། ཡང་ན་མངོན་རྫོགས་ཁྲི་ཁུག་རྒྱལ་པོ་དང་སྨོན་པའི་མི་བོ་ལུམ་ལུམ་བྱ་བ་སོགས་ལྷ་རིགས་མང་པོ་ཞིག་བཀོད་འདུག་པ་དེ་དག་ནི་བོན་ལུགས་སུ་བྱུང་བའི་སྲིད་པ་གྲོལ་ཚུལ་གྱི་ལྟ་བ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མཐོང་བ་ཡིན་ནོ། །བོན་ལུགས་ཀྱི་དཔེ་རྙིང་རྣམས་སུ་འབྱུང་ལྔའི་བཅུད་ལས་སྒོང་གཉིས་སྲིད་ཅེས་འབྱུང་བ་ལྔའི་བྱེད་པ་དང་དེ་ཡི་ནུས་རྩོལ་ལ་བརྟེན་ནས་སྲིད་པ་ཀློང་གི་སྒོ་ང་ཞེས་པ་ཞིག་བྱུང་བར་བཤད་པ་དེ་དང་། དེང་དུས་སུ་འབོད་སྲོལ་ཡོད་པའི་སའི་གོ་ལ་ཟེར་བ་གཉིས་དབར་འདྲ་མཚུངས་ཀྱི་གནད་དོན་མང་བ་མ་ཟད། དེ་ཉིད་གནས་པའི་འཕེལ་རིམ་དང་ཇི་ལྟར་གྲུབ་སྟངས་ཀྱི་གནད་དང་ཤིན་ཏུ་འབྲེལ་བའི་སྐོར་རྣམས་རྩོམ་པ་པོས་རྩོམ་ཡིག་འདིར་ལུང་རིགས་རྣོན་པོས་འགྲེལ་བཤད་གནང་ཡོད་ཐོག བོན་ཕྱོགས་ཀྱི་དཔྱད་ཡིག་ཁུངས་ལྡན་མང་དག་ཅིག་གཞིར་བཟུང་བའི་བྱ་ཐབས་སྤྱད་ནས་དེའི་སྐོར་ལ་གླེང་བརྗོད་བྱས་ཡོད་པས་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་བྱ་གནད་ལ་ཁེལ་བོ་བྱུང་ཡོད་པར་མངོན། འོན་ཀྱང་གཞི་རྩའི་ཆ་ནས་བཤད་ན་བོན་ལུགས་སུ་བྱུང་བའི་སྲིད་པ་ཀློང་གི་སྒོ་ང་ལས་འཇིག་རྟེན་གྲོལ་ཚུལ་སྐོར་དང་དེ་འབྲེལ་གྱི་འགག་གནད་གླེང་མཁན་དེ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པའི་ཁྲོད་ན་མང་པོ་བྱུང་ཡོད་ཅིང་། དེ་དག་གིས་རང་རང་གི་ལྟ་ཚུལ་དང་དཔྱོད་པ་ལ་བརྟེན་ནས་འགྲེལ་བཤད་ཀྱང་གང་འཚམས་རེ་གནང་ཡོད་པ་རེད། ཡིན་ན་ཡང་ད་ཕན་བར་བོན་གྱི་གྲྭ་བཙུན་པའི་ཁྲོད་ན་གནད་འདི་དང་འབྲེལ་བའི་རྩོམ་ཡིག་སྤེལ་མཁན་ཧ་ལམ་བྱུང་མེད་པས། ལྟོས་གྲུབ་ཀྱི་སྒོ་ནས་བཤད་ན་རྩོམ་ཡིག་འདི་ནི་བོན་གྱི་གྲྭ་བཙུན་པས་བྲིས་པའི་རྩོམ་ཡིག་ཐོག་མ་དེ་ཡིན་པར་གླེང་ཡང་ཐལ་མི་ཆེ་བ་ཞིག་ཏུ་བསམས་ནས་ཡོད། བོན་ཞེས་པའི་འགྲེལ་ཚུལ་སྐོར་ལ་ཡང་རྒྱལ་ཁབ་ཕྱི་ནང་ཁག་ཏུ་གནས་པའི་བོད་ཀྱི་རིག་པ་སྨྲ་བ་ཚོས་རང་རང་གིས་གོ་བ་ལོན་ཐབས་དང་དཔྱད་ཡིག་མི་འདྲ་བ་ཁག་ལ་རྟོགས་ཞིབ་གནང་བ་བརྒྱུད། བོན་བྱ་བ་དེ་སྙན་དུ་བོན་པས་བོན་ཟེར་བ་དང་སྔགས་བཟླ་བའི་དོན་ལ་གོ་བར་བཤད་པ་དང་། འདོན་ཆོག་གི་དབྱངས་སམ་དེ་ཉིད་སྨྲང་དུ་གྱེར་བ་སོགས་ལ་བོན་དུ་འབོད་ཚུལ་བཞེད་མཁན་བྱུང་ཡོད། ཡིན་ན་ཡང་དུས་རིམ་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བར་བརྒྱུད་དེ་བོན་གྱི་གོ་དོན་དང་དེའི་འགག་གནད་ལའང་འགྱུར་ལྡོག་ཕྱིན་ཡོད་པ་ནི་ཅིས་ཀྱང་སྲིད་ཆོག་པ་ཞིག་རེད། རྒྱུ་མཚན་ནི་ཕྱིས་ཀྱི་བོན་ལུགས་འཛིན་མཁན་རྣམས་ནས་བོན་ཀྱི་གོ་དོན་ལ་ཤེས་བྱ་དང་ཆོས་སོགས་སུ་གོ་བ་ལེན་སྲོལ་བྱུང་ཡོད་ཅིང་། སྟབས་བདེའི་སྒོ་ནས་བཤད་ན་འདུས་བྱས་ཀྱི་བོན་དང་འདུས་མ་བྱས་ཀྱི་བོན་གཉིས་སུ་དབྱེ་དགར་ཕྱེས་འདུག་པ་སོགས་མདོར་ན་རྟག་མི་རྟག་གང་ཡང་རུང་གི་ཐམས་ཅད་བོན་ཡིན་ལ་བོན་གྱི་ངང་ཚུལ་དུའང་གཅིག་པར་བཞེད་པའི་འགྲེལ་བཤད་གནང་ཡོད་པ་དེས་ཀྱང་གནད་དེ་རྟོགས་ནུས་པ་ཞིག་རེད། འདིར་རྩོམ་པ་པོས་བོན་གྱི་གོ་དོན་དང་དེ་ཡི་གནད་འགག་རྣམས«བོན་ཞེས་པ་འདིས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གོ་གནས་ཇི་ལྟ་བུ་ཞིག་ཟིན་ཡོད་མེད་སྐོར་གྱི་དཔྱད་གླེང»ཞེས་པའི་རྩོམ་ཡིག་ནང་ཞིབ་འགྲེལ་གནང་ཡོད་ལ། བོན་བྱ་བས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གོ་གནས་ཅི་འདྲ་ཞིག་ཟིན་ཡོད་མེད་དང་། དེས་བོད་ཀྱི་ཆོས་ལུགས་རིག་གནས་ཐོག་གལ་འགངས་ཆེ་བའི་གནད་གང་དག་བཟུང་ཡོད་པ་སོགས་ལ་གཞིགས་ཏེ་དཔྱད་བརྗོད་བྱས་འདུག སྤྱིར་གནད་དོན་འདིའི་ཐད་བོད་ཀྱི་རིག་པ་སྨྲ་བ་ཚོར་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་མཆིས་ན་ཡང་དོན་དངོས་སུ་གཤེན་རབ་མི་བོ་ཆེ་མ་བྱོན་པའི་ཡར་སྔོན་ནས་བོན་ཞེས་པའི་ཐ་སྙད་འདི་བོད་ཀྱི་ས་སྐོར་ཀུན་ལ་ཁྱབ་ནས་ཡོད་པ་མ་ཟད། དུས་རིམ་དེར་བོད་ཀྱི་སྤྱི་ཚོགས་སུ་དར་རྒྱས་ཆེན་པོ་སོང་བའི་ཡ་ཐོག་སྲིད་པའི་བོན་སྤྱོད་མཁན་གྱི་བོན་པོ་ཡང་ཤིན་ཏུ་མང་པོ་བྱུང་ཚུལ་ངོ་སྤྲོད་དང་སྦྲགས། བོན་ཞེས་པའི་ཐ་སྙད་གྱི་གནད་དོན་སྐོར་ལ་འགྲེལ་བརྗོད་གང་ཟབ་གནང་འདུག་པས། གནའ་བོའི་བོན་དང་བོན་གྱི་ཤེས་རིག་སྐོར་ལ་ཤེས་འདོད་གནང་མཁན་ཚོར་ཕན་ནུས་ངེས་ཅན་ཞིག་ལྡན་པར་མཐོང་། དེ་བཞིན«ཕྱྭ་རྗེ་ཡབ་བླ་བདལ་དྲུག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐོག་གོ་གནས་ཇི་ལྟ་བུ་ཞིག་བཟུང་ཡོད་པའི་ཐོག་མའི་དཔྱད་གླེང»ཞེས་པའི་རྩོམ་ཡིག་ནང་། བན་བོན་གྱི་དཔྱད་གཞིའི་ཡིག་ཆ་ཁག་ཏུ་ཡབ་བླ་བདལ་དྲུག་དང་། ཡབ་ལྷ་བདག་དྲུག་ཅེས་འབྲི་སྟངས་མི་འདྲ་བ་ཆེ་ཁག་གཉིས་ཙམ་བྱུང་བའི་སྐོར་དང་། ཡབ་བླ་བདལ་དྲུག་བྱ་བ་ནི་གནའ་རབས་བོད་ཀྱི་བཙན་པོའི་རྒྱུད་ཁུངས་གཙང་མ་གཏུགས་ས་དང་། བཙན་པོའི་རྒྱལ་སྲིད་མ་ཚུགས་གོང་གི་བོད་པའི་ཆོས་སྲིད་གཉིས་ཀྱི་མ་རྐང་ལྟ་བུ་གྱུར་པ་ཞིག་ཀྱང་ཡིན་པས། འདི་ཡིས་བོད་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་གནས་བབ་ཟིན་ཡོད་ཚུལ་ལ་དཔྱད་བརྗོད་གནང་འདུག འདི་དང་མཚུངས་པར་གནད་འདིའི་སྐོར་ལ་ཉེ་བའི་ལོ་འགའི་སྔོན་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཁག་ཅིག་གིས་དཔྱད་བརྗོད་གནང་བ་མཐོང་རྒྱུ་ཡོད་ལ། དེ་དག་གིས་དཔྱད་གཞིའི་ཁུངས་སྐྱེལ་ས་ནི་གཙོ་བོ་ཏུན་ཧོང་བོད་ཀྱི་ཡིག་རྙིང་མི་འདྲ་བ་དག་དང་བཙན་པོའི་སྐུ་དུས་སུ་བཞེངས་པའི་བཀའ་གཙིགས་སྣ་ཚོགས། དེ་བཞིན་རྐོང་པོ་གཡུང་དྲུང་འཛིན་གྱི་བྲག་བརྐོས་ཐོག་བཀོད་པའི་ནང་དོན་སོགས་དུས་རིམ་དེ་དག་ཏུ་བཞེངས་པའི་རྡོ་རིང་ཁག་རྣམས་གཞིར་བཟུང་གིས་དཔྱད་བརྗོད་གནང་བ་ཞིག་རེད། ཡིན་ན་ཡང་དེ་དག་གིས་དཔྱད་གཞིར་བཀོལ་བའི་ཡིག་ཆ་ཁག་ལ་བལྟས་ཚེ་ཅུང་ཟད་མི་འདངས་པའི་ཆ་ཞིག་བྱུང་ཡོད་སྙམ། གང་ཡིན་ཞེ་ན་བོན་ལུགས་ཀྱི་དཔེ་གཞུང་ཁག་ཏུ་བཀོད་པའི་བཤད་ཚུལ་རྣམས་དཔྱད་གཞིར་དྲངས་ཐུབ་མེད་པ་དེ་ནི་རྩོམ་ཡིག་དེ་དག་གི་ཞན་ཆ་ཞིག་ཏུ་མངོན་འདུག་པ་ཡིན།
      དེ་ཡང«སྒམ་ལྷ་བོན་ལྷ་སྲས་སྐོར་གྱི་ཐོག་མའི་དཔྱད་གླེང»བྱ་བའི་ནང་གི་བརྗོད་དོན་གཙོ་བོ་ནི། བོན་གྱི་དཔེ་གཞུང་རྙིང་གྲས་རྣམས་སུ་མཇལ་དུ་ཡོད་པའི་སྒམ་ལྷ་བོན་ལྷ་སྲས་ཞུ་བའི་སྐོར་ལ་དཔྱད་བརྗོད་བྱས་པའི་ནང་དོན་ཞིག་རེད། སྒམ་ལྷ་བོན་བྱ་བ་ནི་སྐབས་འགར་སྒམ་ལྷ་བོ་ལྷ་སྲས་ཞེས་སུ་བྲིས་པའང་འབྱུང་། སྒམ་ལྷ་བོན་ལྷ་སྲས་ཀྱི་སྐོར་དང་བོན་གཞུང་རྙིང་གྲས་རྣམས་སུ་བཤད་སྲོལ་ཡོད་པའི་སྲིད་པའི་ལྷ་རབས་ཟེར་བ་དང་། ཕྱྭ་དམུ་གཙུག་གསུམ་སོགས་ཀྱི་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་པའི་སྐོར་གླེང་བརྗོད་བྱས་ཏེ། སྒམ་ལྷ་བོན་ལྷ་སྲས་བྱ་བས་བོན་གྱི་ཆོས་ལུགས་ལོ་རྒྱུས་ཁྲོད་གནས་བབ་མཐོན་པོར་ཟིན་ཡོད་ལ། དེ་ཉིད་བོན་གྱི་ཁུངས་ལྡན་ལོ་རྒྱུས་རྣམས་སུ་མེད་དུ་མི་རུང་བའི་མི་སྣ་ཞིག་ཡིན་ཚུལ་ཞིབ་འབྲི་བྱས་ཡོད་པས། དཔྱད་བརྗོད་དང་གཞིབ་བསྡུར་གྱི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་འདིས་བོན་གྱི་ཤེས་རིག་ལ་བློ་སྣ་གསར་བ་བསྐྱེད་པའི་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད། འདིར་ཁོང་གིས«ཡ་ཐོག་སྲིད་པའི་བོན་ལས་འཕྲོས་ཏེ་བོན་སྲིད་པ་རྒྱུད་ཀྱི་སྐོར་གླེང་བ»ཞེས་པའི་རྩོམ་ཡིག་ནང་ཡ་ཐོག་སྲིད་པའི་བོན་གྱི་སྐོར་ལས་འཕྲོས་ཏེ། སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་གནང་བར་གྲགས་པའི་གཡུང་དྲུང་གི་བོན་གྱིས་ཡ་ཐོག་སྲིད་པའི་བོན་ལ་གསོས་བཏབ་ཚུལ་དང་། སྟོན་པ་གཤེན་རབ་མི་བོས་སྲོལ་བཏོད་གནང་པའི་བསྟན་པ་འདིས་ཡ་ཐོག་སྲིད་པའི་བོན་གྱི་ངོ་བོ་གང་འདྲ་ཞིག་ལ་བསྒྱུར་ཡོད་ཚུལ་སོགས་རྩ་གནད་དུ་བཟུང་ནས་བོན་གྱི་ཆོས་གཞུང་ཁྲོད་གསལ་བའི་སྲིད་པ་རྒྱུད་ཀྱི་བོན་བྱ་བའི་སྐོར་ལ་དཔྱད་ཞིབ་ཟབ་མོ་གནང་འདུག གཞན་ཡང«བོན་གྱི་འཕེལ་རིམ་གསུམ་གྱི་རིག་གནས་གླེང་བ»ཞེས་པའི་རྩོམ་ཡིག་ནི་གཏོ་ཡི་རིག་གནས་དང་། སྒོམ་པའི་རིག་གནས། རྩོད་པའི་རིག་གནས་དང་གསུམ་དུ་དབྱེ་དགར་ཕྱེས་ཡོད་ཅིང་། དེ་གསུམ་འཕེལ་རྒྱས་ཕྱིན་ཚད་ནི་དུས་རིམ་གསུམ་དུ་ངེས་པའི་སྐོར་མི་རབས་གསུམ་གྱི་སྟེང་ནས་དབྱེ་དགར་བྱས་ཏེ་ངོས་འཛིན་གནང་ཡོད། རྩོམ་པ་པོས་བཞེད་ཚུལ་ལྟར་ན་མི་རབས་དང་པོ་བདུད་བོན་ཁ་སྟ་འགྲེང་ཡུག་དང་འབྲེལ་བའི་མི་རབས་གཅིག་དང་། གཤེན་རབ་མི་བོ་དང་འབྲེལ་བའི་མི་རབས་གཅིག གཤེན་ཆེན་ཀླུ་དགའ་དང་འབྲེལ་བའི་མི་རབས་གཅིག་བཅས་མི་རབས་མི་འདྲ་བ་གསུམ་གྱི་སྒོ་ནས་བོན་གྱི་རིག་གནས་འཕེལ་རྒྱས་བྱུང་ཚུལ་གླེང་ཡོད་པ་སྟེ། བཞེད་ཚུལ་འདི་ཉིད་བོན་གྱི་ཆོས་ལུགས་རིག་པའི་སྟེང་ནས་བལྟས་ན་བོན་གྱི་རིག་གནས་རིག་པའི་འཕེལ་རིམ་འཇོག་ཚུལ་གསར་པ་ཞིག་ཏུ་བཏོན་པ་ཡིན་པས་རིན་ཐང་ཆེ་ཙམ་ལྡན་ཡོད། ནམ་རྒྱུན་རང་རེ་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་རྣམས་སུ་སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་དུ་བྱོན་ཅིང་དམ་ཆོས་སྤེལ་བའི་ལས་དོན་རྒྱ་ཆེར་མཛད་དེ་རྫོགས་ཆེན་གྱིས་གཙོས་པའི་གསང་བ་སྔགས་ཀྱི་ཆོས་གཞུང་དང་དེ་ཡི་ལྟ་བ་སྤེལ་བའི་སྐོར་བཤད་ཡོད། ཡིན་ན་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གནས་ཚུལ་འདི་ལ་ཤོད་རྒྱུན་མི་འདྲ་བ་དང་ལྟ་ཚུལ་མི་འདྲ་བ་བྱུང་བའི་དབང་གིས་བོད་ཀྱི་ལོ་རྒྱུས་སྨྲ་མཁན་ཚོའི་ཁྲོད་ན་དོགས་གཞི་ཡོད་པ་དང་རྩོད་གནས་ཅན་དུ་ལྷག་ཡོད། རྒྱུ་མཚན་ཡང«དབའ་བཞེད»སོགས་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་རྙིང་ཁ་ཅིག་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨར་མི་ཚེ་གཅིག་ལ་སངས་རྒྱས་ཐུབ་པའི་ཆོས། བྱ་སླ་བ་རྫོགས་པ་ཆེན་པོ་ཟེར་བ་ཞིག་ཡོད་སྐད་འདུག་པས་དེ་ཉིད་ཞུ་འདོད་ཀྱི་ནན་སྐུལ་བྱས་པའི་སྐོར་བྲིས་ཡོད་པ་དང་། སློབ་དཔོན་པདྨས་ཀྱང་ཁྲི་སྲོང་ལྡེ་བཙན་ལ་རྫོགས་པ་ཆེན་པོ་ཞུ་བར་འདོད་ན་རྒྱ་གར་དུ་ཆོས་དེ་ལེན་པར་གཏོང་དགོས་ཀྱི་བཀའ་སློབ་གནང་འོག་བཙན་པོ་ནས་ཀྱང་བཻ་རོ་ཙ་ན་རྒྱ་གར་དུ་རྫོགས་པ་ཆེན་པོའི་ཆོས་ཞུ་བར་བཏང་བའི་སྐོར་གྱི་ཤོད་སྲོལ་ཞིག་འབྱུང་གི་ཡོད། འོན་ཀྱང་སློབ་དཔོན་རང་ཉིད་ཡོད་བཞིན་དུ་བཻ་རོ་ཙ་ན་རྫོགས་པ་ཆེན་པོའི་ཆོས་ཞུ་བར་གཏོང་དགོས་དོན་མེད་པའི་གནད་སོགས་ལ་བརྟེན་ནས་རྩོམ་པ་པོས«པདྨ་འབྱུང་གནས་དང་བཻ་རོ་ཙ་ན་ཁྲི་སྲོང་ལྡེ་བཙན་གསུམ་གྱི་བར་བྱུང་བའི་འགལ་འདུ་གླེང་བ»ཟེར་བའི་མཐའ་དཔྱོད་ཅིག་བྲིས་གནང་འདུག་པ་དེའི་ནང་། རྩོམ་པ་པོས་གུ་རུ་རིན་པོ་ཆེ་དོན་དངོས་ཀྱི་རྫོགས་ཆེན་པ་ཞིག་ཡིན་མིན་གྱི་གནད་དོན་སྐོར་གླེང་བརྗོད་བྱས་ཡོད་ཅིང་། གུ་རུ་རིན་པོ་ཆེའི་སྐོར་གསལ་བའི«བཀའ་ཐང་སྡེ་ལྔ»དང«བཻ་རོའི་རྣམ་ཐར་འདྲ་འབག་ཆེན་པོ»གཉིས་ཀྱི་ནང་དུ་གུ་རུ་རིན་པོ་ཆེས་བོད་དུ་རྫོགས་ཆེན་སྤེལ་བའི་སྐོར་ལ་བཤད་སྲོལ་མི་འདྲ་བ་བྱུང་བར་བརྟེན། གུ་རུ་རིན་པོ་ཆེས་བོད་དུ་རྫོགས་ཆེན་སྤེལ་བའི་བཤད་སྲོལ་དང་ཁོང་ཉིད་རྫོགས་ཆེན་པ་ཞིག་ཡིན་མིན་སྐོར་ལ་དོགས་དཔྱོད་ཟབ་མོ་བྱས་ཡོད་པ་ལགས། གནས་ཚུལ་གཞན་ཞིག་ནི་བོད་རྒྱལ་གྲི་གུམ་བཙན་པོའི་དུས་རིམ་མམ་ཡང་ན་སྤུ་ལྡེ་གུང་རྒྱལ་གྱི་སྐུ་དུས་སུ་གནམ་བོན་གཤེན་པོ་བྱ་བའི་བོན་གྱི་ཆོས་ཤིག་དར་བར་བཤད་ཡོད། དེ་ནི་སྔ་འགྱུར་རྙིང་མ་བའི་ཆོས་གཞུང་འགར་རྫོགས་པ་ཆེན་མོའི་ཆོས་ལ་གནམ་ཆོས་སུ་འབོད་སྲོལ་བྱུང་འདུག་པས། རྫོགས་ཆེན་བྱ་བ་དེ་གོང་གི་གནམ་བོན་གཤེན་པོ་ཆེ་བྱ་བའི་ཆོས་དེ་རང་ཡིན་པའམ་ཡང་ན་དེ་དང་ངེས་ཅན་གྱི་འབྲེལ་བ་ཞིག་ཡོད་ཀྱང་སྲིད་པ་རེད། མ་གཞི་བསྡུས་རྩོམ་འདི་དག་གི་སྤྱི་ཁོག་ནས་གླེང་ཚེ་རྩོམ་ཡིག་གང་ཡིན་རུང་ནང་དོན་གསར་པ་དང་བསམ་བློ་གསར་པའི་སྒོ་ནས་དཔྱད་ཞིབ་ཟབ་རྒྱས་སུ་གནང་ཡོད་པས་དགེ་མཚན་ཆེ་ཙམ་དུ་མཐོང་མོད། ཡིན་ན་ཡང་ཁོང་གི་བསྡུས་རྩོམ་དེ་དག་གི་ཁྲོད་ནས་ལྟ་བ་དང་བསམ་བློ། བརྗོད་པ་སོགས་གང་གི་ཆ་ལ་ཡང་དམིགས་བསལ་གྱི་ཁྱད་ཆོས་ཆེས་ཆེར་ལྡན་ཡོད་པ་ནི«ཡིག་ཆ་འགའ་ལ་གཞི་བཅོལ་ཏེ་འཕགས་པ་ཀླུ་སྒྲུབ་དང་ཡུམ་འབུམ་གྱི་གྲོལ་ཕུགས་སྐོར་ནས་ཟུར་ཙམ་གླེང་བ»ཞེས་པའི་རྩོམ་ཡིག་འདི་ཉིད་ཡིན་པར་སྣང་། གང་ཡིན་ཞེ་ན་ལར་ཅུང་སྔ་བོ་ཡིན་པའི་བོན་གྱི་རིག་པ་སྨྲ་བ་འགས་འབུམ་པ་ཤེར་ཕྱིན་གྱི་སྐོར་རྣམས་འཕགས་པ་ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཡིན་མིན་ལ་དགག་བཞག་ཅུང་ཟད་རེ་གནང་མྱོང་ཡོད་ཀྱང་། དེ་ནི་ཟུར་ངོས་ཙམ་ལས་འགག་གནད་ཀྱི་རྩ་བ་སྔོགས་ཐུབ་མེད་པས་དཔྱད་བརྗོད་གནད་ལ་ཁེལ་བ་ཞིག་བྱུང་ཐུབ་མེད། རྒྱུ་མཚན་དེས་ཁོང་གི་རྩོམ་ཡིག་འདི་ཉིད་ནི་དེ་དག་དང་མི་འདྲ་བར་གནད་འགག་གི་འཇུ་ས་རེ་རེ་ཚིག་གི་འབྲུ་ལ་ཕབས་ཤིང་དོན་དངོས་ཀྱི་གནད་ལ་དབབས་ཡོད་པས་དགེ་མཚན་བླ་ན་མཐོ་བ་ཙམ་མ་ཟད། ཡ་ཐོག་བོན་གྱི་རིག་གཞུང་གི་ཁྱད་ཆོས་མངོན་པའི་དཔེ་ཚན་ཏེ«ནག་པོ་བདུད་ཀྱི་ལྡ་ཟོར་གྱི་དབུ་ཕྱོགས་བཞུགས»ཞེས་པའི་དཔེ་གཞུང་ནང་འབྱུང་བའི་ཀླུ་ཡུལ་ན་ར་གསེང་སྔོན་གྱི། བལ་བོ་སྤྲིན་གྱི་མཁར་ནང་ན་ཟེར་བ་སོགས་ཀྱི་ཚིག་དོན་ལ་དཔགས་ནས་འཕགས་པ་ཀླུ་སྒྲུབ་གྱིས་ཤེར་ཕྱིན་བཞེས་སའི་གནས་གང་དུ་ཡོད་མེད་ལ་དཔྱད་པ་མཐར་ཐུག་པ་གནང་ཡོད། དེ་བས་ཀྱང་དཔྱད་བརྗོད་འདིར་རྩོམ་པ་པོས་བན་བོན་གཉིས་ཆར་སྣང་བའི་དཔེ་གཞུང་གང་མང་ལ་དཔེ་བསྡུར་བྱས་ཏེ་བན་ཕྱོགས་སུ་སྤྱོད་པའི་ཤེར་ཕྱིན་འབུམ་པའི་ཕུགས་གཞི་གང་ཡིན་ལ་དོགས་སེལ་དང་། དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཡིན་མིན་ལ་དཔྱད་ཞིབ་བགྱིས་ཏེ་གནད་འདིར་མངོན་པའི་གསང་རྒྱ་མང་པོ་ཞིག་གསེད་དཀྲོལ་བྱས་ཡོད། 
      མདོར་ན་ཁོང་གི་བརྩམས་ཆོས་འདི་དག་ལ་གཞིབ་བསྡུར་དང་དཔྱད་བརྗོད་ཀྱི་རང་བཞིན་གང་ལེགས་མངོན་ཡོད་ཐོག དོན་གང་ཞིག་གླེང་བ་རྣམས་ཟུར་བབས་སུ་མ་སོང་བར་དཔྱད་པ་དཔྱད་ཐོག་ཏུ་ཟུག་ཅིང་། ནང་དོན་གནད་ལ་ཁེལ་བོ་བྱུང་ཡོད་པའི་མི་ཚད། རྩོམ་རྩལ་གྱི་ཆ་ནས་ཀྱང་དུས་ཀྱི་ཆར་རྒྱུག་ཆེ་བའི་འབྲི་ཐབས་སྤྱད་ཡོད་པས་ཀློག་པ་པོ་སུ་འདྲ་ཞིག་ཡིན་རུང་རྩོམ་ཡིག་ཁག་གི་ནང་དོན་རྣམས་བདེ་བླག་ཏུ་རྟོགས་ཐུབ་པའི་ཁྱད་ཆོས་ཐོན་འདུག་པས།
      ཁོང་གི་བརྩམ་ཆོས་འདི་དག་གིས་བོད་དང་བོན་གྱི་ཤེས་རིག་ལོ་རྒྱུས་ལ་དོ་སྣང་ཆེ་བའི་དཔྱོད་པ་བ་རྣམས་ལ་ཕན་ཐོག་ཆེ་ཙམ་ཡོང་རྒྱུ་ཡིན་པ་གདོན་མི་ཟ་བ་བཅས་སྤྱི་ལོ༢༠༡༢ལོའི་ཟླ༥པའི་ཚེས༧ཉིན་གང་གི་རྩོམ་གྲོགས་ཤེས་རབ་གོ་ཆ་ནས་ལྷ་ས་གནའ་བོའི་གྲོང་དུ་མཇུག་གྲུབ་པར་བགྱིས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག