ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> «བོད་ཀྱི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ»ཞེས་པའི་དེབ་གསར་མཚམས་སྦྱོར།
«བོད་ཀྱི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ»ཞེས་པའི་དེབ་གསར་མཚམས་སྦྱོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྔ་བ་སྦྱིན་པ།] [ཟླ་ཚེས། 12-11-29] [ཀློག་གྲངས། ]

   དེབ་འདིའི་རྩོམ་པ་པོ་རྔ་བ་སྦྱིན་པ་ལགས་ནི་རྔ་ལྗོངས་གཡང་ལྡན་ཕྱུག་མོ་ནས་འཚར་ལོངས་བྱུང་ཞིང་།སྤྱི་ལོ༢༠༠༥ནས༢༠༠༨བར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསླབ་པ་དོན་དུ་གཉེར་ཞིང་སྦྱང་བ་མཐར་ཕྱིན་པའི་འབྲས་རྟགས་སུ་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ«བོད་ཀྱི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ»ཞེས་པ་པར་དུ་བསྐྲུན་ཞིང་མཁས་པ་དགྱེས་པའི་སྐྱེས་སུ་བསྟབས་ནས་རབ་འབྱམས་པའི་མཚན་རྟགས་བདག་གིར་བཞེས་པའི་ངེས་དོན་གྱི་ཞིབ་འཇུག་སློབ་མ་ཞིག་ཡིན།ཁོང་གི་བརྩམས་ཆོས་«བོད་ཀྱི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ» ཞེས་པ་དེ་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན།ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ཀྱིས་ “མཛེས་ཆོས་ཀུན་འདུས་རྩོམ་རིག་གི།མཛེས་པའི་ཁྱད་ཆོས་སྦྱིན་པས་བརྩམས།།མཛེས་རྩལ་དཔྱད་པའི་རྩོམ་རིག་འདི།།གངས་ལྗོངས་རིག་གཞུང་རྒྱན་དུ་མཛེས།།དེ་ལྟར་མཛེས་ཆོས་དཔྱད་པའི་གཞུང་།།བོད་ཀྱི་སྐད་དུ་ཐོག་མ་རུ།།དཔྱད་གསུམ་ངག་ཏུ་སྤེལ་བ་ལ།།ལྷག་བསམ་དག་པའི་ཡིད་ཀྱིས་བསྟོད།།”ཅེས་ཚད་མཐོ་བའི་གདེང་འཇོག་གནང་བ་དང་།གཞན་ཡང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་ཏུ་འབོད་པས་ཀྱང་དེབ་དེའི་འགོ་བརྗོད་དུ་ “རིག་པའི་གཞུང་ལུགས་ཀྱི་ཁུངས་ལྡན་པ་དང་།སྒྲུབ་བྱེད་ཀྱི་རིགས་པའི་རྒྱབ་དཔུང་བཙན་པ།གསལ་བྱེད་ཀྱི་དཔེ་དྲངས་པ་དོན་ལ་འབྱོར་བ་སོགས་ནི་དགེ་རྒན་སྦྱིན་པས་བརྩམས་པའི་དཔྱད་རྩོམ་འདིའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་གོ།” ཞེས་དོན་ལ་གནས་པའི་དཔྱད་འཇོག་གནང་བ་ལས་ཀྱང་དཔེ་ཆ་དེའི་རིན་ཐང་དང་རྩོམ་པ་པོའི་ཡོན་ཚད་མཐོང་ཐུབ། སྤྱིར་བོད་ཀྱི་ལོ་རྒྱུས་རིང་བ་བཞིན་ཏུ་བོད་ཀྱི་རྩོམ་རིག་གི་རྒྱུན་རིང་ཞིང་གཏིང་ཟབ་པ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ལགས།ཡིན་ཡང་།བོད་ཀྱི་རྩོམ་རིག་གི་ཞིབ་འཇུག་རྣམ་པ་ནི་ཁེར་ཆད་དང་ཡང་ན་གུ་དོག་གི་རྨོངས་པར་འཐིམ་ནས་དུས་རབས་དང་མཐུན་པའི་རྩོམ་རིག་ཞིབ་འཇུག་མ་ལག་ཅིག་ཤིན་ཏུ་ནས་ཉག་ཕྲ་བར་ལུས།དེའི་ཕྱིར་བོད་ཀྱི་རྩོམ་རིག་གི་རིགས་གཞུང་མ་ལག་སྣ་མང་འཐུས་ཚང་ཅན་དང་།དེ་བཞིན་བོད་ཀྱི་རྩོམ་རིག་མཚོན་ཐབས་དང་ཞིབ་འཇུག་བྱེད་ཐབས་སོགས་ཕྱོགས་ཀུན་ལ་དུས་དང་མཐུན་པའི་དྲི་བསུང་བཟང་བོ་ཞིག་ཐུལ་ཆེད།རྩོམ་པ་པོས་དངོས་གཙོ་རྩོད་སྒྲུབ་རིག་པ་ལྟར་ལོ་རྒྱུས་རིག་པ་དང་།མཛེས་དཔྱོད་རིག་པ།རྩོམ་རིག་དབྱེ་ཞིབ་སོགས་རིགས་གཞུང་དུ་མ་གཅིག་དུ་བསྡུས་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་སྦྲེལ་ཏེ་བོད་ཀྱི་རྩོམ་པ་པོའི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ་ལ་དཔྱད་ཞིབ་བྱས་ཡོད།དེ་ཡང་།ལེའུ་དང་པོ།མཛེས་རིག་སྤྱི་བརྗོད།ལེའུ་གཉིས་པ།དབྱངས་འགྲོས་ཀྱི་མཛེས་པ།ལེའུ་གསུམ་པ།ཚིག་རྒྱན་གྱི་མཛེས་པ།ལེའུ་བཞི་བ།རང་གཤིས་ཀྱི་མཛེས་པ་བཅས་ལེའུ་བཞིའི་བདག་ཉིད་དུ་བྱས་པའི་དཔེ་ཆ་དེར་སྔར་མེད་གསར་གཏོད་ཀྱི་རྣམ་པའི་ཁྱད་ཆོས་འབུར་དུ་ཐོན་པ་གསུམ་མངོན་པ་ནི།
༡གཤེན་རབ་མི་བོ་ཆེ་ནས་ཐོན་མི་སབྷོ་ཊ་ལ་ཐུག་རག་བར་དུ་རྩོམ་རིག་མཛེས་དཔྱོད་ཀྱི་དབྱེ་མཚམས་གཅིག་དང་།ཐོན་མི་སམ་བྷོ་ཊ་ནས་དགེ་འདུན་ཆོས་འཕེལ་སོགས་ཀྱི་སྐོར་ལ་དབྱེ་མཚམས་གཅིག དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་བར་སྐོར་གྱི་གླང་མདུན་དཔལ་འབྱོར་དང་དོན་གྲུབ་རྒྱལ་སོགས་ཀྱི་སྐོར་ནས་ད་ལྟའི་བར་དུ་དབྱེ་མཚམས་གཅིག་བཅས་དབྱེ་མཚམས་ཆེན་པོ་གསུམ་དུ་དཔྱད་ཞིབ་བྱས་པ་ནི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་དང་མཛེས་དཔྱོད་ཀྱི་གནད་དུ་བབས་པའི་ངོས་འཛིན་གསར་བ་ཞིག་ཡིན།
༢མཛེས་དཔྱོད་རིག་པ་གནད་དུ་བཟུང་ནས་ཆེད་ལས་རང་བཞིན་གྱིས་བོད་ཀྱི་རྩོམ་རིག་མཛེས་དཔྱོད་ལ་དཔྱད་ཞིབ་དང་ཕྱོགས་སྡོམ་བྱས་པའི་གྲུབ་འབྲས་ཆེས་གསར་བ་ཞིག་ཡིན།
༣ལོ་ངོ་སུམ་སྟོང་ལྷག་གི་བོད་ཀྱི་རྩོམ་རིག་ལ་ངོས་འཛིན་དང་ཞིབ་འཇུག་ཕྱོགས་སྡོམ་བྱས་པ་ཆེས་ཐོག་མ་ཡིན།
དེ་བས་རྩོམ་རིག་ལ་ཉམས་ཞིབ་བྱེད་མཁན་དང་རྩོམ་རིག་གི་ལས་ལ་འཇུག་པའི་མི་སུ་དང་གང་ཡིན་རུང་ངེས་པར་དཔེ་ཆ་དེ་ཀློག་དགོས་ལ་ཀློག་རིན་ཡོད་པ་ཞིག་ཀྱང་ཡིན་ནོ།།
( དཔེ་ཆ་དེ་ནི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༢ལོའི་ཟླ༤བར་པར་གཞི་བསྒྲིགས་ནས་པར་ཐེངས་དང་པོ་དཔར་བ་ཡིན།ཉོ་མཁན་ཚོས་རྒྱལ་ཡོངས་དཔེ་ཚོང་ཁང་སོ་སོ་ནས་ཉོས་ཆོག གལ་སྲིད་དཔེ་ཚོང་ཁང་ལས་ཉོ་མི་ཐུབ་པའི་གྲོགས་པོ་ཚོས།༡༣༠༨༦༥༣༦༥༦༦དང་༡༣༠༥༦༤༦༣༦༨༧ལ་འབྲེལ་གཏུགས་བྱས་ཀྱང་ཆོག)

འོས་སྦྱོར་བ་ཧྲེ་ཤུལ་བསྟན་པ་འབྲུག་གྲགས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག